ང་ཟེར་ནས་གླེང་གི་འདུག་རྒྱུ་མ་བརྗེད།

གཟི་མིག (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


ཡུལ་ངེས་མེད་འགྲིམ་པའི་འཁྱམ་པོ་ཞིག་གིས།།

སེམས་དྲན་པའི་གཞུ་མོ་ནང་དུ་བཀུག་དུས།།

རི་བམ་ཁ་ཅན་པོའི་ཕ་རོལ་གན་ན།།

ང་ཟེར་ནས་ཉིན་ཞག་བསྒུགས་ནས་ཚར་བའི།།

སྙིང་དམར་ཆུང་ལྟ་བུའི་རོགས་ཁྱོད་བདེ་མོ།།

འབྲི་ཐུལ་མའི་ལྷས་ར་གཡང་གིས་འཚོ་བའི།།

སྦྲ་གྲུ་བཞིའི་ཁྱིམ་ཕུག་འཛུམ་གྱིས་སྲུང་བའི།།

དྲིན་ཕ་མའི་སྙིང་གི་མར་ལོ་སེར་པོ།།

སྡེ་ན་ཟླའི་མིག་གི་འོ་མ་དཀར་པོ།།

ཁྱོད་བསམས་ནས་ལོ་ཟླ་རྩིས་ལ་བཏབ་ཡོད།།

ས་སྨད་ཕྱོགས་གྲོང་སྡེའི་གླིང་ག་འདི་ན།།

སྨན་བུ་མོ་སྤང་ལ་མེ་ཏོག་གད་འདྲ།།

ངོ་འཛུམ་ཆུང་ཤ་ལེར་རྩེ་སྲོལ་ཡག་རུང་།།

ངའི་ཁྲ་ཆུང་མིག་གིས་ལྟ་ཕྱོགས་མིན་ན།།

ཡག་མོ་སྒོ་ཁྱོད་དང་འདྲ་ནི་དཀོན་གི།

ལུས་གོས་མདོག་དམར་པོའི་ལང་ཚོ་བསྐྱུར་ཏེ།།

སྐྲ་ནག་ཆུང་རླུང་བུས་བསྐྱོད་རག་བར་ལ།།

སྡེ་ཁ་ཡ་ན་ཟླའི་བཤད་ཡམས་དགོད་རུང་།།

ཁྱིམ་ནང་མིས་ཁ་ཟུར་ཚིག་ལ་བརྒྱུས་ཀྱང་།།

ང་ཟེར་ནས་གླེང་གི་འདུག་རྒྱུ་མ་བརྗེད།།

ཚེ་སྔོན་མའི་ལས་འཕྲོ་དབང་ཐང་བཙན་གི།

ཞེ་མཐུན་པའི་རོགས་དང་ཁ་ཐག་རིང་གི།

སེམས་སྡུག་གི་སྦར་མོས་བྲང་ཁ་བརྡུང་རུང་།།

སྡུག་ཨ་ཐང་ཆད་པའི་མིག་ཆུ་ཤོར་ཡང་།།

སྙིང་རྗེ་བའི་མི་ཞིག་གམ་ན་མེད་གི།།

ལྷ་དཀོན་མཆོག་མདུན་ནས་ཐལ་མོ་སྦྱར་ཏེ།།

སེམས་མི་འགྱུར་དད་པས་ཕྱག་གསུམ་འཚལ་དུས།།

རོགས་ཆུང་ལོ་སྙིང་གི་མེ་ཏོག་འདྲ་བོ།།

ཚེ་འདི་ནས་ཁྱོད་དང་མཉམ་འཛོམས་ཡོང་བའི།།

ཞེ་བསམ་པའི་སྨོན་ལམ་སྙིང་ནས་ཞུས་ཡོད།།

ལུས་གོས་མདོག་དམར་པོའི་ལང་ཚོ་བསྐྱུར་ཏེ།།

སྐྲ་ནག་ཆུང་རླུང་བུས་བསྐྱོད་རག་བར་ལ།།

སྡེ་ཁ་ཡ་ན་ཟླའི་བཤད་ཡམ་དགོད་རུང་།།

ཁྱིམ་ནང་མིས་ཁ་ཟུར་ཚིག་ལ་བརྒྱུས་ཀྱང་།།

ང་ཟེར་ནས་གླེང་གི་འདུག་རྒྱུ་མ་བརྗེད།།

ཤ་མཆིན་པའི་གཏིང་གི་ན་ཟུག་ཁྱོད་ཡིན།།

སེམས་གངས་དཀར་དཀྱིལ་གྱི་དྲོད་ཐིག་ཁྱོད་ཡིན།།

ཞག་ཉི་མའི་དོང་ཙེ་བརྩིས་ནས་ཚར་རུང་།།

གསོན་འཇིག་རྟེན་སྣང་བ་ནུབ་ནས་སོང་ཡང་།།

ཤི་བར་དོའི་རྣམ་ཤེས་འཁོར་ས་ཁྱོད་ཡིན།།

ལུས་དབང་མེད་རི་གྲོང་མཐའ་ན་ཡོད་རུང་།།

སེམས་སྐྱ་མོ་ཁྱོད་ཀྱི་ཕྱོགས་ལ་ཤོར་ཡོད།།

སྨུག་ལང་ལོང་འཐིབས་པའི་འབྲོག་ཐང་དེ་ནས།།

ཞེ་དུངས་ཀ་མ་འགྱུར་སྔར་བཞིན་སྡོད་དང་།།

ཡུན་མི་རིང་འཕྲད་པའི་དུས་ཤིག་ལོས་ཡོད།།


རྩོམ་ཡིག་སྔོན་མ།
ང་ཚོ་དེ་ལྟར་ནར་སོན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1