ཕ་ཡུལ་གྱི་རྟ་ཁྱུ་དྲན་པ།

ཆང་བུམ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26




དེ་རིང་། རྒོད་རྒན་ཐང་ལ་རྒྱང་ལྟ་བྱེད་དུས།

ང་རང་ཉིད་ནི་རྟ་ཁྱུ་ཞིག་གི་བདག་པོ་ཡིན་པ་ཤེས།

རྟ་ཁྱུ་རྒྱང་ལ་གཤར་རྗེས་ཀྱི་དུས་ཚིགས་འདིར།

རྟ་མཆོག་གི་བང་རྩལ་དྲན་ནས་སྒ་སྲབ་ལ་བདག་པོ་བྱེད་མཁན་དེ་སུ་ཡིན།

རྟ་མཆོག་གི་སྒལ་གཞུང་དྲན་ནས་རྩ་ཐང་ལ་སྲུང་སྐྱོབ་བྱེད་མཁན་དེ་ཡང་སུ་ཡིན།

 

སྲང་ལམ་གྱི་བཞི་མདོ་དེ་ནས་རྟ་མཆོག་གི་རྨིག་རྗེས་མཐོང་ཐུབ་ནའང་།

འབགས་བཙོག་གིས་བསླད་པའི་མཁའ་དབུགས་དེའི་ཁྲོད་ནས།

རྟ་མཆོག་གི་འཚེར་སྐད་ཐོས་ཐུབ་ནའང་།

ངས་ད་དུང་། མིག་ཟུང་རིག་རིག་གིས་ཅི་ཞིག་མཐོང་གིན་མི་འདུག

ངས་ད་དུང་། རྣ་བ་ཀྲོང་ཀྲོང་གིས་ཅི་ཞིག་ཐོས་ཐབས་མི་འདུག

 

རླངས་སྣུམ་གྱི་དྲི་མ་འཐུལ་བའི་གཞུང་ལམ་རིང་མོ་ཞིག་བརྒྱུད་དུས།

ཕ་ཡུལ་གྱི་རྩྭ་ཐང་དང་།   ཕ་ཡུལ་གྱི་རྟ་ཁྱུ་ནི།

དེ་རིང་གི་ཕྱི་མིག་ཀློང་ན་ཉམ་ཆུང་འཁོས་ཞན་དུ་གྱུར་ནས་འདུག

 

རྟ་ཁྱུ་གཤར་ཤུལ་གྱི་རྒོད་རྒན་ཐང་ནས།

དེ་རིང་། ངས་རྟ་མཆོག་གིས་བང་རྩལ་འགྲན་པ་མཐོང་མ་སོང་།

དེ་རིང་། ངས་རྟ་མཆོག་གི་རྨིག་སྒྲས་ས་གཞི་སྒུལ་བ་ཐོས་མ་སོང་།

ངས་དེ་རིང་མཐོང་བྱུང་བ་ནི་རྟ་མཆོག་གི་རྨིག་རྗེས་ན་འཁྱིལ་བའི་ཆུ་མིག་འཁྱག་པ་དེ་ཡིན།

ངས་དེ་རིང་ཐོས་བྱུང་བ་ནི་རྟ་ཁྱུ་གཤར་རྗེས་ན་བདག་མེད་ཀྱི་སྒ་སྲབ་སིལ་བུར་འཐོར་བའི་སྒྲ་དེ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1