ཤེས་རབ་ཀྱི་འོད་སྣང་མུན་པའི་རྒྱབ་ངོས་ལས་འཆར་སྲིད་།

ཡ་མ་རྒྱལ་མཚན། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


ཤེས་རབ་ཀྱི་སྣེ་མོར་ལག་པས་བཟུང་སྟེ་དུས་ཚོད་ཀྱི་སྔོན་དུ་མྱུར་བསྐྱོད་ཐུབ་ཚེ།

དུས་ཚོད་ཀྱི་ཁྲོད་ནས་དུས་ཚོད་ཀྱི་ཤུལ་རྙེད་དེ་སྔར་གྱི།

དུས་ཚོད་ལ་རྫུན་འབག་གིས་གླན་འདུག་པ་ཤེས་ནུས།

སྐབས་དེར།

ཁྱོད་ཀྱིས་འགྲོ་ལམ་ནི་འོད་སྣང་དང་རྗེས་ཤུལ་ནི་མུན་ནག་ཅིག་ཡིན་པ་ཝ་ལེར་རྟོགས་ཡོང་བས།

རེ་འགྱོད་འདྲེས་མའི་ཚོར་སྣང་ཕྲ་མོ་ཞིག་ཀྱང་དུས་གཅིག་ལ་ཅིག་ཅར་དུ་འཆར་སྲིད།

 

ཤེས་རབ་ཀྱི་འོད་སྣང་རྣམ་དཔྱོད་ཀྱིས་བཟུང་སྟེ་སླར་ཡིད་དབང་ལ་ནན་གྱིས་རྟོག་ཐུབ་ཚེ།

ཡིད་ཀྱི་ཕུགས་ནས་ཡིད་དབང་དངོས་རྙེད་དེ་སྔར་གྱི།

ཡིད་ངོས་སུ་མུན་ནག་གིས་བསྒྲིབས་འདུག་པ་ཤེས་ནུས།

སྐབས་དེར།

ཁྱོད་ཀྱིས་རེ་བ་ནི་རྒྱ་མཚོ་དང་ཕྱིར་རྟོག་ནི་འཇའ་ཚོན་ཞིག་ཡིན་པ་ཝ་ལེར་རྟོགས་ཡོང་བས།

རེ་འགྱོད་འདྲེས་མའི་ཚོར་སྣང་ཕྲ་མོ་ཞིག་ཀྱང་དུས།

གཅིག་ལ་ཅིག་ཅར་དུ་འཆར་སྲིད།

 

སྙིང་རྗེའི་ཕྲག་འོག་ཏུ་བརྩོན་འགྲུས་ཀྱི་གཤོག་ཟུང་ཐོགས་ཏེ་སེམས་ཀྱི་མཁའ་དབྱིངས་སུ་འཕུར་ལྡིང་ཐུབ་ཚེ།

སེམས་ཀྱི་གཏིང་རུམ་ནས་སེམས་ཀྱི་ངོ་བོ་རྙེད་དེ་སྔར་ཀྱི་སེམས་སུ་དུག་གསུམ་གྱིས་སྦགས་འདུག་པ་ཤེས་ནུས།

སྐབས་དེར།

ཁྱོད་ཀྱིས་སྙིང་རྗེ་ནི་བྱང་སེམས་དང་ཆགས་སྡང་ནི་གདོན་འདྲེ་ཡིན་པ་ཝ་ལེར་རྟོགས་ཡོང་བས།

རེ་འགྱོད་འདྲེས་མའི་ཚོར་སྣང་ཕྲ་མོ་ཞིག་ཀྱང་དུས།

གཅིག་ལ་ཅིག་ཅར་དུ་འཆར་སྲིད།

 

སྙིང་རྗེའི་སེམས་ངོགས་སུ་ཤེས་རབ་ཀྱི་འོད་ཟེར་འཕྲོས་ཏེ་སེམས་ཀྱིས་སེམས་ལ་རྟོག་དཔྱོད་ཐུབ་ཚེ།

སེམས་ཀྱི་གསེང་ལས་སེམས་ཀྱི་འོད་སྣང་རྙེད་དེ་སྔར་གྱི་ཉི་འོད་ལ་དྲི་ནག་གིས་བསྒྲིབས་འདུག་པ་ཤེས་ནུས།

སྐབས་དེར།

ཁྱོད་ཀྱིས་བདེ་སྐྱིད་ནི་དག་ཞིང་དང་སྡུག་བསྔལ་ནི་དམྱལ་ཁམས་ཡིན་པ་ཝ་ལེར་རྟོགས་ཡོང་བས།

དགའ་སྐྱོ་འདྲེས་མའི་ཚོར་སྣང་ཕྲ་མོ་ཞིག་ཀྱང་དུས།

གཅིག་ལ་ཅིག་ཅར་དུ་འཆར་སྲིད།

རེ་བ་ནས་རེ་བ་བརྒྱུད་དེ་རེ་བའི་འཕྲང་ལམ་དུ་འབྱོར་ཚེ།

ཡོད་པའི་གྲིབ་གཟུགས་ནི་རྙེད་སོན་དཀའ་བའི་མེད་པ།

ཞིག་ཏུ་འགྱུར་འགྲོ་ལ།

མེད་པའི་འཆར་སྣང་ནི་འཕྲལ་དུ་རྙེད་ཡོང་བའི་ཡོད་པ་ཞིག་ཏུའང་གྱུར་འགྲོ།

འཇིག་རྟེན་ཡ་འཇིག་རྟེན།

རྡུལ་ཕྲན་གྱིས་རྡུལ་ཕྲན་གྲུབ་པའི་རྡུལ་གྱི་ཕུང་བོ་སྟེ།

ཡིད་ཀྱི་དབང་པོ་ལ་ཤེས་རབ་ཀྱི་མིག་ཟུང་རྣོན་པོ་མེད་དུས།

ཁྱོད་ཀྱི་རང་བཞིན་རྟོགས་པ་ད་རུང་རྒྱང་ལ་ཞོག


རྩོམ་ཡིག་སྔོན་མ།
ཕ་ཡུལ་གྱི་རྟ་ཁྱུ་དྲན་པ།
རྩོམ་ཡིག་རྗེས་མ།
གྲུ་ཆུང་གི་འགྲུལ་བཞུད་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1