སློབ་གླིང་གི་མེ་ཏོག་ཚོ།

ཁ་སྒང་སངས་རྒྱས་རྒྱ་མཚོ། (ཟི་ལིང་།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27



གཅིག

དཔྱིད་ཀའི་ཁུ་བྱུག་མགོ་མ་གྲགས་དུས།སློབ་གླིང་གི་མེ་ཏོག་ཚོ།དཔྱིད་དཔལ་དང་ལྷན་དུ་མཛེས་སྡུག་གིས་བཞད།བཞིན་རས་སྒོར་སྒོར།སྐྱེས་གཟུགས་ལྡེམ་ལྡེམ།འདི་ལྟར་ངའི་མཁའ་དབྱིངས་ནས་གཏན་སྡོད་བྱས་པས།སྣང་བ་ཐན་ཐུན།དྲན་པ་རབ་རིབ།ཡོད་ཚད་མག་མོག་གི་གབ་ཚིག་ཉིད།དེ་དུས་སུ་སློབ་གླིང་གི་མེ་ཏོག་ཚོའི་སྣང་བ།རི་རབ་ལས་དཔངས་མཐོ་ལ།ཁོ་མོ་ཚོའི་སེམས་ཁམས།ལེགས་བྲིས་ཀྱི་འཚོ་བ་ལས་ཀྱང་སྐྱིད།སྐྱིད་པའི་དབང་གིས་ཁོ་མོ་ཚོ་སྨྱོ་ན་འདོད།ནམ་རྒྱུན་གཞན་སྐད་ད་མ་དིག་རེ་རྒྱག་བཞིན།ཁྱོད་རང་ངོ་ཚར་གཏོད་སྲིད།

གཉིས།

དབྱར་གསུམ་གྱི་མེ་ཏོག་ཁྲ་ལམ་མེར་བཞད་ཅིང་།ཁྲི་གདུགས་ཉི་མའི་ཚ་ཟེར་འོགདམིགས་ཡུལ་གྱི་ཆེད་དུ་འདུར་རྒྱུག་རྒོད་པའི་མི་ཚོགས།རྒྱ་མཚོའི་རྦ་རླབས་བཞིན་འཕྱོ་ཞིང་སྤྱོམ།ཡིན་ནའང་སློབ་གླིང་གི་མེ་ཏོག་ཚོས་ཤམ་བུ་སྲབ་མོ་རེ་མནབས་ཏེ།འགུལ་ཤུགས་ལྡེམ་པའི་མྱོས་བུམ་དང་།ལྡེམ་མྱུར་འཁྱུག་པའི་འཕོངས་ཤ་སྒྲོ་འདྲ་བོ།ད་དུང་ཆགས་སྲེད་ཀྱི་རྣམ་འགྱུར་སྟོན་པའི་ཟུར་མིག་གིས་འཐོབ་འདོད་པ་ཡོད་ཚད་ཅིག་ཧམ་ཐོབ་བྱེད་ལ།རང་དབང་དང་ཡིད་ཆེས་ཀྱིས་ཁེངས་པའི“བརྩེ་དུང་རྣལ་མ”ཞིག་རོལ་བར་སྤོབས་པས་བརྟས་ཤིང་།ཡིད་ཆེས་ཀྱིས་ཁེངས་འདུག

གསུམ།

སྟོན་ཀ་ནི་འབྲས་ལྡན་གྱི་དུས་ཤིག་ཡིན་པས།རྒྱུ་ག་འདྲ་ཞིག་བསགས་ཡོད་ན།འབྲས་བུ་དེ་འདྲ་ཞིག་སྨིན་སྲིད།དེ་བས་སློབ་གླིང་གི་མེ་ཏོག་ཚོའང་གཞན་དབང་དུ་གྱུར་བའི་མངར་སྐྱུར་ཁ་གསུམ་གྱི་འཚོ་བའི་གཏམ་རྒྱུད་ཅིག་གི་སྣེ་མོ་ན།ཁ་ཕྱོགས་མེད་པའི་རླུང་འཚུབ་བཞིན་གཡུགས་དགོས་བྱུང་།ངོ་མ།“མོ་སྐྱིད་ས་ནས་མི་འདུགར་བདེ་ས་ནས་མི་འདུག”ཟེར་བ་ཅིས་མ་བདེན།འོ།འདི་ནི་ལྡོག་ཏུ་མེད་པའི་སྟོན་མཇུག་གི་སྐྱེལ་མ་ཡིན་པས།སུ་ལའང་གདེང་ཚོད་མེད།

བཞི།

གྲང་རླུང་འུར་འུར་དུ་ལྡང་ཞིང་ས་གཞི་འཁྱགས་པས་བསྡམས་པ་ནི།དགུན་གྱི་རང་གཤིས་ཡིན་ལ།ཡིད་འོང་གི་མེ་ཏོག་རྙིད་པའང་དགུན་གྱི་རྒྱལ་མོ་འོང་བའི་ངང་ཚུལ་རེད།དུས་ཚིགས་འདིར་ཁོ་མོ་ཚོ་ད་དུང་གླིང་ཀ་འདི་ནས་མཛེས་སྡུག་གིས་བཞད་ན་འདོད་མོད།ཡོད་ཚད་འདི་ལྟར་ཟད་པ་དང་།མང་པོ་འདི་ལྟར་ཚར་བས།དུས་ད་ལྟར་ཁོ་མོ་ཚོ།ལ་ཁའི་དར་ལྕོག་བཞིན།ཁ་བས་གཙེས་ཤིང་རླུང་བུས་དེད།གར་སྡོད་ལ་ཡིད་རྟོན་བྲལ།སེམས་བྱུང་ལ་རྟོག་འཆར་དབེན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1