སེམས་ལ་མེ་ཏོག་གསར་བ་བཞད་པ།

འདྲེ་སྲས། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


ད་ལོ་ང་ཡི་སེམས་ལ་མེ་ཏོག་རྐང་གཅིག་བཞད།།

ང་ཡི་སེམས་པ་བགད་བྱུང་ལང་ཚོ་དག་ཀྱང་བགད།།

བགད་པའི་ཉིན་མ་འདིའི་ནང་ཁྱེད་རང་དྲན་པ་སྟེ།།

ང་ཡིས་ཁྱོད་རང་འདྲ་བའི་གྱང་ངོར་རི་མོ་བྲིས།།

ཧ་ལམ་གྱང་གི་ངོས་གཅིག་ཁྱོད་ཀྱི་རི་མོས་གང་།།

དེ་ཙམ་རི་མོ་གཅིག་གིས་སྙིང་ཀ་མ་ཚིམ་པ།།

ང་ཡིས་ཁྱོད་ལ་དུངས་བའི་དུངས་བརྗོད་སྙན་ངག་བྲི།།

དང་པོ་འབྲི་བའི་ཚེ་ན་གང་ནས་བྲི་དགོས་ཤིང་།།

འུ་གཉིས་ཐུག་དུས་ཡིན་ནམ་ཁྱོད་ལ་དགའ་དུས་ཡིན།།

ཡང་ན་སྐྱེད་ཚལ་ནང་དུ་འུ་གཉིས་འཁོར་དུས་ཡིན།།

ཁྱོད་རང་སེམས་ཀྱི་ལྷ་ཡིན་དེ་ལ་ཆགས་པ་སྐྱེས།།

ཁྱོད་རང་བདུད་རྩི་བཞིན་དུ་ལུས་ཀྱི་ངོས་སུ་སིམ།།

ཁྱོད་རང་འཇའ་ཚོན་ལྟ་བུ་སེམས་ཀྱི་གཏིང་ན་ཤར།།

ང་རང་ཉི་མའི་ཚུལ་དུ་ཁྱོད་ལ་འོད་ཟེར་འཕྲོ།།

ང་རང་ཟླ་བར་སྤྲུལ་ནས་ཁྱོད་ལ་དགྱེས་ཞལ་སྟོན།།

ང་རང་སྐར་མ་བཞིན་དུ་ཁྱོད་ཀྱི་ཕྱོགས་སུ་བཀྲ།།

ང་རང་སྤྲིན་པ་འདྲ་བ་ཁྱོད་ཀྱི་མཁའ་རུ་ལྡིང་།།

ང་རང་ཆར་པ་ཞིག་ཡིན་ཁྱོད་ཀྱི་ཡུལ་དུ་བབ།།

ང་ཡི་སེམས་པ་འདི་ཡང་ཁྱོད་ཀྱི་གྲིབ་མ་ཡིན།།

སྐྱེ་བའི་སྐྱེ་བ་ཀུན་ཏུ་ཁྱོད་ཀྱི་རྗེས་སུ་རྒྱུག།


རྩོམ་ཡིག་སྔོན་མ།
སེམས་གཅོང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1