དགའ་ལྡན་ལྔ་མཆོད་མཇལ་བའི་ཉིན་མོར།——ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པ་རྗེས་སུ་དྲན་སྟངས་བཅུ།

ལྕང་ཞབས་པ་འགྱུར་མེད་ཚེ་དབང་། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


        ཨ་མདོའི་ཙོང་ཁའི་ཡུལ་ནས་བློ་རིག་ཉི་མ་བཞིན་གསལ་བའི་ཁྱེའུ་ཞིག་དབུས་གཙང་བཤད་སྒྲུབ་རིག་པའི་སྡེ་ཆེན་པོ་རྣམས་སུ་ཞུགས་ཏེ།རིག་པའི་རྣམ་གྲངས་སྒོ་མཐའ་ཡས་པ་ཞིག་ལ་རྡོ་རུས་སྤྲོད་པ་དང་།དཀའ་ཚེགས་རི་བོ་འདྲ་བ་ཞིག་དང་གདོང་ཐུག་རུང་།ཕྱིར་ནུབ་གོམ་གང་མི་ཤོར་བའི་རླབས་ཆེན་གྱི་སྙིང་སྟོབས་དེ་རྗེས་སུ་དྲན་བྱུང་།

        ཕྱོགས་དང་རིས་སུ་མ་མཆིས་པར་དཔལ་ལྡན་ས་སྐྱ་པ་དང་།འགྲོ་མགོན་བཀའ་བརྒྱུད་པ།སྔ་འགྱུར་རྙིང་མ་པ།རྒྱལ་བ་ཇོ་ནང་པ་སོགས་ཀྱི་དགེ་བའི་བཤེས་གཉེན་བཅུ་ཕྲག་ཁ་ཤས་བསྟེན་ནས།གསུངས་རབ་ཀྱི་ཉིང་བཅུད་ཐམས་ཅད་ཤེས་རབ་རིག་པའི་ཀློང་དུ་འཁྱིལ་པར་མཛད་པའི་རིས་མེད་རླབས་ཆེན་གྱི་མཛད་པ་དེ་རྗེས་སུ་དྲན་བྱུང་།

        དཔལ་དང་འབྱོར་བ།ཐོབ་དང་གོ་ས་བཅས་ལ་བློ་ཕུགས་བཅོལ་མི་དགོས་ཤིང་།ཉེ་དཔུང་དང་།གྲོགས་དཔུང་ལ་མི་ལྟོས་ཤིང་། དྲག་པོའི་ཆས་དང་།གཡོ་སྒྱུའི་བསླུ་བྲིད་ཀྱི་ངོ་འཛུམ་དཀར་ནག་གི་ཟློས་གར་འཁྲབ་མི་དགོས་པར།ཤེས་རབ་དང་སྙིང་རྗེས་གདུལ་བྱ་རིས་སུ་མ་ཆོད་པར་ངང་གིས་འགུག་པར་མཛད་པའི་སློབ་མ་སྐྱོང་ཚུལ་རླབས་ཆེན་གྱི་བྱ་བ་དེ་རྗེས་སུ་དྲན་བྱུང་།

        རྒྱ་དཀར་ནགརྒྱང་ལྷོ་མཐའི་རྒྱ་མཚོ་ཁ་དང་།བྱང་ཨོ་རོ་གྲོང་ཁྱེར་སོགས་ཕྱི་གླིང་གི་གླིང་ཆེ་ཆུང་གང་དུ་ཡང་མ་ཕེབས་པར།རང་ས་ཁ་བ་རི་བའི་ཞིང་ས་ནས།གཞན་དྲིང་མི་འཇོག་པའི་ཤེས་བྱའི་གནས་ལུགས་མཇལ་བའི་ངེས་ཤེས་དང་།བློ་སྟོབས་དང་།སྤོབས་པ་བསྐྱེད་པའི་རླབས་ཆེན་གྱི་བློ་གྲོས་དེ་རྗེས་སུ་དྲན་བྱུང་།

        མ་དྲིན་མོ་ཆེ་ཤིང་བཟའ་ཨ་ཆོས་ཀྱིས་སྐྲ་ལོ་དཀར་པོ་ཉག་མ་གཅིག་དང་།བརྩེ་བ་རྒྱ་མཚོ་དང་འདྲ་བ་།དུང་པ་རི་བོ་དང་འདྲ་བའི་ལྗི་ཚད་རབ་ཏུ་མཐོ་བ།མ་བུ་ལྷན་འཛོམས་ཀྱི་རེ་སྨོན་དྲོད་རླངས་མ་ཉམས་པའི་འཕྲིན་ཡིག་དང་ལྷན་ཅིག་བཏང་ནས།བུ་བློ་བཟང་གྲགས་པའི་ལག་ཏུ་འབྱོར་ན་ཡང་།བསྟན་པ་དང་འགྲོ་བའི་དོན་ལ་དགོངས་ནས།མ་བུ་ལྷན་འཛོམས་ཀྱི་བདེ་སྐྱིད་རྫོགས་ལྡན་གྱི་འཚོ་བ་དེ་བློས་བཏང་ནས།སེམས་དཔའ་ཆེན་པོས་དཀའ་སྤྱད་གཞན་དོན་ཁུར་ཁྱེར་མཛད་པའི་རླབས་ཆེན་ལམ་གྱི་གདམ་ཀ་དེ་དྲན་བྱུང་།

        ཐོབ་དང་གོ་སའི་ཁྲི་སྟེགས་སུ་ཆེད་ཕུད་བྱེད་མཁན་མེད་ལ།མདུན་ནས་བསུ་མཁན་གྱི་ཉེ་བ་མེད་ཅིང་།རྒྱབ་ནས་སྐྱོར་མཁན་གྱི་གྲོགས་པོ་མེད་ཀྱང་།བུ་རང་སྐྱེས་ཀྱིས་མཛད་ཆེན་བཞི་སྟེ།ལྷ་ལྡན་སྨོན་ལམ་ཆེན་མོ་བཙུགས་པ་དང་།དགའ་ལྡན་དགོན་པ་ཕྱག་བཏབ་པ།འོལ་དགའ་རྫིང་དུ་བྱམས་ཆེན་ཞིག་གསོར་བྱེད་པ།གསེར་ཕྱེ་འབུམ་པར་མཆོད་འབུལ་གྱི་འཕྲིན་ལས་སོགས།རླབས་ཆེན་གྱི་བྱ་བ་ལས་ཀྱི་འཁོར་ལོ་དེ་རྗེས་སུ་དྲན་བྱུང་།

        ཁྱད་པར་དུ་མཛད་པ་ཀུན་གྱི་ནང་ན་མཆོག་ཏུ་གྱུར་པའི་མཛད་པ།གསུང་གི་མཛད་པའི་ཟེར་འོད་སྒོ་བརྒྱ་འགྱེད་ཕྱིར།རིན་ཐང་གཞལ་དུ་མེད་པའི་གླེགས་བམ་པོ་ཏི་བཅོ་བརྒྱད་དེ་མི་ཡུལ་དུ་བཞག་ཅིང་།རྟེན་འབྲེལ་བསྟོད་པས་ལྟ་བ་རྟེན་འབྱུང་གི་རྣམ་གཞག་བསྟན་པ།བྱང་ཆུབ་ལམ་གྱི་རིམ་པས།སྐྱེས་བུ་གསུམ་གྱི་རྣམ་གཞག་དང་།ཁྱད་པར་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ།གསུངས་རབ་མ་ལུས་གདམས་ངག་ཏུ་འཆར་བ།རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྟོགས་པ།ཉེས་སྤྱོད་ཆེན་པོ་རང་འགག་ཏུ་འགྲོ་བའི་ཆེ་བ་བཞི་ལྡན་དང་།འཁོར་ལོ་གསུམ་གྱི་དྲང་ངེས་འབྱེད་ཅིང་།གནས་ལུགས་ཀྱི་དོན་གཏན་ལ་ཕབ་ཕྱིར་བཀའ་དང་བསྟན་བཅོས་ཚད་ལྡན་གྱིས་ཁོག་ཕུབ་ནས།དྲང་ངེས་ལེགས་བཤད་སྙིང་པོ་དང་།དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གསལ་བར་བྱ་ཕྱིར།འཇུག་འགྲེལ་དགོངས་པ་རབ་གསལ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བའི་ཕྱིར་དུ་ཕར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་བ།ལེགས་བཤད་གསེར་ཕྲེང་དང་། གཞན་ཡང་བསྟོད་ཆེན་ཁག་དང་།རྟོགས་བརྗོད་གཉིས་སོགས་མདོར་ན་མདོ་སྔགས་རིག་གནས་དང་བཅས་པ།ལེགས་བཤད་གསེར་རི་བཞིན་དུ་བརྗིད་པ་མི་ཡུལ་དུ་བཞག་པའི་རླབས་ཆེན་གྱི་ལེགས་སྐྱེས་དེ་དག་རྗེས་སུ་དྲན་བྱུང་།

        གསུངས་ཆོས་གསེར་ཞུན་མ་དེས།ཆོས་འཁོར་གསུམ་གྱི་དྲང་ངེས་དང་།དགོང་དོན་ལུང་རིགས་ལམ་ནས་བསྡོམས་ཚིག་བཀོད་དེ།སྟོང་དང་རྟེན་འབྱུང་གི་གནས་ལུགས་ཕྱི་གསལ་ནང་གསལ་གྱི་སྲིད་པའི་སྒྲོན་མེ་ཆེན་པོ།ནམ་ཡང་འཆི་རྒྱུ་མེད་པའི་མར་མེ་ཚེ་འབར་བྱས་ཏེ།རྒྱལ་བས།སུས་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ་དེས་ཆོས་ཤེས་སོ་གསུངས་པ་བཞིན།རྟེན་འབྲེལ་རིག་པའི་གནས་ཀྱི་གལ་ཆེན་རང་བཞིན་དང་།གནད་ཆེའི་རང་བཞིན།རྩ་ཆེན་རང་བཞིན་བཅས་ལ་མཐོང་ཆེན་གྱི་སྒོ་ནས།སྲིད་པ་འདི་ན་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་རྣམ་གཞག་འཆད་པ་ལ།འགྲན་གྱི་ཟླ་དང་བྲལ་བ།མཚུངས་མེད་ཀྱི་སྐྱེ་བུ་ཆེན་པོས།རྟེན་འབྲེལ་ལམ་གྱི་མེ་ལོང་ནང་དུ།འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གནས་ལུགས་མཐའ་དགགསལ་རྒྱས་ཚང་གསུམ་གྱིས་འཆར་བར་བྱས་པས།ངོ་མཚར་ལས་ཀྱང་ངོ་མཚར།ཡ་མཚན་ལས་ཀྱང་ཡ་མཚན་ཆེ་བ་ཞིག་ཡིན་ལ།དེ་ལ་བརྟེན་ནས་སྐལ་ལྡན་གྱི་རྗེས་འཇུག་ཁྲི་ཕྲག་མང་པོའི་རྨོངས་མུན་སེལ་བའི་རླབས་ཆེན་གྱི་མཛད་པ་དེ་རྗེས་སུ་དྲན་བྱུང་།

        གོང་མ་ཡུང་ལོས་ལན་གསུམ་བར་དུ་གདན་ཞུའི་ཆེད་དུ།འཕྲིན་བརྫང་ཅི་རིགས་འབྱོར་རུང་།གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང་གསུངས་པ་ལྟར།སྙན་དང་གྲགས་པ་ལམ་ཁའི་རྩྭ་བཞིན་བལྟས་ནས།དངོས་པོའི་ཞེན་འཁྲིའི་གདོས་ཐག་བཅད་པ་དང་།ཐོས་བསམ་སྒོམ་གསུམ།འཆད་རྩོད་རྩོམ་གསུམ།བཤད་སྒྲུབ་ལས་གསུམ་བཅས་མཁས་པའི་ཚུལ་དགུ་ལ་གཅིག་ཏུ་འཇུག་པའི་རླབས་ཆེན་གྱི་མཛད་པ་དེ་རྗེས་སུ་དྲན་བྱུང་།

        ཤར་ཨ་མདོའི་ཡུལ་ནས།ནུབ་དབུས་གཙང་ཆོས་ཀྱི་ཞིང་ས་བར་དུ་ཞབས་རྐང་གྲུ་བཞིས་ས་ནག་འདོམ་ལ་འཇལ་ཏེ་ཕེབས་ཤིང་།དབུས་གཙང་དུ་ཞབས་སོར་ཁོད་པ་དང་།སྐུ་ཚེའི་སྟོབས་དང་།ནུས་པ།ཟིལ་ཤུགས་དང་།གཟི་འོད་ཆ་ཚང་བསྟན་འགྲོའི་དོན་དུ་བཏང་བ་དང་།ཕ་ཡུལ་ཕ་ཁྱིམ་སྨུག་པོ་ལ་ཞེན་པའི་གདོས་ཐག་བཅད་དེ།སྐུ་ཚེ་དེར་ཕ་ཡུལ་དུ་ལན་གཅིག་ཀྱང་མ་བྱོན་ནས།མཐར་གངས་རིའི་ཁྲོད་ཀྱི་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དགོངས་པར་རྫོགས་པའི་མཛད་པ་རླབས་ཆེན་དེ་རྗེས་སུ་དྲན་བྱུང་།

སྤྱི་ལོ་༢༠༡༨ལོའི་ཟླ་བ་༡པོའི་ཚེས་༩་ལ།


རྩོམ་ཡིག་སྔོན་མ།
རྟེན་ཅིང་འབྲེལ་བ།
རྩོམ་ཡིག་རྗེས་མ།
སློབ་གླིང་གི་མེ་ཏོག་ཚོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1