སྐྱིད་ཤོད་ཐང་གི་སེམས་གཞས།

ཁྱུང་གཤོག (ལྷ་ས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


        ལྷ་སའི་སྟོན་ལྗོངས་ཀྱི་སྣང་ཁམས་ནི་དྭངས་གཙང་གི་མེ་ལོང་ཞིག་དང་འདྲ་བར།བསིལ་རླུང་བསིལ་བསིལ་གྱི་དགོད་འཛུམ་ཀློང་ན་དལ་འཇགས་གེར་རི་ཚོགས་ཀྱི་རྣམ་ཤེས་སུ་འཐིམ་འདུག

        བལ་དཀར་བསེད་འདྲའི་སྤྲིན་པ་ཁ་ཁེར་རི་རྩེ་ནས་དལ་བུར་འཛུམ་སྟེ་ཁེར་རྐྱང་གི་གཏམ་རྒྱུད་སྐྱིད་ཆུའི་རླབས་ཕྲེང་ལ་བཅོལ་བཞིན་ཕོ་བྲང་གི་གསེར་ཏོག་ལ་ཟུར་མིག་འཕེན།ང་རང་དྲན་གདུང་ཅིག་གི་ཐག་སྣེར་འཇུས་པས་ངའི་འཇིག་རྟེན་གྱི་རི་ར་བ་ཁང་ཁྱིམ་ཡོད་ཚད་ལ་མནོ་བསམ་གྱི་ཁ་བ་བབས་བྱུང་།

        ང་རང་ལྷ་སར་སླེབས་ནས་ཟླ་ངོ་གཉིས་མ་རན་པའི་མཚམས་འདིར།ཕྱིར་དྲན་གྱི་མེ་ལོང་ངོས་སུ་འཆར་བ་ནི་གྱེས་ཁ་མའི་ཕ་ཡུལ་གྱི་ཞོགས་པ་དང་ཞོགས་པའི་ཉི་རྩེར་བརྒྱུས་པའི་ཕ་ཡུལ་གྱི་དྲོད་ཁོལ་དེ་ཡིན་འདུགཨ་མའི་བྱམས་བརྩེ་ལས་འཁྲུངས་པའི་འོ་ཇ་མངར་མོ་དེ་དང་ཨ་ཕའི་ཐུགས་འདུན་གྱི་ཟབ་ས་ནས་བརྡོལ་བའི་སྨོན་ལམ་དག་དུས་ད་ལྟར་སྐྱིད་ཆུའི་ལྷིང་འཇགས་ལ་གཡེང་བའི་མི་ཕོ་ངའི་ལུས་ཀྱི་རྩ་ལམ་དག་ན་སྐྱིད་ཆུའི་རླབས་ཕྲེང་བཞིན་ལྷོག་ལྷོག་རྩེན།བརྩེ་བའི་འདང་ལ་བརྒྱུས་པའི་ཕ་ཡུལ་གྱི་གཏམ་རྒྱུད་མཐའ་དག་ལྷ་སའི་ཉི་འོད་ཀྱི་རྒྱུ་སྤུན་ལ་བསྲེས་སྟེ།རྡོ་བའི་འཇིག་རྟེན་འདིའི་སེམས་ངོགས་སུ་བྱོ།སེམས་ཀྱི་སྒེའུ་ཁུང་ཕྱེ་ནས་དྲན་གདུང་གི་སྣ་གླུ་ཐན་ཐུན་སྟོན་མཇུག་གི་ལོ་མའི་སྐྱོ་ངལ་ནང་བསྡེབས་ནས།ཨ་ཅ་འཛུམ་ཡག་མ་དེའི་སྨིན་མཚམས་སུ་བཀལ།

        དུས་ཚིགས་འདིར།བྱ་ཁྱུ་དང་སྤྲིན་པ་རྒྱང་དུ་བཞུད་སོང་བས།ལོ་རྒྱུས་ཀྱི་གོ་ཁྲབ་གྱོན་པའི་རི་ཚོགས་དག་གི་རྔམ་བརྗིད་ལ་རྒྱང་ལྟ་བྱས་ཤིང་།སྐྱིད་ཤོད་དང་སྐྱིད་མོ་ཤོད།ཡང་ན་ར་སར་གྲགས་པའི་ཡུལ་ལུང་འདི་ནི་ངག་རྒྱུན་ལས་བརྡོལ་བའི་བཀྲ་ཤིས་རྟགས་བརྒྱད་ཀྱི་རྟགས་ཚང་བ།པདྨ་འདབ་བརྒྱད་ཀྱི་འདབ་གྲོལ་འདྲའི་ངོ་མཚར་གནས་མཆོག་ཅིག་ཡིན་པ་དྲན་པའི་དུས་སྐད་ཅིག་མ་རེ་རེར།ངས་བསམ་གཞིགས་ཀྱི་སྒོ་མོ་ཡུན་གྱིས་གཏན་རྗེས་ལྷ་སའི་སྐྱིད་ཤོད་ན་མངོན་ཆུང་གིས་རྒྱུ་བའི་སྐྱིད་ཆུའི་རྩ་ལག་རེ་རེ་དེད་ནས་གཉེན་ཆེན་ཐང་ལྷའི་མཐོངས་ཡངས་སུ་མེས་པོའི་རུས་རྐང་འཚོལ་དུ་ཆས་འདོད་ཨང་།

        ནམ་རྒྱུན་བསམ་གཞིགས་མོད་པའི་སྐབས་དང་ཁེར་རྐྱང་གི་སྣང་བས་ལུས་སེམས་གཅུར་དུས།དད་འདུན་གྱི་རླབས་ཕྲེང་རྩེན་པའི་བར་སྐོར་གྱི་མི་ཚོགས་ལ་གཡེང་བ་ཡིན།འགྲུལ་བ་མང་པོ་རྒྱང་རིང་ནས་ཡོང་སྟེ་ཇོ་ཁང་གི་མཁའ་དབྱིངས་སུ་རང་ཉིད་ཀྱི་སེམས་འདུན་བྱོ་ནས་འགྲོ།ཡིག་དྲུག་གི་དབྱངས་རྟ་མ་ལུས་ཇོ་བོའི་སྙིང་ཁར་སིམ་ཞིང་སོར་རྩེ་ལས་འཁྲུངས་པའི་དད་འདུན་མཐའ་དག་ཀྱ་ཀྱུར་རྒྱུ་བའི་བསང་དུད་ཀྱི་རྨུ་ཐག་ལ་བརྒྱུས་ནས་ལྷ་ཚོགས་ཀྱི་འཇིག་རྟེན་དུ་མཆེད།དེ་དུས་ཁེར་རྐྱང་གི་སྣང་བས་གཅུར་པའི་ང་ནི་ཁེར་རྐྱང་གི་ཕོ་བྲང་དང་འདྲ་བར་ཁྲོམ་གཟིགས་སྒང་གི་ཟམ་ཁ་དེར་འགྲེང་ནས་ཐག་རིང་གི་གངས་རིའི་ཕ་རོལ་ལ་རྒྱང་ལྟ་བྱས་པ་ཡིན།

        གསེར་མདོག་གི་སྟོན་ཁ།འདབ་ཆགས་མང་པོ་ཞིག་གི་གཤོག་སྣེར་འཇུས་ནས་རྒྱང་རིང་དུ་འཕུར་སོང་།སྡོང་ལོ་རེ་རེའི་ཉམ་ཐག་གི་ཚེ་སྲོག་ཁྲོད་འཛུལ་ནས་ས་རུ་ཟགས།གྱེས་བྲལ་དང་དྲན་གདུང་གི་རྨ་ཁ་ལྕི་བའི་ང་རང་གཙང་བོའི་རླབས་ངོགས་སུ་སྐྱོམ་པའི་ལོ་མ་སེར་པོ་ཞིག་ཏུ་གྱུར་ཏེ་རྒྱང་རིང་རྒྱང་རིང་ལ་ཁུར་ནས་མཐའ་མེད་པའི་རྒྱ་མཚོ་དེའི་འཇིངས་སུ་ནུབ་སོང་ན་སྙམ་ཨང་།།


རྩོམ་ཡིག་སྔོན་མ།
སློབ་གླིང་གི་མེ་ཏོག་ཚོ།
རྩོམ་ཡིག་རྗེས་མ།
སེམས་ཚོར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1