འཚོ་བ་ལས་བརྒལ་བ།

ལྷ་རིང་། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


ཅི་ཡང་མེད་པ་ནས་གང་ཡང་མཆིས་པའི་ཕུང་བོ་ལྔའི་གདགས་གཞིར་གྱུར་བའི་གང་ཟག་ཏུ་སྐྱེས་པ་ནས། ལོ་ཟླའི་འཁོར་འགྲོས་དང་མཉམ་དུ་སྐྱེ་རྒ་ན་འཆིའི་རིམ་པ།དགའ་སྐྱོ་ཆགས་སྡང་གི་ཆོས་ཉིད་སོགས་དང་བསྡོངས་ཏེ་འབྱུང་བཞིས་སྐྱེད་པའི་ལུས་ཕུང་བེམ་པོར་ལོག་རག་དབར་འཁོར་བའི་བྲན་དུ་འགྱུར་ངེས་སྟབས།རྩོམ་མཁན་གྲགས་ཅན་གང་དེའི་སྙུག་འོག་གི་བདེ་སྐྱིད་དང་རང་དབང་ཞེས་པའི་ཐ་སྙད་དག་གི་གཡོ་འོག་ཏུ་མི་ཚུད་པའི་བློ་རིག་གཡེར་པོ་མངའ་དགོས།དེ་ནི་འཚོ་བའི་གྲུ་གར་འཇུག་པའི་གདོད་མའི་བསམ་བློའི་སྟ་གོན་ཙམ་ཡིན།གལ་སྲིད་གྲ་སྒྲིག་གང་ཡང་མེད་པར་རྒྱ་མཚོར་ལྟུང་བའི་ཁ་བའི་འདབ་མ་ལྟར་ཟང་ཟིང་འདུ་འཛི་སྐྱེན་པའི་མི་ཚོགས་ཀྱི་སྲང་མདོར་སླེབས་ན།ཁྱེད་ལ་སྔར་མེད་ཀྱི་ཕམ་ཁ་དང་གནོན་ཤུགས་ཀྱིས་བཙན་གཡེམ་བགྱིད་ངེས། 

ལོ་དེའི་དགུན་ཁ་གྲང་ངད་རབ་ཏུ་ཆེ་ཡང་གོས་ཧྲུལ་གྱོན་པའི་གཞོན་ནུ་ཁོས་རེ་བས་སྟོང་བའི་མི་ཚོགས་ཀྱི་དཀྱིལ་དུ་བག་ལེབ་ཉོ་མཁན་ཡོད་དམ་ཞེས་ཡར་རྒྱུག་མར་འདུལ་བགྱིས་ཀྱང་སླེ་བོའི་ནང་གི་བག་ལེབ་ལ་སྔར་བཞིན་མིག་གིས་ལྟ་མཁན་ཙམ་ཡང་དཀོན།ས་སྲོད་དུ་སྙོབ་སྣང་གིས་སྦྲིད་པའི་མི་ཚོགས་ལ་ལེ་བདའ་གཏོང་བཞིན་ཁྱིམ་དུ་ལོགཁོས་ན་རེ།ཡེ་ཤུའི་ཆོས་རྟགས་འདྲ་བའི་སྲང་མདོ་ནས་ངས་ཉིན་ཧྲིལ་བོར་ལམ་འགྲུལ་བ་དག་ལ་ཞེ་ཚིག་དང་གུས་ཞབས་ལྡན་པའི་ངང་བག་ལེབ་ཉོ་རོགས་ཞེས་སྐད་གསང་མཐོན་པོས་རེ་སྐུལ་ཞུས་ཀྱང་ཉོ་མཁན་མ་ཟད་ཐ་ན་ཟུར་བལྟས་ཙམ་ཡང་མི་བྱེད་ཟེར།ངས་ཁོ་ལ་ད་སྐབས་རྫས་འགྱུར་རང་བཞིན་གྱི་ཟས་བཅུད་ལ་ལོབ་དྲག་པས་འཕྲུལ་གཤིས་ཅན་གྱི་མི་ཐབ་སྲེག་བག་ལེབ་ཟ་བར་མི་སྤྲོ་པས་ཡིན་སྲིད་ཅེས་ཀུ་རེ་དང་སེམས་གསོའི་ཚུལ་དུ་དེ་ལྟར་ལན་བཏབ། 

མ་གསང་དྲང་བོར་བཤད་ན།ང་ནི་འཚོ་བ་དང་བར་ཐག་བཀྱེད་འདོད་ཤིན་ཏུ་ཆེ་བའི་བྱབ་ཆུང་གི་གྲས་སུ་གཏོགས་པའི་ཝ་སྐྱེས་སྡར་མ་ལྟ་བུ་ཡིན་གྱི།ཁྲེལ་བག་རྒོད་པོའི་འཚོ་བར་དཀྱུས་གཅིག་ཏུ་ངོ་རྒོལ་བཟོ་མཁན་གྱི་ཁོངས་སུ་མི་འདུས།དེ་ལ་རྒྱུ་མཚན་མང་མོད།གཙོ་བོ་སེམས་གཏམ་སེམས་སུ་བྱོ་བའི་མཛའ་གཅུགས་ཀྱི་མི་ཞིག་མ་རྙེད་པས་ཡིན་ལ།ས་ཕྱོགས་གང་སར་གཡེར་བག་མཐོན་པོའི་ཁ་བ་འབབ་ཐེངས་ཇེ་མང་དུ་སོང་བས་ཀྱང་ཅི་ལ་མིན།དེར་བརྟེན།ལོ་དེ་ནས་བདག་གིས་མཚོན་དོག་རྣམ་པར་བཀྲ་བའི་འཕྲུལ་སྣང་ལྟ་བུའི་འཚོ་བར་གྱེས་ཁ་མའི་ལག་བརྡ་ཐོག་རེག་བྲལ་བའི་བར་སྟོང་དུ་བྲིས་ཏེ།ཡོད་ཡོད་འདྲ་ལ་དོན་དུ་ཅི་ཡང་མེད་པའི་ཁྱིམ་གཞིས་གསར་བ་ཞིག་གི་དང་ཀྱོག་བྲིས་པ་ལགས། 

གནས་དེར་བཟང་ངན་ཡག་བཙོག་ཅི་རིགས་ལ་བརྟག་པའི་མི་ཚོགས་ཀྱི་ཤ་མིག་དང་།གསང་ལྟ་ལྐོག་ཉན་བགྱིས་ཏེ་ཉར་འཇོག་བྱེད་པའི་འཕྲུལ་མིག་མེད།དེ་རུ་མངའ་བ་ནི་ལྷིང་འཇགས་ཁོ་ན་རེད།ངེད་ཀྱིས་ད་གཟོད་གནས་ལུགས་ཤིག་རྟོགས་བྱུང་།དེ་ནི་རྒྱ་གར་དང་བོད་གཙོས་མིའི་རིགས་བྱིངས་ཀྱིས་དད་བཀུར་ཆེན་པོ་བཟོ་བའི་རྒྱལ་སྲས་དོན་གྲུབ་ཞུ་བ་ཁོང་གིས་ལོ་ན་ཉེར་དགུ་སོན་སྐབས་དབུ་འཕང་མཐོ་བའི་རྒྱལ་སྲིད་དང་གཞུང་ཤ་མཛེས་པའི་བུད་མེད་ཀྱི་ཚོགས་ལ་ཆགས་སེམས་ཡེ་ནས་དོར་ཏེ་ལྷིང་འཇགས་ཀྱི་དབེན་གནས་འགྲིམ་པའི་ཟླ་བྲལ་གྱི་ཐུགས་འདང་རེད།མི་མང་དག་ཅིག་གི་སྣང་ངོར་ལྷིང་འཇགས་ནི་ཁེར་རྐྱང་དང་།ཁེར་རྐྱང་ནི་སྡུག་བསྔལ་དུ་འདོད་མོད།རེད་དེ་མི་ཚོགས་ཁྲོད་ནར་སོན་ཞིང་།མི་ཚོགས་དང་གྱེས་ཏེ་ལྷིང་འཇགས་ཀྱི་གཞིས་ནས་འཚོ་བ་ནི་རང་སེམས་ལྷོད་པ་འགོད་སྟངས་ཤིག་ག་ལ་མིན།ཡིན་ཡང་།ངེད་ཀྱིས་ཅི་ཡང་མེད་པའི་གནས་དེ་ནས་སྔར་བཞིན་མི་ཚོགས་ཀྱི་འུར་ཟིང་རི་མོར་མི་བྲི་བའི་གདེང་ཚོད་སུ་ལ་ཡོད།


རྩོམ་ཡིག་སྔོན་མ།
རྩིག་པ།
རྩོམ་ཡིག་རྗེས་མ།
གདུང་བ་མཐའ་ལ་འདེད་ཚུལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1