ང་ཚོ་དེ་ལྟར་ནར་སོན།

རྔ་འོད། (རྔ་བ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


ཤེས་བྱའི་དགའ་ཚལ་དཔྱིད་ཁའི་མེ་ཏོག་བཀྲ།

དགེ་བའི་གཤེས་གཉེན་ལྷ་ལམ་སྐར་ཚོམ་བཞིན།།

རྟོགས་སད་འོད་ཐིགས་རྔ་ཡུལ་སློབ་འབྲིང་འཕྱུར།།

རིག་པའི་གཞོན་གསུམ་མ་ཡུལ་གནས་དེར་འཛོམས།།

སྤྲོ་སྤྲོའི་སེམས་གཞས་ཨ་སྔོན་དབྱིངས་སུ་འཐུམ།།

བློ་མིག་གློག་ཞགས་དཔེ་ཀློག་འཁྱུག་རྩལ་མངོན།།

སློབ་སློབ་འབྱུར་འགྱུར་རེ་བའི་ཕུགས་འདུན་སྙེག།

ང་ཚོའི་ལང་ཚོ་གསོན་ཤུགས་དེ་ལྟར་རྒྱས།།

སྟེས་དབང་འཕྲད་པའི་ཟླ་འོད་ནུབ་པའི་དུས།།

སློབ་བྱོལ་གོ་སྐབས་ཉིན་མོའི་སྐར་མ་ཐོབ།།

ཧ་ཧ་ཧོ་ཧོས་སློབ་གྲྭའི་སྒོ་ལ་བུད།།

ཚོར་བའི་གླུ་དབྱངས་ཕྱོགས་བཞི་ཀུན་དུ་ཁྱབ།།

གྲོགས་ཀྱི་གླས་བའི་ཁང་ཁྱིམ་དྲོད་ཁོལ་ལྡན།།

སློབ་གྲྭའི་སྡོད་ཤག་གཏིང་ནས་བོར་ཐབས་བྲལ།

དེ་རིང་སྐྱིད་པའི་གཞོན་སྐྱེས་རྟུལ་ཕོད་མཆིས།།

སྲིད་པའི་སྒང་འདིར་ང་ཚོའི་མཐུན་ཞིག་དཀོན།།

སྙིང་གཏམ་གསང་གྲངས་ཕར་གཏོར་ཚུལ་གཏོར་བྱས།།

དགའ་བའི་གཤིས་རྒྱུད་དཀོན་མཆོག་ལྷ་ལ་མཆོད།།

འགྱོད་སེམས་མེད་པའི་ར་གྲི་རྒོད་པོ་ཡིས།།

ལུས་ཀྱི་ཁྲག་དམར་ཇ་ཕོར་ནང་དུ་བཞུར།།

དུས་འདིར་ནད་རིགས་ཁྲི་འབུམ་ཁྲག་ལས་འབྱུང་།།

གཤག་བཅོས་མེད་པས་མི་ཚེ་འཇའ་ལྟར་ཡར།།

གཞོན་སྐྱེས་གསུམ་པོའི་ཡིད་ཆེས་ལྷུན་པོ་དེར།།

སྐལ་བ་སྐལ་བའི་འགྱུར་ལྡོག་སྤུ་ཙམ་མེད།།

རྔ་ཡུལ་བཞད་པའི་ན་གཞོན་སྐྱེས་སྟོབས་འདིས།།

ལུས་ཀྱི་ཁྲག་དམར་ཇ་འོ་བཞིན་དུ་འདྲེས།།

ཁམ་གསུམ་འཐུང་ནས་འཛུམ་གྱིས་བཀྲ་ཤོས་འབོད།།

ཁྲག་མནའ་སྤུན་མཆེན་འགྱུར་མེད་དེ་བཞིན་གསོན།།

མཐུན་སྒྲིལ་ལྕགས་ཐག་ཨ་ལོང་བཞིན་དུ་འབྲེལ།།

མཉམ་འགྲོ་འགྲིབ་གཟུགས་རྗེས་སུ་སྙེག་པར་མཚུངས།།

དུས་ཀྱི་སྤྱི་ཚོགས་འུར་ཟིང་བཙན་ཤུགས་ཀྱང་།།

ང་ཚོའི་དམ་བཅའ་སྔར་བཞིན་གཡོ་འགུལ་མེད།།

ལ་མགོའི་ཉི་འོད་འཆར་ནུབ་དགའ་སྡུག་ཙམ།།

དཔྱིད་ཁའི་ཆུ་འཛིན་འཁྲུག་རྩོད་ཤིན་ཏུ་མང་།།

ལྷག་བསམ་གངས་ཀྱི་ཁ་མདོག་དཀར་པོ་དེར།།

ནག་རླུང་མེད་པར་གཡུང་དྲུང་རི་མོ་མཉམ།།

རྣམ་དཔྱོད་འཁྱུག་རྩལ་གློག་ཞགས་མེ་ལྕེ་བཞིན།།

ན་གཞོན་ལང་ཚོའི་ཀི་སྒྲ་བཙན་པོ་འབར།།

དུས་ཀྱི་ཐ་སྙད་སྣ་ཚོགས་ཧམ་གྱི་ཟས།།

སྙན་ངག་སྒྱུ་རྩལ་ཁྱད་ཆོས་ཕྱོགས་སུ་རྒྱུགས།།

དུས་ཚོད་ཐག་སྒྲའི་འདི་ལྟར་ངེད་ཅག་ལ།།

གྱེས་ཁའི་འབོད་སྒྲ་སིང་སིང་འདར་འགུལ་བྱེད།།

རྔ་བའི་དམའ་འབྲིང་རྫོགས་ཚིག་བརྗོད་རན་སླེབས།།

འཛོམས་ནས་གྱེས་པ་འཇིག་རྟེན་ཆོས་ཉིན་ཡིན།།

མནའ་སྤུན་གསུམ་པོའི་འཛུམ་གྱིས་མེ་ཏོག་གཏོར།།

རང་གི་ལམ་ཁ་རང་གིས་སླར་ཡང་སྐྱོད།།

སྤྱི་ཚོགས་འུར་ཟིང་རྒྱ་མཚོའི་རྦ་རླབས་འཕྱོ།།

འདྲེས་པའི་སྙིང་དམར་བརྗེད་མེད་ཡིད་རྟོན་འཆར།།

ད་སྐབས་སོ་སོའི་ལམ་ཐག་ཇེ་རིང་རེད།།

དམའ་འབྲིང་འཚོ་བ་ཕྱིར་མིག་གཅིག་འཁོར་དང་།།

བདེ་སྐྱིད་སྤྲིན་ལམ་གནས་པའི་ཚོར་སྣང་བྱོན།།

དྲན་པའི་མཆི་མ་དྲག་ཆར་འབབ་པ་ལྟར།།

ཡུལ་འདིར་བདག་ལ་གྲོགས་པོ་སྣ་མང་ཤར།།

བརྩེ་དུངས་རྡོ་བརྐོས་རི་མོ་བཞིན་དུ་གསལ།།

གང་ལྟར་ཁྱེད་ཉིད་དྲན་པའི་སེམས་གཞས་འདི།།

སུ་བཤད་དགོས་གསལ་བོ་མི་ཤེས་ཀི།།

རང་གནས་སོ་སོའི་སློབ་སྦྱོང་འབད་བརྩོན་བྱེད།།

བརྩོན་གྲུས་ཆུ་བོའི་བཞུར་སྒྲ་དེ་བཞིན་འགྲོག།

ཕ་མའི་ཡིད་ཀྱི་རེ་བ་གསོན་པོ་ཡིན།།

ཀྭ་ཡེ་མནའ་སྤུན་རེ་བ་ཆུ་གཟན་མེད།།

དུས་ཀྱི་མི་ཚོགས་ཁྲ་ཁྲ་རིག་རིག་མྱུར།།

ང་ཡི་མནའ་སྤུན་གཞན་པའི་བསླུ་ངེས་སྲིད།།

སོ་སོའི་བྱང་ཁོག་གནས་པའི་སྙིང་དམར་ལྡན།།

དཀར་ནག་དབྱེ་བ་ལྷོད་ཀྱིས་གཅོད་པ་གལ།།

རིག་པའི་གཞུང་ལུགས་ང་རོའི་འཕུར་སྒྲ་དཀོན།།

དུས་ཀྱི་བསམ་བློ་གསར་བའི་ལམ་སྣེ་དབེན།།

རང་ཡུལ་བཞད་པའི་སེམས་འསུན་དཀར་པོ་དེར།།

མནའ་སྤུན་འགྲམ་དུ་གཤོག་རྩལ་བརྐྱངས་སྟེ་འཕུར།།

སྙན་ངག་ལམ་ཁའི་ཁྲོད་དུ་ངར་སྒྲ་ལྡིང་།།

ཕུགས་བསམ་འགྱུར་མེད་ནམ་མཁའི་ཉི་འོད་འདྲ།།

ལྷན་སྐྱེས་ཤེེས་རབ་འཇམ་དབྱངས་རྣོ་གྲི་ལྟར།།

ང་ཡི་མནའ་སྤུན་བློ་ཤེར་ཨེ་མ་རྨད།།

བོད་རྒྱ་དབྱིན་གསུམ་ཐོགས་མེད་གནམ་ལྕགས་ཐོག།

བྱམས་བརྩེ་དྲི་མེད་ཀུན་ལྡན་ལྷག་ལས་མཆོག།

ཀུན་ལ་མཐུན་པའི་རིན་ཆེན་གསེར་དངུལ་མཉམ།།

ང་ཡི་མནའ་སྤུན་ཚེ་དཔག་ཁྱད་ཆོས་ལྡན།།

འཆི་བདག་སླེབས་པར་སྙན་ངག་འབྲི་ངེས་ཡིན།།

སྙན་ངག་བདག་གི་འཚོ་བའི་སྲོག་ཤིང་ཡིན། །

སྤུན་གཉིས་སོ་སོའི་ངོ་མཚར་ཁྱད་ཆོས་དག།

སྙན་པར་སྦྱར་ནས་ནམ་ཡང་བསྔགས་ལམ་བརྒྱུད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1