བོད་ལུགས་གསོ་རིག་ཤེས་བྱ་ཐོར་བུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


ནད་གསོ་བར་བྱེད་པའི་ཐབས་ལ་རིམ་པ་བཞིན་དུ་སྤྱོད་ལམ་དང་། ཟས། སྨན། དཔྱད་དེ་རྣམ་པ་བཞི་ཡོད་པ་ལས། འདིར་སྤྱོད་ལམ་གྱི་གསོ་ཐབས་ནི། ལུས་ལ་ནད་མ་འབྱུང་བའི་ཐབས་སམ་སྔོན་འགོག་གི་ཆེད་དང་། ཐོག་མར་ཕོག་པའི་ནད་རིགས་ཆུང་ངུའི་རིགས་རྣམས་ལ་སྤྱོད་ལམ་གཟབ་པ་གལ་ཆེ། དེ་ཡང་དུས་རྒྱུན་དུ་ལུས་སྲུང་ཞིང་ནད་དང་རྐྱེན་ངན་འགོག་པའི་སྤྱོད་ལམ་ལ་ཉེན་ཁ་ཆེ་བའི་ཆུ་བོ་དང་ལམ་སོགས་སུ་ཞུགས་པ། གཡང་སར་འགྲོ་བ། ཤིང་གི་རྩེ་དང་། བྲག་གི་ངོགས་སུ་འཛེགས་པ། གཡུལ་འགྱེད་པའི་ས་དང་གཅན་གཟན་གཏུམ་པོ་གནས་པའི་ས་ཕྱོགས་ལ་འགྲོ་བ་སོགས་པའི་སྤྱོད་ལམ་རྣམས་སྤང་དགོས། དུས་སུ་སྤྱོད་པའི་སྤྱོད་ལམ་ནི། དགུན་དུས་བསིལ་བའི་སྐབས་སུ་པགས་པའི་གོས་སོགས་གོས་དྲོ་བའི་རིགས་གྱོན་ཞིང་མེ་དང་ཉི་མའི་འོད་ལ་བསྲོ་དགོས་པ་དང་། རླུང་དང་བསེར་བུ་དག་གིས་མི་ལྡང་བའི་ཁང་པ་དྲོ་པོའི་ནང་དུ་སྡོད་དགོས། སོ་ཀ་དང་སྟོན་ཀ་ལ་སོགས་ཚ་བ་ཆེ་བའི་དུས་དར་རས་ལ་སོགས་པའི་གོས་སྲབ་མོ་གྱོན་ཞིང་ཆུ་བསིལ་བས་ལུས་ཡང་ཡང་འཁྲུད་པ་དང་། ལྗོན་ཤིང་འོག་གི་བསིལ་གྲིབ་ལ་སོགས་ཉི་འོད་མི་ཕོག་པའི་གནས་སུ་ལུས་སེམས་དལ་བར་སྡོད་པ་དང་། སྡོད་གནས་དང་ཉལ་ཁང་རྣམས་སུ་གཙང་སྦྲ་ཡག་པོ་བྱེད་ཅིང་། དྲི་ཞིམ་ཅན་གྱི་རྫས་རིགས་གཏོར་དགོས། དེ་བཞིན་དུ་ནད་རིགས་ཆུང་ངུ་རྣམས་ལ་ཡང་སྤྱོད་ལམ་གྱིས་བཅོས་ཆོག་པ་སྟེ། ཚ་བའི་ནད་རིགས་རྣམས་ལ་བསིལ་སར་བསྡད་ཅིང་ཆུ་གྲང་མོས་ལུས་ཡང་ཡང་བཀྲུ་བ་དང་། གྲང་བའི་ནད་རིགས་རྣམས་ལ་སྤྱོད་ལམ་དྲོ་བར་བརྟེན་ཞིང་ཕྱག་སྐོར་དང་ལུས་རྩལ་ལ་སོགས་མི་འདྲ་བས་རྩོལ་བ་བཅག་སྟེ་ལུས་ཀྱི་དྲོད་གསོ་དགོས། རླུང་ནད་ལྟ་བུའི་བློ་སེམས་མི་བདེ་བའི་ནད་རིགས་ལ་གནས་དྲོ་སར་བསྡད་ཅིང་། ཡིད་དུ་འོང་བའི་གྲོགས་དང་ལྷན་དུ་རང་ཉིད་མོས་པ་བྱེད་པའི་གཏམ་གླེང་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1