རྩིག་པ།

གངས་དབང་། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26



གཡག་རྒོད་ཐུར་དུ་རྒྱུག་པ་འདྲ་བོའི་རྫ་རི་དང་། རྟ་རྒོད་གྱེན་དུ་ལངས་པ་ལྟ་བུའི་སྤང་རིའི་བར་ལ་གྲོང་སྡེ་ཞིག་ཆགས་འདུག

གྲོང་སྡེའི་སྟོད་དུ་རྡོ་ཕ་བོང་ཞིག་གི་འགྲམ་ལ་ཐང་ཤིང་ཞིག་གནམ་གྱི་ཀ་བ་ལྟར་མཁའ་ལ་ཟུག་ཅིང་། ས་གཞིའི་གདུགས་ནང་བཞིན་བར་སྣང་དུ་རྒྱས།

གྲོང་སྡེའི་སྨད་ཀྱི་གཙང་ཆུའི་འགྲམ་དུ་ལྕང་སྡོང་ཞིག་གྱེན་དུ་བསླངས་པའི་སྐས་ལྟར་སྤང་རིར་བརྟེན་ཞིང་ཆུ་བོའི་ཟམ་པ་ལྟར་ཡལ་ག་ཕྱོགས་བཞིར་བརྐྱངས།

ཐང་ཤིང་གི་ལོ་མ་རྣམས་དུས་ཀྱི་འགྲོས་ནང་སྔོ་སྔོ་ནས་སེར་སེར་ལྟར་འགྱུར་ལྡོག་མི་ཆེ་ཡང་། གོ་མེད་ཚོར་མེད་ཀྱིས་ལོ་མ་གསར་རྙིང་བརྗེ་རེས་བྱས་པས་ལོ་མ་རྙིང་པ་རྣམས་སྟོད་ནས་ལྡང་བའི་རླུང་བུས་སྨད་ཕྱོགས་སུ་ཁྱེར།

ལྕང་སྡོང་ནི་དཔྱིད་ཀར་སྔོ་སེང་སེང་དང་། དབྱར་ཁར་སྔོ་ལྗང་ལྗང་། སྟོན་ཀར་སེར་ཆག་ཆག དགུན་ཁར་སྐྱ་ཐལ་ཐལ་བཅས་དུས་ཀྱི་འགྲོས་ནང་འགྱུར་ལྡོག་ཆེ་ཡང་། སེར་ཐིག་ཕོག་པའི་ལོ་མ་རྣམས་སྨད་ནས་ལྡང་བའི་རླུང་བུས་སྟོད་ཕྱོགས་སུ་ཁྱེར།

སྟོད་ཕྱོགས་ནས་ལྡང་བའི་རླུང་གིས་ཐང་ཤིང་གི་ཡལ་ག་སྨད་ཕྱོགས་སུ་བཀུག་ཅིང་། སྨད་ཕྱོགས་ནས་ལྡང་བའི་རླུང་གིས་ལྕང་སྡོང་གི་ཡལ་ག་སྟོད་ཕྱོགས་སུ་བཀུག་པས་ཐང་ཤིང་གི་རྩ་བར་ལྕང་ལོ་ཕུང་པོར་སྤུངས། ལྕང་སྡོང་གི་རྩ་བར་ཐང་ལོ་ལྷུན་པོར་ཆགས།

དེ་ལྟར་དགུན་དུས་སུ་ལྕང་སྡོང་གིས་སྨད་ཕྱོགས་ནས་ཐང་ཤིང་གི་སྔོ་མདོག་སེམས་ཀྱི་གསོས་སུ་བཟུང་། སྟོན་ཀར་ཐང་ཤིང་གིས་སྟོད་ཕྱོགས་ནས་ལྕང་སྡོང་གི་སེར་མདངས་ལ་སེམས་ལ་བཅངས་ཏེ་ཡུན་རིང་འགོར། དེའི་རིང་ལ་སྟོད་སྨད་ཀྱི་བྱ་དང་བྱིའུ་རྣམས་ཕན་ཚུན་ཕར་འཕུར་ཚུར་འཕུར་དང་།ཡར་ལྡིང་མར་ལྡིང་བྱེད་ཆོག་པས་སྟོད་སྨད་བར་ལ་བྱ་ལམ་དང་བྱིའུ་ལམ་རེ་ཆགས།

རྗེས་སུ། ལྕང་སྡོང་དང་ཐང་ཤིང་གཉིས་ཀའི་གཞུང་རྟའི་པགས་པ་རྟ་དྲེལ་དང་ར་ལུག་གིས་མི་འདྲད་པའི་ཆེད་དུ་མི་རྣམས་ཀྱིས་ཐང་ཤིང་གི་རྩ་བར་སེར་རྩི་དང་ལྕང་སྡོང་གི་རྩ་བར་དམར་རྩི་བསྐོས་ཤིང་།སྟོད་སྨད་ཀྱི་བར་ཐག་ནི་རླུང་རྟ་དཀར་སེར་དམར་ལྗང་གིས་སྦྲེལ་བས་དེ་གཉིས་ཀྱི་བར་ལའང་རིམ་བཞིན་དུ་འགྲོ་ལམ་ཞིག་ཆགས་པར་མ་ཟད། མི་རྣམས་མཚན་མོར་འགྲོ་འོང་བྱེད་ནའང་། དམར་སེར་གྱི་འོད་མདངས་ལྷན་དུ་བསྲེས་པའི་དཀྱིལ་འཁོར་དུ་དོགས་པ་དང་འཇིགས་སྐྲག་ཅི་ཡང་མི་དགོས།

མཁའ་མཐའ་ནས་གློག་དམར་འཁྱུག་འཁྱུག་ཏུ་འཚུབ། སྤྲིན་ནག་ནས་འབྲུག་སྒྲ་ལྡིར་ལྡིར་དུ་གྲག བར་སྣང་ནས་ཆར་བ་ཤག་ཤག་ཏུ་བབ་པའི་དབྱར་དུས་ཀྱི་དགོང་མོ་ཞིག་ལ། སྟོད་སྨད་ཀྱི་འགྲོ་ལམ་དུ་ངུ་སྐད་སྙིང་ལ་ཟུག་པ་དང་ །འབོད་སྒྲ་རྣ་ལ་གཟན་པ། གོམ་སྒྲ་ས་གཞི་འདར་བ་ཞིག་མི་མང་པོས་ཐོས་ལ། སྟོད་སྨད་བར་གྱི་རླུང་རྟ་ནི་དཀྱིལ་ནས་ཆད་པས་ཕྱོགས་སོ་སོར་དུམ་བུ་རེ་བཏགས་ཏེ་སྐབས་རེར་ས་ལ་འབྱར། མཚམས་རེར་མཁའ་ལ་འཕྱོ་བ་མི་ཉུང་ངུ་ཞིག་གིས་མཐོང་།

ཞོགས་པར་སྐྱ་མདའ་བཏང་མ་ཐག མི་རྣམས་ཀྱིས་སྐར་ཁུང་ནས་སྐེ་བསྲིངས། བྱིའུ་རྣམས་ཀྱིས་ལོ་མའི་གསེང་ནས་བལྟས་དུས། སྟོད་སྨད་ཀྱི་བར་དུ་དཔང་ཚད་མཐོ་ལ་ཞེང་རྒྱ་ཆེ་བའི་རྩིག་པ་ཞིག་བརྩིགས་འདུག་པས་རྐང་རྩེ་ལིངས་སེ་བཙུགས་ནས་ཡར་བལྟས་ཀྱང་ཐང་ཤིང་མཐོང་མ་ཐུབ། སྐེ་མགུལ་ཀྲོང་ཀྲོང་བྱས་ནས་མར་བལྟས་ཀྱང་ལྕང་སྡོང་རིག་ཐབས་བྲལ།

མི་རྣམས་ལ་བྲེད་ཤ་ལངས་ནས་འུར་འུར་ཟིང་ཟིང་གིས་སྒོ་ཁར་བུད་ཀྱང་རྡོ་ཆེན་པོས་འགྲོ་ལམ་བཅད་པས་གར་འགྲོ་འདི་འགྲོ་མེད་པར་ལུས།

བྱིའུ་རྣམས་ཡལ་ག་ལས་འཕུར་ཡང་རྩིག་པ་མཐོན་པོས་འཕུར་ལམ་བཀག་པས་ཕྱིར་ཚང་དུ་མི་ལོག་ཀ་མེད་དུ་གྱུར། རླུང་བུ་ནི་སྟོད་སྨད་ནས་སྔར་ལྟར་ལྡང་ཡང་རྩིག་པའི་ངོས་གཉིས་སུ་འཕོས་རྗེས་རླུང་འཁོར་ཞིག་འཁྱིལ་ཏེ་ཐལ་རྡུལ་རྣམས་བར་སྣང་དུ་ཀ་བའི་ཟོལ་དུ་དཀྲིགས། ཤིང་སྡོང་གཉིས་ཀྱི་གཞུང་རྟ་སོ་སོ་ལས་དམར་མདངས་དང་སེར་མདངས་འཕྲོས་ཀྱང་རྩིག་ངོས་སུ་ཕོག་མ་ཐག་ལྡོག་ཏུ་འཕྲོས་ཏེ་འོད་ཀོར་ཞིག་གིས་མི་རྣམས་ཀྱི་མཐོང་ལམ་བསྒྲིབས།

དེ་ལྟར་ན།དགུན་ཁར་སྐྱ་ཐལ་ཐལ་གྱི་འཁོར་མོ་ཡུག་ཏུ་ཐང་ཤིང་གི་ལྗང་མདོག་ནི་ལྕང་སྡོང་གི་རྨི་ལམ་དུ་འཁོར་ཞིང་། སྟོན་ཀར་ལྕང་སྡོང་གི་སེར་ལྡན་གྱི་ལོ་མའི་གར་སྟབས་ནི་ཐང་ཤིང་གི་དྲན་གདུང་དུ་གྱུར།

ཤིང་སྡོང་གཉིས་ཀྱི་བར་ལ་གློག་བུར་དུ་རྩིག་པ་ཆགས་ཚུལ་རྣ་བས་ཐོས་ཤིང་མིག་གིས་མཐོང་བའི་མི་ཞིག་གིས་ཉིན་མོར་ཉི་འོད་དང་མཚན་མོར་རླུང་ལ་བརྟེན་ནས་རྩིག་པ་དེར་སྒོ་ཞིག་ཕུག་ཀྱང་། མི་ཆེན་ཞིག་གིས་སྒོ་གླེགས་ཤིག་ལས་ཏེ་ཕྱི་ནང་གཉིས་ལ་སྒོ་ལྕགས་བརྒྱབ་རྗེས་ལག་པ་རེ་ན་ལྡེ་མིག་རེ་བཟུང་སྟེ་རྩིག་པ་བཞོན་ནས་འདུག  །


རྩོམ་ཡིག་སྔོན་མ།
གྲུ་ཆུང་གི་འགྲུལ་བཞུད་།
རྩོམ་ཡིག་རྗེས་མ།
འཚོ་བ་ལས་བརྒལ་བ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1