མར་ཁེ་སི་རིང་ལུགས་ཀྱིས་ཆོས་ལུགས་ཀྱི་འབྱུང་བ་དང་ངོ་བོའི་ཐད་ཀྱི་འཆད་འགྲེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


        མར་ཁེ་སི་དང་ཨེན་ཀེ་སིས་མིའི་རིགས་ཀྱི་བསམ་བློའི་ལོ་རྒྱུས་འཕེལ་རིམ་ཁྲོད་ཆོས་ལུགས་དེ་ཉིད་ཐོག་མར་ལོ་རྒྱུས་ཀྱི་ཁྱབ་ཁོངས་སུ་གཏོགས་པར་མཛད་དེ། ཆོས་ལུགས་ཚུགས་གནས་ཐུབ་པའི་ཕྱི་རོལ་ཡུལ་གྱི་དངོས་པོའི་ཆ་རྐྱེན་གསལ་སྟོན་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་ནས་ཆོས་ལུགས་ཀྱི་ངོ་བོ་དང་། བྱུང་ཚུལ། འཕེལ་རྒྱས། རང་སོར་འཇིག་པ་བཅས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་རྒྱས་འགྲེལ་གནང་ཡོད་ལ། ཆོས་ལུགས་ཞེས་པ་དེ་ཡང་སྙིང་སྣང་ཚུལ་ཅི་འདྲ་ཞིག་ཡིན་པའི་གནད་དོན་སྐོར་ལ། གནའ་དེང་གི་བསམ་བློ་བ་མཁས་ཅན་ཚོའི་ཁྲོད་དུ་བཞེད་དགོངས་གཅིག་མཐུན་མ་ཡིན་པར་ཤོད་སྲོལ་སྣ་ཚོགས་མཆིས། དེ་ཡང་མཁས་པ་སོ་སོའི་འཇིག་རྟེན་ལྟ་བའམ། བརྟག་ཐབས་སྨྲ་བ། གཞི་འཛིན་ས་གཙོ་བོ་སོགས་མི་འདྲ་བར་བརྟེན། ཆོས་ལུགས་གནད་དོན་སྐོར་ལ་ཤོད་སྲོལ་མང་དུ་བྱུང་ཡང་། མར་ཁེ་སི་རིང་ལུགས་ཁོ་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཐོག་མར་ཆོས་ལུགས་ཀྱི་ངོ་བོ་རྣལ་མ་དེ་གསལ་སྟོན་བྱས་ཡོད་པ་རེད།

གཅིག མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་འབྱུང་བའི་སྐོར།

        མར་ཁེ་སི་རིང་ལུགས་ཀྱིས་ཆོས་ལུགས་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་རྟག་བརྟན་ཞིག་མ་ཡིན་པར་དེ་ནི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དུས་མཚམས་ངེས་ཅན་ཞིག་ལ་སླེབས་རྗེས་བྱུང་བ་དང་། མིའི་རིགས་ལ་བསམ་གཞིག་གི་ནུས་པ་ཆེན་པོ་མེད་ཅིང་། རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་གཉའ་གནོན་མྱོང་དགོས་པ་ལས་བྱུང་བའི་ཐོན་དངོས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

        (གཅིགཆོས་ལུགས་འབྱུང་བའི་སྤྱི་ཚོགས་གྲལ་རིམ་གྱི་བྱུང་རྐྱེན། ཆོས་ལུགས་ནི་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་སྟོབས་ཤུགས་ཀྱི་གཉའ་གནོན་མྱངས་པའི་ཐོན་དངོས་ཤིག་ཡིན་ཞིང་། ལོ་རྒྱུས་དངོས་གཙོ་སྨྲ་བས་ང་ཚོར་གསལ་བཤད་བྱས་དོན། མིའི་ཤེས་པ་རང་ངོས་སམ། སྐྱེས་ཐོབ་ཀྱི་ཤེས་པའམ། ཡང་ན་དེ་བཞིན་གྱི་བསམ་བློ་གང་རུང་ཞིག་ལ་བརྟེན་ནས་ཆོས་ལུགས་ལ་འགྲེལ་བཤད་རྒྱག་མི་རུང་བར། ངེས་པར་དུ་སྤྱི་ཚོགས་དངོས་ཀྱི་འཚོ་བའི་ཆ་རྐྱེན་ནམ་བྱུང་རྐྱེན་གང་ཡིན་པ་འཚོལ་དགོས་ཞེས་བཤད་ཡོད། མར་ཁེ་སིས“དངོས་པོའི་རྨང་གཞི་ཚང་མ་ཕུད་པའི་ཆོས་ལུགས་ཀྱི་ལོ་རྒྱུས་བྱིངས་ནི་མཐའ་དཔྱོད་ཅིག་གཏན་ནས་མ་ཡིན། དོན་དངོས་ལ་དབྱེ་ཞིབ་བྱས་ནས་ཆོས་ལུགས་ཀྱིས་འཛིན་པའི་འཇིག་རྟེན་གྱི་ལྟེ་བ་འཚོལ་བ་དེ། དེའི་ལྡོག་ཟླ་ལས་སྐབས་དེའི་འཚོ་བའི་དོན་དངོས་ཀྱི་འབྲེལ་བའི་ཁྲོད་ནས་གང་དེའི་དག་པའི་ཞིང་ཁམས་འཚོལ་བ་ལས་སྟབས་ཤིན་ཏུ་བདེ་བ་ཡོད། ཐབས་ཤེས་རྗེས་མ་དངོས་གཙོ་སྨྲ་བའི་ཐབས་ཤེས་ཉག་ཅིག་ཡིན་པས། ཚན་རིག་དང་མཐུན་པའི་ཐབས་ཤེས་འབའ་ཞིག་རེད”ཅེས་གསུངས་ཡོད། མར་ཁེ་སི་རིང་ལུགས་ཀྱི་དབྱེ་ཞིབ་ལྟར་ན། ཆོས་ལུགས་ནི་རྟག་བརྟན་གྱི་སྣང་ཚུལ་ཞིག་མ་ཡིན་པ་དང་། ལྷའི་འདུ་ཤེས་ཀྱང་གློ་བུར་དུ་བྱུང་བ་ཞིག་གཏན་ནས་མིན་ཁར། མི་སུ་འདྲ་ཞིག་གིས་ཆེད་མངག་སླུ་ཁྲིད་བྱེད་བསམ་ནས་བཟོས་པ་ཞིག་ཀྱང་མིན། དེ་ཡང་ཐོག་མའི་ཆོས་ལུགས་ནི་སྤྱི་ཚོགས་ཀྱི་དངོས་པོ་དང་འཚོ་བའི་ཆ་རྐྱེན་ངེས་ཅན་ཁྲོད་མི་རྣམས་ལ་རང་བྱུང་ཁམས་ཀྱི་གཉའ་གནོན་ཧ་ཅང་ཆེན་པོ་ཕོགས་ཏེ། རང་བྱུང་གི་སྟོབས་ཤུགས་དང་རང་བྱུང་གི་དངོས་པོར་ལྷ་ཡོད་སྙམ་པ་ལས་བྱུང་བ་རེད། ཨེན་ཀེ་སིས་མཛུབ་སྟོན་གནང་བར། “ཡི་གེ་མ་བྱུང་གོང་དུ། རང་བྱུང་ཁམས་དང་། མིའི་ཤེས་པ། སྤྱང་གྲུང་། རྫུ་འཕྲུལ་སོགས་ཀྱི་ཐད་ལ་འཆར་སྣང་མ་དག་པ་སྣ་ཚོགས་ཡོད་པ་མང་ཆེ་བ་ནི་དཔལ་འབྱོར་གཞན་དབང་ཡིན་པའི་རྐྱེན་གྱིས་རེད། སྐབས་དེར་དཔལ་འབྱོར་འཕེལ་རྒྱས་ཕྲན་བུ་དེར་རང་བྱུང་ཁམས་ཀྱི་འཆར་སྣང་མ་དག་པས་ཁ་གསབ་བྱས་ནས། སྐབས་རེ་ཆ་རྐྱེན་དུ་བརྩི་བ་དང་། ཐ་ན་རྒྱུ་རྐྱེན་ཡང་བྱེད་ཀྱི་ཡོད”ཅེས་གསུངས་ཡོད། གདོད་མའི་སྤྱི་ཚོགས་སུ་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཤིན་ཏུ་དམའ་བར་བརྟེན། མི་རྣམས་བླུན་ཞིང་མཐོང་ཐོས་ཆུང་བ་དང་། རང་བྱུང་ཁམས་འགྱུར་ལྡོག་གི་སྣང་ཚུལ་དང་རྩི་ཤིང་སྲོག་ཆགས་ཀྱི་ཁྱད་པར་མང་བ། དེ་བཞིན་རྨི་ལམ་ལ་སོགས་ཀྱི་འབྱུང་རྐྱེན་ཅི་ཡིན་རྟོགས་དཀའ་ལ། རང་བྱུང་ཁམས་ཀྱི་བགེགས་སྐྱོན་འགོག་ཐབས་མི་ཤེས་པ་བཅས་ཡིན་སྟབས་རང་བྱུང་གི་སྣང་ཚུལ་དབར་གྱི་འབྲེལ་བ་དང་། དེ་དང་མིའི་དབར་གྱི་འབྲེལ་བ་ལ་འགྲེལ་པ་ཡང་དག་པ་ཞིག་རྒྱག་ཐུབ་ཀྱི་མེད་པ་རེད། མི་ཚོས་རྣམ་ཀུན་བསམ་གཞིག་བྱེད་ནུས་ཐེབས་ཆག་ཅིག་སྤྱོད་ཅིང་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ལ་གཞིགས་ནས། རྒྱུད་ལོན་དཀའ་བའི་རང་བྱུང་སྣང་ཚུལ་དེ་དག་གི་འབྱུང་རིམ་དང་། ཆ་རྐྱེན། བྱུང་རྐྱེན་སོགས་ཀྱི་ཐད་ལ་ཚོད་དཔག་དང་སྟོང་བསམ་སྣ་ཚོགས་གཏོང་བ་མ་ཟད། རང་བྱུང་སྣང་ཚུལ་གྱི་བརྒྱུད་རིམ་དང་རྒྱུ་འབྲས་འབྲེལ་བར་ཚོད་དཔག་དང་། སྟོང་བསམ་བཏང་བའི་མཇུག་འབྲས་རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་མི་གཤིས་ཅན་དང་། སྤྱི་ཚོགས་ཅན་དུ་གྱུར་ཁར། མཐའ་མ་རང་བྱུང་ཁམས་ཀྱི་སྣང་ཚུལ་ཐོག་རང་བྱུང་ལས་འདས་པའི་ཆ་ཤས་གསར་སྣོན་བྱས་ཏེ། དེ་ནི་ལྷ་རིགས་མི་འདྲ་བ་འགའ་ཤས་ལ་འོབ་ཚོད་བྱས་ཡོད། ལྷ་རིགས་དང་པོ་ནི་རྟག་ཏུ་གདོད་མའི་མི་ཚོགས་ལ་ཕན་ཐོག་པའི་རང་བྱུང་དངོས་པོའམ་རང་བྱུང་སྣང་ཚུལ་དེ་ཉིད་བྱམས་སྙིང་རྗེ་ལྡན་ཞིང་། མི་ལ་རོགས་པ་བྱེད་མཁན་གྱི་ལྷ་ཞིག་ལ་བརྩི་བ་དང་། ལྷ་རིགས་གཞན་དེ་ནི་རྟག་ཏུ་གདོད་མའི་མི་ཚོགས་ལ་གནོད་པ་སྐྱེལ་བའི་རང་བྱུང་གི་དངོས་པོའམ་རང་བྱུང་གི་སྣང་ཚུལ་ཡིན་པ་དང་། དེ་ཉིད་ཞེ་སྡང་རྨུ་རྒོད་ཆེ་ཞིང་། མི་དང་དགྲ་ཁ་གཏད་ཀྱིས་གནོད་པ་སྐྱེལ་མཁན་གདོན་འདྲེ་ཟེར་བ་ཡིན། དེ་མིན་རིགས་ཤིག་ནི་གདོད་མའི་མི་ཚོས་བལྟས་ཚེ་སྐབས་འགར་བྱམས་སྙིང་རྗེ་ལྡན་ལ། སྐབས་འགར་ཞེ་སྡང་རྨུ་རྒོད་ལྡན་པ། ཡང་སྐབས་འགར་དེ་ཚོར་ཕན་ཐོག་པ་དང་། སྐབས་འགར་དེ་ཚོར་གནོད་སྐྱེལ་བ་ན། མི་ཚོས་རང་བྱུང་གི་སྟོབས་ཤུགས་སམ་རང་བྱུང་གི་སྣང་ཚུལ་དེར་ཆགས་སྡང་འགྱུར་བ་མང་བའི་ལྷ་ཞིག་ལ་བརྩི་གི་ཡོད། ལྷ་རིགས་མི་འདྲ་བ་དེ་དག་གདོད་མའི་མི་ཚོས་རྟོག་བཟོ་བྱེད་ཐུབ་པ་དེ་ནི། སྐབས་དེའི་མི་རྣམས་ཀྱི་དངོས་པོ་ཐོན་སྐྱེད་བྱེད་པའི་ནུས་པ་དང་འཚོ་བའི་གནས་སྟངས་དང་འབྲེལ་བ་ཧ་ཅང་དམ་པོ་ཡོད། དེ་ལྟར་ཁོ་ཚོས་མི་ལ་ཕན་ཐོག་པའི་རང་བྱུང་དངོས་པོ་དང་རང་བྱུང་སྣང་ཚུལ་དེ་ལྷ་བཟང་པོར་བརྩི་བ་ལས་སྐབས་དེའི་སྤྱི་ཚོགས་ནི་དངོས་པོའི་འཚོ་བ་བརྟན་པོ་མེད་པའི་རང་བཞིན་མངོན་པ་དང་། ད་གཟོད་མི་ཚོས་འདི་ལྟར་རང་ལ་ཕན་ཐོག་པའི་རང་བྱུང་དངོས་པོ་དང་རང་བྱུང་སྣང་ཚུལ་དག་ལ་མཐོང་ཆེན་དང་། དྲིན་དུ་བརྩི་བ། ཆེ་བསྟོད་བཅས་བྱེད་ཀྱི་ཡོད་ཅིང་། དེ་བཞིན་ཁོ་ཚོས་མི་ལ་གནོད་པའི་རང་བྱུང་དངོས་པོ་དང་རང་བྱུང་སྣང་ཚུལ་དེ་དག་གདོན་འདྲེར་བརྩི་བ་ལས་སྐབས་དེར་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཞན་པ་དང་། མི་རྣམས་ནི་རང་བྱུང་དངོས་པོ་དང་རང་བྱུང་སྣང་ཚུལ་དེ་དག་གི་མདུན་དུ་ཧ་ཅང་ནུས་མེད་ཉམས་ཆུང་ཡིན་པ་དང་སྐྲག་སྣང་ཆེ་བ་མངོན་གྱི་ཡོད་པ་རེད། མདོར་ན། ལྷ་ཡིན་ནའང་འདྲ། གདོན་འདྲེ་ཡིན་ནའང་འདྲ། གང་ལྟར་ཚང་མ་སྤྱི་ཚོགས་དཔལ་འབྱོར་དང་འཚོ་བའི་ཁྲོད་ཀྱི་བག་འཁུམས་ཀྱི་མངོན་ཚུལ་ཡིན་ལ། མི་རྣམས་རང་བྱུང་སྟོབས་ཤུགས་ཀྱི་མདུན་དུ་ཅི་བྱ་གཏོལ་མེད་དུ་གྱར་བ་དང་། ཤེས་ཡོན་མེད་པ། གཞན་ལ་བརྟེན་པ། སྟེས་དབང་གི་བསམ་བློ་བཅས་དང་ལྡན་པའི་མངོན་ཚུལ་ཞིག་རེད། ང་ཚོས་བོད་ཀྱི་གདོད་མའི་སྤྱི་ཚོགས་ཆོས་ལུགས་ཀྱི་འབྱུང་ཁུངས་འཚོལ་སྐབས་གོང་སྨྲོས་དབྱེ་ཞིབ་ཀྱི་ཁྲོད་ནས་བློ་སྒོ་ཕྱེ་ཐུབ་པ་ནི། ཆབ་མདོའི་མཁར་རོ་གྲོང་གསར་གྱི་རྡོ་ཆས་གསར་པའི་གནའ་ཤུལ་ནས་ཐོན་པའི་དངོས་རྫས་ལས། བོད་ཀྱི་གནའ་བོའི་གདོད་མའི་སྤྱི་ཚོགས་ཀྱི་རུས་རྒྱུད་ཚོ་པས་བེད་སྤྱོད་པའི་ཐོན་སྐྱེད་ལག་ཆ་གཙོ་བོ་ནི་རྡོ་ཆས་དང་རུས་ཆས་སོགས་ཡིན་པ་དང་། ཡར་ཀླུང་གཙང་པོའི་རྒྱུད་ཀྱི་གདོད་མའི་མི་རྣམས་ནི་འདབ་ཆགས་དང་རི་དགས་མང་ཞིང་། ཚང་ཚིང་འབྲས་བུས་ཁེངས་པའི་གཙང་འགྲམ་དུ་རུབ་སྡོད་བྱེད་པ་དང་། ཁོ་ཚོས་ཤིང་ལོ་ལུས་ལ་གྱོན་ལ། མ་རྨོས་ནས་དང་སྲན་རིགས། ཤིང་འབྲས་བཅས་ཀྱིས་བཟའ་བཅའ་བྱེད། མདུང་དང་མདའ། སྟ་རེ། གྲི། འུར་རྡོ། རྨོག ཁྲབ། ཕུག་སོགས་ཀྱི་སྟབས་བདེའི་ཐོན་སྐྱེད་ལག་ཆར་བརྟེན་ནས་ཐོན་སྐྱེད་བྱེད་ཀྱི་ཡོད། ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཧ་ཅང་ཉམས་ཞན་དབང་གིས་གདོད་མའི་བོད་པ་རྣམས་ཀྱིས་རང་བྱུང་སྣང་ཚུལ་རྣམས་ལ་ཚོད་འཛིན་དང་འགྲེལ་པ་བྱ་ཐབས་ཉག་ཕྲ་བ་ཡང་། ཐོན་སྐྱེད་ཀྱི་ལག་ལེན་ཁྲོད་དུ་ཉེ་འཁོར་གྱི་རང་བྱུང་དངོས་པོ་དང་མི་རྣམས་ཀྱི་དཔལ་འབྱོར་འཚོ་བའི་ཁེ་འགྱོང་འབྲེལ་བ་གང་ཡོད་རིམ་བཞིན་ཚོར་སྣང་བྱུང་མོད། ཚོད་འཛིན་བྱེད་མི་ཐུབ་པར་རང་བྱུང་གི་དངོས་པོ་དེ་དག་ལ་རེ་བ་དང་སྐྱབས་བཅོལ་བྱེད་པ་ལས་མ་འདས་སྟབས། དེར་དད་གུས་མ་ཞུ་ཀ་མེད་དུ་འགྱར། དེར་བརྟེན་རིམ་བཞིན་གདོད་མའི“རང་བྱུང་ཆོས་ལུགས”ཀྱི་འདུ་ཤེས་དེ་ཉིད་བྱུང་བ་རེད། དེ་ཡང་དཔྱད་ཡིག་ཏུ་འཁོད་པ་ལྟར་ན། བོན་ཆོས་དུ“ནམ་མཁའ་དང་། ས་གཞི། ཉི་མ། ཟླ་བ། གཟའ་སྐར། གློག གངས། སེར་བ། རི་ཀླུང་། དེའུ་འབུར། གྲོག་རོང་། ས་རྡོ། རྩི་ཤིང་། གཅན་གཟན། ཐ་ན་དངོས་པོ་ཡོད་དོ་ཅོག་པ་ཚང་མའི་རྣམ་ཤེས་དང་པྲ་འདྲེ་ལ་དད་བཀུར་བྱེད་ལ། རླུང་རྟ་འཕེལ་བ་དང་། གནོད་པ་འགོག་པར་བྱེད ”ཅེས་པ་དང་། “ལྷ་འདྲེར་དད་ཅིང་བོན་པོར་བཀུར། རི་དགས་གཙོད་ནི་ལྷ་རུ་བརྩི”ཞེས་འཁོད་ཡོད། དེ་ལྟར་དད་གུས་བྱེད་ཡུལ་ཡོད་ཚད་སྐབས་དེའི་ཐོན་སྐྱེད་ནུས་ཤུགས་ཆེས་ཞན་པ་དག་དང་འབྲེལ་བ་དམ་ཟབ་ཡོད་པ་དཔེར་ན། “གངས་སེར”ལ་དད་བཀུར་བྱེད་པ་སྟེ། བོད་དེ་མཚོ་བོད་ས་མཐོའི་ཐོག་ཆགས་ཤིང་། རི་མཐོ་གཡང་གཟར་མང་ལ། ས་དབྱིབས་རྙོག་འཛིང་ཆེ་བ། གནམ་གཤིས་འགྱུར་བ་མང་བ། གངས་དང་སེར་བའི་གནོད་འཚེ་ཆེ་བ་སོགས་གནས་ཚུལ་དེ་དག་རང་བྱུང་གནམ་གཤིས་ལས་བྱུང་བ་ཡིན་མོད། འོན་ཏེ་གནའ་བོའི་བོད་མི་ཚོས་གཙོད་ཀྱིས་སྤྲིན་གྱི་ཁྲོད་དུ་སྡུག་ཆུ་གཏོར་བས་གངས་དང་སེར་བ་བྱུང་བ་ཡིན་སྙམ་གྱི་ཡོད་པས། རང་བྱུང་གི་གནོད་འཚེ་དེ་གཉིས་མི་ཡོང་བ་དགོས་ན་ངེས་པར་དུ་གཙོད་ལྷ་གསོལ་ཏེ་ཡི་རང་བ་བྱེད་དགོས་པ་རེད། དེ་མིན“བྲག་རྡོ”ལ་དད་གུས་བྱེད་པའང་དེ་དང་འདྲ་སྟེ། བོད་ཀྱི་གནའ་བོའི་མི་རྣམས་ལོ་དང་ཟླ་བ་བསྟུད་དེ་རི་ལ་ཕྱུགས་འཚོ་བ་དང་། ལ་དང་ལུང་ཤུར་དུ་རྨོ་འདེབས་བྱེད་པས་རི་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད། དེ་བཞིན་བྲག་རྡོའི་ཕྱི་ངོས་ཀྱི་བཟོ་དབྱིབས་ཤིན་ཏུ་ཁྱད་མཚར་ཞིང་། མི་རྣམས་ཀྱི་འཚོ་བར་རྒྱུན་དུ་སྤྱོད་པས་དེ་དད་གུས་བྱེད་པའི་ཐོག་མའི་རྒྱུ་རྐྱེན་ཡིན། བྲག་རྡོ་ཆེན་པོ་འགའ་ཞིག་ནི་གནས་མཇལ་བ་ཚོའི་སྡིག་པ་དག་བྱེད་དུ་བརྩི་བ་དང་། ད་དུང་རུ་ཚོ་འགས་གནས་མཆོག་ཅིག་ལ་བརྩི་གི་ཡོད། བོད་བྱང་ཐང་གི་འབྲོག་པ་རྒན་ཁོག་གཅིག་གིས“བྲག་རྡོརལྷམི་རྣམས་ཀྱིས་དད་གུས་བྱེད་པའི་རྒྱུ་མཚན་ནི། དེས་རླུང་འགུག་ཆར་འབེབས་དང་གངས་དང་སེར་བ་འབེབས་ཐུབ་པ་དང་། ང་ཚོའི་བདེ་ཐང་དང་ཕྱུགས་ཟོག་གི་སྐྱེ་འཕེལ་བཅས་ལ་སྲུང་སྐྱོབ་བྱེད་ལ། ད་དུང་ང་ཚོར་ཆགས་སྒོ་དང་གནོད་འཚེ་གཏོང་གི་ཡོད། རི་ལྷ་ནི་ཀུན་ལ་ཡག་ཉེས་དབྱེ་བ་ཕྱེ་ཞིང་བཟང་ངན་གཉིས་ཀ་བྱེད་སྟབས། ང་ཚོས་དེར་དད་གུས་བྱེད་པ་དང་། གསོལ་བ་འདེབས་པ་སོགས་བྱེད་ཀྱི་ཡོད”ཅེས་བརྗོད་བྱུང་།

གཉིསཆོས་ལུགས་ནི་མི་རྣམས་ལ་སྤྱི་ཚོགས་སྟོབས་ཤུགས་ཀྱིས་མནན་པའི་མཇུག་འབྲས་ཤིག་རེད།

        ཆོས་ལུགས་བྱུང་བའི་སྤྱི་ཚོགས་ཀྱི་རྨང་གཞི་ནི་ཐོན་སྐྱེད་ནུས་ཤུགས་ཡིན་ལ། སྤྱི་ཚོགས་ཀྱི་འགལ་ཟླར་འགྱུར་བའི་གྲལ་རིམ་ནི་ཆོས་ལུགས་བྱུང་བའི་རྒྱུ་རྐྱེན་མེད་དུ་མི་རུང་བ་དེ་ཡིན། དེ་ཡང་གདོད་མའི་སྤྱི་ཚོགས་སྐབས་ཀྱི་ཆོས་ལུགས་ནི་མི་རྣམས་ལ་རང་འདོད་ལྟར་བྱུང་བའི་ཆོས་ལུགས་ཀྱི་འདུ་ཤེས་ཤིག་ཡིན་ཀྱང་། གསུང་རབ་ཀྱི་རྣམ་པའམ་ཆོས་ཀྱི་གོ་དོན་དང་། སྡོམ་ཁྲིམས། སྒྲིག་གཞི། ཆོས་ཆས་བཅས་ལྡན་པའི་ཆོས་ལུགས་དེ་ནི་གྲལ་རིམ་བྱུང་བའི་རྗེས་སུ་བྱུང་ཡོད་དེ། གྲལ་རིམ་གྱི་བཤུ་གཞོག་དང་གཉའ་གནོན་བྱུང་རྗེས། རང་བྱུང་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་མི་ཚོར་དབང་སྒྱུར་བྱེད་པའི་གྲལ་རིམ་གྱི་གཉའ་གནོན་བྱུང་ཞིང་། གཉའ་གནོན་དེ་ནི་རྒྱུན་དུ་རང་བྱུང་གི་སྟོབས་ཤུགསརང་བྱུང་གནོད་འཚེལས་ཀྱང་ཆེ་བ་ཡོད་པས། ལོ་རྒྱུས་ཐོག་ངལ་རྩོལ་མི་དམངས་ཚོས་གཉའ་གནོན་དེ་ལས་ཐར་ཆེད་དཔའ་ངར་ཞུམ་མེད་ཀྱི་འཐབ་རྩོད་བྱས་ཤིང་། དྲག་པོའི་གྱེན་ལོག་དང་འོས་ལངས་གྲངས་ལས་འདས་པ་བྱས་ཡོད་མོད། རང་གི་ལས་བསྐལ་ལ་འགྱུར་བ་མཐར་ཕྱིན་པ་ཞིག་གཏན་ནས་གཏོང་ཐུབ་མེད། མི་རྣམས་ཀྱིས་སྤྱི་ཚོགས་ཀྱི་གཉའ་གནོན་དེར་ཤེས་རྟོགས་ཤིན་ཏུ་དཀའ་བའི་ཚོར་སྣང་བྱུང་མཐར། སླར་ཡང་ལྷར་སྐྱབས་བཅོལ་ནས་དོན་དངོས་ཀྱི་དཀའ་སྡུག་སེལ་ཐབས་བྱེད་ཅིང་། ཤི་རྗེས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བ་དང་ཚེ་ཕྱི་མར་བདེ་སྐྱིད་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ལེ་ཉིན་གྱིས“བཤུ་གཞོག་མྱོང་མཁན་གྲལ་རིམ་ལ་བཤུ་གཞོག་གྲལ་རིམ་དང་འཐབ་རྩོད་བྱེད་པའི་སྟོབས་ཤུགས་མེད་པའི་རྐྱེན་གྱིས་ཤི་རྗེས་འཚོ་བ་བདེ་སྐྱིད་ལྡན་པ་ཡོང་རེ་བྱེད་རྒྱུ་ནི། ཀླ་ཀློ་རྣམས་རང་བྱུང་ཁམས་ཆེན་པོ་དང་འཐབ་རྩོད་བྱེད་པའི་སྟོབས་ཤུགས་མེད་པར་དཀོན་མཆོག་དང་། གདོན་འདྲེ། ཁྱད་མཚར་སོགས་ལ་དད་པ་བྱེད་པ་ལྟར་ཡིན”ཞེས་གསུངས་པ་དང་། ད་དུང“ངལ་རྩོལ་མི་དམངས་ཀྱི་གཉའ་ནས་གནོན་པ་དང་། རྣམ་ཀུན་ངལ་རྩོལ་མི་དམངས་ལ་འཇིགས་སུ་རུང་བའི་ཆགས་སྒོ་བཟོ་བ། སྙིང་རྗེ་དང་བྲལ་བའི་མནར་གཅོད་གཏོང་བདེ་ནི་དམག་འཁྲུག་དང་། ས་ཡོམ་སོགས་ཀྱི་དོན་རྐྱེན་སྤྱིར་བཏང་མིན་པ་ཀུན་ལས་ལྡབ་ཁྲི་སྟོང་གིས་འཇིགས་སྣང་ཆེ་བ་ཡོདབཅས་ཀྱི་མ་རྩ་རིང་ལུགས་ཀྱི་རྨོངས་ཞེན་དད་གུས་ལ་མང་ཚོགས་རྣམས་འུ་ཐུག་ཐབས་ཟད་དུ་གྱུར་བ་ནི་མིག་སྔར་ཆོས་ལུགས་ཀྱི་འབྱུང་རྐྱེན་ཆེས་ཆེ་ཤོས་དེ་ཡིན”ཞེས་གསུངས་ཡོད་ཅིང་། ཨེན་ཀེ་སིས་ཀྱང“ལོ་རྒྱུས་ཐོག་དང་པོ་ཕྱི་ངོས་ཀྱི་རང་བྱུང་སྟོབས་ཤུགས་དེ་མི་རྣམས་ཀྱི་སེམས་སུ་འཕྲུལ་སྣང་དུ་འགྱུར་ཞིང་”དེ་ནས་འཕེལ་རྒྱས་ཀྱི་ཁྲོད་དུ་མི་རིགས་མི་འདྲ་བ་རེ་ལ་རྣམ་པ་མི་འདྲ་བ་དང་རྙོག་འཛིང་ཆེ་བའི་མི་གཤིས་ཅན་གྱི་འགྱུར་བ་བྱུང་ལ། དེར་རང་བྱུང་སྟོབས་ཤུགས་ཕུད་སྤྱི་ཚོགས་སྟོབས་ཤུགས་ཀྱིས་ནུས་པ་ཐོན་ཞིང་། སྟོབས་ཤུགས་དེ་ནི་རང་བྱུང་སྟོབས་ཤུགས་བཞིན་དུ་མིའི་རིགས་ཀྱི་ངོས་ནས་བཤད་ན་ཆ་རྒྱུས་མེད་པས། ཐོག་མར་དེར་འགྲེལ་བཤད་རྒྱག་ཐབས་མེད་པ་བཞིན་སྣང་། དེ་ཕྱི་ཚུལ་ནས་བལྟས་ན། རང་བྱུང་གི་ལྡོག་མེད་རང་བཞིན་གྱིས་མི་རྣམས་ལ་བཀོད་པ་གཏོང་བ་ལྟར་སྣང་བ་དང་། དང་ཐོག་རང་བྱུང་ཁམས་ཀྱི་དཔོག་དཀའ་བའི་སྟོབས་ཤུགས་ཀྱི་འཕྲུལ་སྣང་ཙམ་ཡིན་པ་དེར་ད་ཆ་སྤྱི་ཚོགས་ཀྱི་ངོ་བོ་ལྡན་ཞིང་། ལོ་རྒྱུས་སྟོབས་ཤུགས་ཀྱི་མཚོན་བྱ་ཞིག་ཏུ་གྱུར་བ་རེད། དེར་སྤྱི་ཚོགས་སྟོབས་ཤུགས་ཀྱི་སིམ་འཛུལ་བྱུང་ཚུལ་ནི། གྲལ་རིམ་སྤྱི་ཚོགས་ལས་སྒེར་ལ་དབང་པའི་ལམ་ལུགས་དང་རང་ཁོངས་མིན་པའི་ངལ་རྩོལ་བྱུང་བར་བརྟེན། སྤྱི་ཚོགས་ཀྱི་འབྲེལ་བ་ཡོད་ཚད་གསེར་དང་དངུལ་གྱི་འབྲེལ་བ་དངོས་རྗེན་དུ་གྱུར་ཁར། རྒྱུ་ནོར་མིས་བཟོས་ཀྱང་དེས་དཀའ་ཚེགས་བཟོ་ཞིང་། རྒྱལ་ཁབ་དང་སྤྱི་ཚོགས་མིས་བསྒྲུབ་ཀྱང་དེས་མི་རྣམས་ལ་བཀོད་པ་གཏོང་བས། ཁོ་ཚོའི་རང་ཉིད་ཀྱི་འདུ་ཤེས་དང་ཚོར་སྣང་རྦད་དེ་ཉམས་པ་རེད། མར་ཁེ་སིས་གསུངས་དོན"ཆོས་ལུགས་ནི་ད་དུང་བདག་ཉིད་དུ་མ་འགྱུར་བའམ། སླར་ཡང་བདག་མེད་དུ་གྱར་བའི་མི་གང་དེའི་འདུ་ཤེས་དང་ཚོར་སྣང་དེ་ཡིན་ཀྱང་། འོན་ཏེ་དོན་ངོ་མར་མི་ནི་མངོན་གསལ་མེད་པར་འཇིག་རྟེན་འདིའི་ཐོག་གནས་པའི་དངོས་པོ་ཞིག་གཏན་ནས་མིན་ཁར། མི་ནི་མི་ཡི་འཇིག་རྟེན་ཞིག་དང་། རྒྱལ་ཁབ་ཀྱི་སྤྱི་ཚོགས་ཤིག་ཡིན། རང་གི་འདུ་ཤེས་དང་ཚོར་སྣང་མ་བྱུང་བའམ། བྱུང་ནས་སླར་བདག་མེད་དུ་གྱར་བའི་མི་དག་གིས་སེམས་གསོ་ཡི་རྒྱགས་ཕྱེ་གང་དུ་འཚོལ་བར་འགྲོ། བརྩེ་དུང་གི་ཆགས་ས་གང་ནས་འཚོལ་དགོས་སམ། སྣང་བ་མཐའ་ཡས་ཀྱི་དཀོན་མཆོག་ལ་གསོལ་བ་འདེབས་པ་ལས་ཐབས་ཅི་ཡོད། དེ་ལྟར་སེམས་གསོའི་རྒྱགས་ཕྱེས་མི་རྣམས་ཀྱི་དཀའ་ངལ་གཏིང་བརྗེད་དུ་གཏོང་ཞིང་། བཟོད་སྒོམ་གྱིས་ལས་ལ་གང་བསྐོས་མ་གཏོགས་སྣང་བ་གང་ཤར་མི་འདུག་ཅེས་པའི་ངང་ཚུལ་འཛིན་གྱི་ཡོད། དེ་ནི་དབང་སྒྱུར་གྲལ་རིམ་གྱི་རྒྱལ་རབས་རིམ་བྱུང་གིས་རྟག་ཏུ་ནུས་ཤུགས་གང་ཡོད་བཏོན་ནས་ཆོས་ལུགས་དར་སྤེལ་དང་། རྒྱབ་སྐྱོར། བེད་སྤྱོད་བཅས་བྱེད་པའི་གལ་འགངས་ཤིན་ཏུ་ཆེ་བའི་རྒྱུ་རྐྱེན་ཞིག་ལགས། ང་ཚོས་གནས་ཚུལ་འདིར་བསམ་གཞིག་བྱེད་སྐབས། བོད་ཀྱི་དུས་རབས་མི་འདྲ་བའི་ནང་ཆོས་ལུགས་ལ་དབང་སྒྱུར་གྲལ་རིམ་གྱི་རྒྱབ་སྐྱོར་ཐོབ་པ་མ་ཟད། མཐའ་མ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེ་ཡང་བསྒྲུབས་པའི་ལོ་རྒྱུས་དངོས་ལ་གོ་བ་ལེན་བདེར་གྱུར་ཡོད།

        མདོར་ན། གྲལ་རིམ་གྱི་སྤྱི་ཚོགས་ནང་གྲལ་རིམ་གྱི་བཤུ་གཞོག་དང་གཉའ་གནོན་གཏོང་བ་དེ་ཡང་ཆོས་ལུགས་བྱུང་བ་དང་འཕེལ་རྒྱས་འགྲོ་བའི་གལ་ཆེའི་འབྱུང་རྐྱེན་ཞིག་ཡིན་ནོ།

གཉིས། མར་ལེ་རིང་ལུགས་གསུང་རབ་མཁས་ཅན་གྱིས་ཆོས་ལུགས་ཀྱི་ངོ་བོའི་སྐོར་ལ་འགྲེལ་ཚུལ།

        ཨེན་ཀེ་སིའི《ཏུའུ་ལིན་ལ་ངོ་རྒོལ་བྱེད་པའི་རྣམ་བཤད》ཅེས་པའི་ནང་ཆོས་ལུགས་ཀྱི་ངོ་བོའི་སྐོར་ལ་ཚད་མའི་ཚིག་དུམ་འདི་འདྲ་ཞིག་ཡོད་དེ། ཆོས་ལུགས་ཡོད་དོ་ཅོག་ནི་མི་རྣམས་ཀྱི་རྒྱུན་ལྡན་འཚོ་བར་བཀོད་པ་གཏོང་ནུས་པའི་ཕྱི་རོལ་ཡུལ་གྱི་སྟོབས་ཤུགས་ཀྱིས་མི་ཚོའི་སེམས་སུ་འཆར་བའི་འཕྲུལ་སྣང་ཞིག་མངོན་ཞིང་། མངོན་ཚུལ་འདིའི་ཁྲོད་དུ་མི་ཡུལ་གྱི་སྟོབས་ཤུགས་ལ་མི་ཡུལ་གྱི་སྟོབས་ཤུགས་ལས་འདས་པའི་རྣམ་པ་སྤྱད་ཡོད་ཅེས་གསུངས་ཡོད། དེས་ང་ཚོར་ཆོས་ལུགས་ནི་སྤྱི་ཚོགས་འདུ་ཤེས་ཀྱི་རྣམ་པ་ཞིག་ཡིན་ཞིང་། སྤྱི་ཚོགས་གནས་པའི་མངོན་ཚུལ་ཞིག་ཡིན་ཀྱང་། མངོན་སུམ་གྱི་འཇིག་རྟེན་དེ་ཉིད་མི་རྣམས་ཀྱི་རང་སྣང་འདུ་ཤེས་ཀྱི་ཁྲོད་དུ་འཕྲུལ་སྣང་དང་། འཁྱོག་བཤད་གོ་ལྡོག་གིས་མངོན་པ་ཞིག་ཡིན་པར་བསྟན་ཡོད། མར་ཁེ་སི་དང་ལེ་ཉིན་སོགས་གསུང་རབ་མཁས་ཅན་རྣམས་ཀྱིས་ཆོས་ལུགས་ཀྱིས་སྤྱི་ཚོགས་ལ་ཐོན་པའི་ནུས་པའི་ཐོག་ནས་གྲལ་རིམ་གང་དེས་སྤྱི་ཚོགས་ཁྲོད་དུ་བཟུང་བའི་ཆོས་ལུགས་ཀྱི་རང་བཞིན་གསལ་པོར་བསྟན་ཡོད། མར་ཁེ་སིས《“ཧེ་གར་གྱིས་ཁྲིམས་ཀྱི་མཚན་ཉིད་ལ་སུན་འབྱིན་པ”ཞེས་པའི་འགོ་བརྗོད》ནང“ཆོས་ལུགས་སུ་བསྟན་པའི་སྡུག་བསྔལ་གྱིས་དོན་དངོས་འཚོ་བའི་སྡུག་བསྔལ་མཚོན་ལ། དོན་དངོས་འཚོ་བའི་སྡུག་བསྔལ་ལ་རྒོལ་གཏམ་གཏོང་བ་ཞིག་ཡིན་པས། ཆོས་ལུགས་ནི་གཉའ་གནོན་མྱོང་མཁན་མི་དམངས་ཀྱི་སྨྲེ་སྔགས་ཤིག་དང་། ཡ་ང་བའི་འཇིག་རྟེན་གྱི་མཛའ་སེམས་ཤིག སེམས་ཤུགས་གང་ཡང་མེད་པའི་ལམ་ལུགས་ཀྱི་སེམས་ཤུགས་ཤིག་ཡིན། དེར་བརྟེན་ཆོས་ལུགས་ནི་མི་དམངས་ཀྱི་ཉལ་ཐག་རང་རེད”ཅེས་གསུངས་པ་དང་། ལེ་ཉིན་གྱིས་ཀྱང“ཆོས་ལུགས་ཀྱིས་ཚེ་གང་ལས་དོན་དང་ཚེ་གང་དབུལ་ཞིང་ཕོངས་པའི་མི་ཚོར་ད་ཡོད་འཚོ་བ་གང་ཡིན་སྐྱལ་ཞིང་སྡུག་རུས་སྐྱེད་དུ་བཅུག་མཐར། དག་པའི་ཞིང་ཁམས་སུ་རྣམ་སྨིན་ཐོབ་རྒྱུའི་སེམས་གསོ་གཏོང་བ་དང་། གཞན་གྱི་ངལ་རྩོལ་ལ་བརྟེན་ནས་འཚོ་བའི་མི་ཚོས་དོན་དངོས་འཚོ་བའི་ནང་དགེ་བ་གཏོང་རྒྱུའི་ཆོས་ལུགས་སློབ་གསོ་རྒྱག་པ་མ་ཟད། ད་དུང་ཁོ་ཚོའི་བཤུ་གཞོག་གི་འཚོ་བར་རང་གར་གུ་ཡངས་གཏོང་བ་དང་། དག་པའི་ཞིང་ཁམས་ལ་བདེ་སྐྱིད་ལོངས་སུ་སྤྱོད་རྒྱུའི་ལྡེ་མིག་དེ་ངལ་རྩོལ་པར་ལེགས་སྐྱེས་ལྟར་འབུལ་གྱི་ཡོད་པས། ཆོས་ལུགས་ནི་མི་དམངས་བྲིད་བྱེད་ཀྱི་ཉལ་ཐ་ཞིག་རེད”ཅེས་གསུངས་ཡོད། རྒྱས་བཤད་དེ་དག་གིས་ང་ཚོར་ཕྱོགས་གང་ཅིའི་ཐད་ནས་ཆོས་ལུགས་ཀྱི་ངོ་བོ་ཞིབ་ཚགས་གླེང་བ་དང་། ཆོས་ལུགས་ཀྱི་མངོན་ཚུལ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་ཡོད།

དུས་དེབ་རྗེས་མར་མུ་མཐུད་འགོད་རྒྱུ


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1