འབྲོག་མོ་ཁེར་རྐྱང་།

ཁང་གསར་ཚེ་དབང་རིག་འཛིན། (མགོ་ལོག) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


གཅིག

སྒྲོལ་མཚོ་ཉལ་ཁར་བཟའ་ཟླ་མཐོ་རིས་པོའི་ཆེད་དུ་ཡ་ཁྱིམ་གྱི་དོ་རྩའི་མཆོད་སྟེགས་ཆུང་ཆུང་དེའི་སྟེང་དུ་རྐོང་བུ་གཅིག་བསྒྲོན་ནས། “མར་ཁུའི་རྒྱ་མཚོ་ཡོངས་སུ་འཁྱིལ་བའི་རྐོང་།། ཕུན་ཚོགས་འོད་སྟོང་འབར་བའི་སྒྲོན་མེ་འདིས།། མུན་པའི་བསྐལ་བ་མ་ལུས་་་་་་་་སེལ་་་་་་མཛད་་་་་་མཛད་་་་་་ཅིང་་་་་་ཅིང་་་་་་”ཞེས་པའི་འདོན་མཚམས་དེ་ནས་སྔར་བཞིན་ངུ་དངངས་སུ་གྱུར་ཏེ་འདོན་མཚམས་ཆད་པ་དང་།མིག་མདུན་གྱི་འཚོ་བའི་སུན་གཙེར་ལ་ཕྱིར་བཀྱེད་ཅིག་བྱས་པ་ལྟ་བུའི་གཏིང་དུ་ཅུང་ལྷུང་བའི་མིག་ཟུང་ལས་གློ་བུར་ཆར་ཞོད་ཁྲོད་ཀྱི་སྦྲ་ནག་གི་ཐིགས་ཆུ་བཞིན་མཆི་མའི་རྒྱུན་ཤར་ཤར་བབས་པས། མོས་ལག་གཡོན་པས་ལྷ་ལ་བཙོག་སྐྱོན་ཤོར་དོགས་ཀྱིས་མཆུ་ཕུར་བྱས་ཡོད་པའི་དྲིན་མིན་ན་ངུ་དངངས་དེས་ད་ཅི་བསྒྲོན་མ་ཐག་པའི་གཉོམ་ཆུང་ངང་། འདར་ཙམ་འགུལ་ཙམ་བྱེད་ཀྱིན་པའི་རྐོང་བུའི་མེ་ལྕེ་དེ་ནག་ཚུབ་བེར་བཏང་ཡོད་ཤས་ཆེ། དེ་ལྟར་མ་བཏང་བ་ནི་ཤིན་ཏུ་ལེགས་སོང་ཞེས་བརྗོད་ཆོག གལ་ཏེ་མོས་ཁ་རླངས་དང་ཁ་ཆུས་རྐོང་བུ་བཏལ་ཡོད་ན། “མེ་འབར་སྟེང་ལ་ཤིང་སྐམ་བསྣན” ཞེས་པའི་དཔེ་ལྟར་སྐྱོ་ཐོག་སྐྱོ་བཞག་གིས་མཚན་མོ་དེའི་གཉིད་ཀྱང་གཅོག་སྲིད་ལ། མ་གུས་མ་རུང་བ་དེ་སྙམ་པའི་རྣམ་རྟོག་དགུ་འགྱུར་ཞིག་གིས་སེམས་ཁམས་སྔར་བས་དཀྲུག་སྲིད།

རྐོང་བུའི་མེ་ལྕེའི་འོད་དུ་སྒྲོན་མཚོའི་འགྲམ་ངོས་གཉིས་སུ་མིག་ཆུ་མང་ཙམ་བཞུར་བས་ཤུལ་གྱི་དྲེག་པ་བཀྲུས་ཏེ་ཤ་མདོག་དངོས་དེ་ཅུང་མངོན་ཞིང་། ཐོད་པ་དང་སྣ་གདོང་སོགས་ནི་སྔར་བཞིན་འདུག་པས།མོའི་གདོང་མདོག་ལ་བལྟས་ན་ཉིན་མོ་རི་སྒང་ན་ཡར་རྒྱུག་མར་རྒྱུག་བྱེད་ཀྱིན་པའི་གྲུམ་པ་ཞིག་གི་གདོང་དང་འདྲ་བོ་འདུག མོས་ངུ་དངངས་ཀྱི་མཚམས་ཅུང་ལྷོད་པ་ན། ཡང་བསྐྱར “མར་ཁུའི་རྒྱ་མཚོ་ཡོངས་སུ་འཁྱིལ་བའི་རྐོང་།། ཕུན་ཚོགས་འོད་སྟོང་འབར་བའི་སྒྲོན་མེ་འདིས།། མུན་པའི་བསྐལ་བ་མ་ལུས་སེལ་མཛད་ཅིང་།། འགྲོ་རྣམས་སངས་རྒྱས་མངོན་སུམ་མཐོང་བར་ཤོག”ཅེས་ཚར་འགའ་ཟློ་ཞོར་སེམས་ཀྱིས་རང་གི་བཟའ་ཟླ་མཐོ་རིས་པོར་བསྔོ་བ་བྱེད་པ་ལས། སྨོན་ལམ་དེའི་ནང་གི“འགྲོ་རྣམས”ཞེས་པར་ཁ་ཡ་བྱེད་ཀྱིན་མེད། ཡང་གཅིག་བཤད་ན“འགྲོ་རྣམས”ཞེས་པའི་ནང་དོན་ནི་མོ་ལ་སུ་ཞིག་གིས་ད་སྔ་གསལ་བོར་བཤད་མྱོང་མེད་པས་ཤེས་ཀྱང་མི་ཤེས།

ཕྱི་རོལ་ནས་རྒྱང་རིང་རྒྱང་རིང་གི་རི་བོ་མང་པོའི་ཕ་རོལ་ཞིག་ནས་གྲགས་འོང་བའི་ཚོར་བ་བྱིན་པའི་འབྲུག་སྒྲ་ལྡིར་བོ་ཞིག་མཚམས་དང་མཚམས་རེར་སུ་ཞིག་ལ་དོན་ཆེན་ཞིག་དྲན་སྐུལ་བྱེད་པ་ལྟར་ཅུང་ཙམ་རེ་ནས་ཐེངས་རེར་གྲགས་འོང་། མོས“དོ་ནུབ་ཕལ་ཆེར་ཆར་ཞོད་ཆེན་པོ་ཞིག་བབས་རྒྱུ་ཡིན་པ་འདྲ”སྙམ་ནས་སྦྲ་ནང་དུ་ཆུ་ཤོག་འཐེན་ཏེ་མ་ཁྱིམ་གྱི་སྨད་ཕྱོགས་སུ་མལ་ས་སྟབས་བདེ་ཞིག་བཟོས་ནས་ཉལ། བཟའ་ཟླ་མཐོ་རིས་པོ་འཇིག་རྟེན་ཕྱི་མར་བཞུད་པའི་ཉིན་ནས་བཟུང་མཚན་མོ་རེ་རེའི་ནུབ་ཟས་ཟ་བ་དང་། མལ་ས་བཟོ་བ། ཉལ་བའི་དུས་སོགས་ནི། ཁོ་རང་ཆེས་དྲན་པའི་དུས་ཤིག་ཡིན་ཏེ། དྲན་གདུང་དེ་ནི་ཁོ་ཚང་གི་དབྱར་སའི་ཕར་ངོས་ཀྱི་བྲག་རི་དམར་པོ་བཞིན་རྙིང་རྒྱུ་དང་འགྱུར་རྒྱུ་མེད་པ་ཞིག་རེད། དོ་ནུབ་ཡང་དེ་ལས་མ་འདས་པར་སྦྲའི་ཧྲག་འདབས་རལ་བོ་ལས་རླུང་བུ་ཤུར་ཤུར་ལྡིང་བ་བཞིན་སྐྱོ་བའི་ན་ཟུག་ཅིག་སེམས་ལ་འཚང་འོང་།

བཟའ་ཟླ་མཐོ་རིས་པོ་ཡོད་པའི་སྐབས་སུ་མཚན་མོ་ནི་ཁྱོ་ཤུག་ཟུང་སྣང་བ་ཆེས་སྐྱིད་པའི་དུས་ཡིན་ཏེ། ཉིན་གང་བོར་སོ་སོར་སྒོ་ཕྱུགས་ཀྱི་བདག་སྐྱོང་དང་ཕྱི་ལ་འགྲོ་འདུག ཁྱིམ་ལས་སོགས་ལས་ནས་སོས་དལ་རྒྱུ་མེད་མོད། མཚན་མོའི་ད་ཚོད་ནི་ལུས་སེམས་ལྷོད་ལ་བབས་པའི་དུས་ཚོད་ཁོ་ནར་འགྱུར་ཡོད། དེའི་ཕྱིར་ཁོ་གཉིས་ཀྱིས་ཡར་མར་གྱི་ཁ་བརྡ་སྣ་ཚོགས་ལབ་པ་དང་། ཁྱིམ་ཚང་གི་མ་འོངས་འཁོར་བའི་ཁ་ཕྱོགས་གླེང་བ། ལྷག་པར་དུ“ངས་འདོད་ནོ་འདོ་རིགས་རྟ་རེད། ། ཁྱོས་འདོད་ནོ་བེ་ཤིང་སྒ་རེད། ། ཁྱོ་འུ་གཉིས་འདོད་པ་གཅིག་རེད། ། སེམས་འདོད་ཐོག་གཅིག་ལ་བཞག་ན། ། ཚེ་གཅིག་གི་ཞོན་རྟ་ལོས་ཉན། ། ངས་འདོད་ནོ་སྨན་ཤར་ཁྱོད་རེད། ། ཁྱོས་འདོད་ནོ་སྟག་ཤར་ང་རེད། ། ཁྱོ་འུ་གཉིས་འདོད་པ་གཅིག་རེད། ། སེམས་འདོད་ཐོག་གཅིག་ལ་བཞག་ན། ། ཚེ་གཅིག་གི་བཟའ་ཚང་ལོས་ཉན། ། ”ཞེས་པ་ལྟ་བུའི་ལ་གཞས་བླངས་ཏེ། གཞོན་ནུ་ཕོ་མོ་གཉིས་ཕར་དགའ་ཚུར་དུང་གི་འཇིག་རྟེན་སྣང་བས་བསྐྱེད་པའི་ད་ལྟའི་ཁྱིམ་ཚང་གཅིག་ཏུ་འགྲོ་ཐུབ་པའི་སྔར་སོང་མཛེས་སྡུག་གི་བརྩེ་དུང་ལ་ཕྱིར་དྲན་བྱས་ནས།དགོད་སྒྲ་སྦྲའི་ཁ་ཚུབ་ཀྱི་དུ་བ་དང་མཉམ་དུ་དབེན་པའི་མཚན་མོའི་བར་སྣང་དུ་བསྐྱིལ་ཞིང་། ཕན་ཚུན་ཁ་མཚར་ཀུ་རེའི་ངང་ནས་ནུབ་ཇ་འཐུང་བ་དང་ཉལ་བ། ཉལ་ནས་གཅིག་གིས་གཅིག་བྲང་ལ་སྦྱོར་བ།ཞིམ་ཞིང་མངར་བའི་འོ་བྱེད་པ། ཕོ་མོའི་སྦྱོར་བས་ལུས་སེམས་དགའ་བདེས་ཁྱབ་ཚེ་ཇི་ལྟར་གཉིད་པའང་མི་ཤེས་པར་ཕྱིར་ཉིན་ཤར་སྐྱ་རེངས་ཀྱིས་སྦྲ་མིག་ལས་སྐྱ་ཐིག་འཐེན་རག་བར་དུ་མི་སད།

ད་ལྟ་མོ་ལ་མཚོན་ན་དུས་ཚིགས་བཞིའི་མཚན་མོ་རེ་རེ་ནི“སྟོན་ནམ་རྟ་བོས་མི་ཆོད”

ཅེས་པ་དང “སྟོན་ནམ་ཁུག་པ་བཅོ་བརྒྱད། མ་རུལ་མའི་ནམ་དང་བཅུ་དགུ”ཞེས་པའི་དཔེ་ལྟར་ཡོད་ཚད་སྟོན་ནམ་བཞིན་ཤིན་ཏུ་རིང་། ཡང་ན་སྟོན་ནམ་ལས་ཀྱང་ལྡབ་མང་པོས་རིང་ལ། དེ་ལྟའི་ཞག་སྐོར་སུམ་བརྒྱ་དྲུག་ཅུའི་ཕལ་མོ་ཆེའི་མཚན་མོ་རེ་རེ་ནི་མིག་ཆུས་གདོང་བ་བཀྲུ་བའི་མཚན་མོ་རེ་རེ་དང་། སྔར་སོང་བདེ་སྐྱིད་ཀྱི་དགོད་སྒྲ་རེ་རེ་མི་སྡུག་པའི་གཟུགས་ཀྱིས་མཚན་མོར་འཇབ་རྒོལ་བྱེད་པའི་གཅན་གཟན་གཏུམ་པོ་ལྟ་བུར་འགྱུར་འགྲོ། དེའི་ཕྱིར་སྒྲོལ་མཚོ་ད་ལྟ་མུན་རུབ་པར་སྐྲག་པའམ་སུན་སྣང་སྐྱེ། ཉིན་མོ་དྲན་པ་དེ་དག་མེད་པ་ནི་མིན་མོད། ཁྱིམ་ཚང་ཞིག་གི་སྒོ་ཕྱི་ཁྱིམ་གྱི་ལས་ཀ་ཡོད་ཚད་མོ་གཅིག་པུས་ལས་དགོས་པས་མཚན་མོ་ལྟ་བུའི་སེམས་པ་གཡེང་ཁོམ་ཞིག་མེད་པས་ན། ལྟོས་འཇོག་གིས་ཉིན་མོར་མིག་ཆུ་འཐོར་རྒྱུ་ཉུང་ཙམ་ཡིན།

ད་ལྟ་མོ་ལ་མཚན་མོར་སྲུང་སྐྱོབ་བྱེད་མཁན་དང་སྐྱོ་གྲོགས་ཉག་གཅིག་ཡོད་པ་ནི་ཁྱི་དོམ་ནག་ཁོ་ན་ཡིན། དབྱར་གཞུང་གི་མཚན་མོ་ཞིག་ཏུ་ཁྱི་དོམ་ནག་གིས་ངར་སྒྲ་དྲག་པོ་སྒྲོག་གིན་ཁོ་ཚང་གི་ཉེ་འགྲམ་ཞིག་ནས་སྲོག་བསྡོས་ཀྱིས་གཡུལ་འཐབ་ཅིག་བྱེད་ཀྱིན་པ་སྒྲོལ་མཚོས་རྨི་ལམ་དང་མངོན་སུམ་འདྲེས་མ་ཞིག་ལས་ཐོས། མོ་ཤིན་ཏུ་སྐྲག་ནས་མགོ་བོ་བཏུམས་སྟེ་ཕྱི་ལ་མ་ཉན། ཅུང་འགོར་རྗེས་མགོ་བོ་ཕྱེས་པ་ན་ད་ཅིའི་གཡུལ་འཁྲུགས་དེ་མེད་མོད། ཁྱི་དོམ་ནག་ཕར་གའི་གདོང་རྩའི་ཕྱོགས་ཀྱི་ཐག་རིང་ཞིག་ཏུ་ཟུག་སྐད་འབྱིན་བཞིན་རྒྱུག་གིན་པ་ཚོར། མོའི་སྙིང་གི་འཕར་ལྡིང་ད་དུང་འཇགས་མེད། འཇགས་མེད་པའི་སྙིང་གི་འཕར་ལྡིང་གི་བར་གསེང་ནས་སྒོ་ཕྱུགས་དང་ཁྱི་དོམ་ནག་འཚམས་བདེ་ཡིན་པའི་སྨོན་ལམ་བཏབས།

“རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ། ། འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱབས་སུ་གསོལ། ། རྗེ་བཙུན་འཕགས་མ་་་་་་”མོས་ངག་ལྡབ་ལྡིབ་ངང་གསོལ་འདེབས་དེ་འདོན་གྱིན་མུ་མཐུད་དུ་ཕྱི་ལ་རྣ་བ་འཕངས། སྣང་བར་དུས་ཡུན་རིང་ཙམ་འགོར་རྗེས་ད་གཟོད་ཁྱི་དོམ་ནག་ཁ་གདངས་ཤིང་ལྕེ་བསྣར་ཏེ་དབྱར་གཞུང་གི་ཙད་པས་སྒོག་པ་བཞིན་དབུགས་འཚུབ་ལེན་ངང་སྦྲའི་ཐག་ཉེར་ལོག་པ་ཚོར་བས་མོ་ད་གཟོད་ཅུང་བདེ་ལ་བབས། ཡིན་ནའང་དུས་ཡུན་རིང་མོར་གཉིད་ནི་སུ་ཞིག་གིས་ཐག་རིང་དུ་བདས་པ་ལྟར་ཀླད་པར་ཁུག་རྒྱུ་མ་བྱུང་། ཡ་ཁྱིམ་གྱི་མཆོད་མེ་གཟིམ་མེད་པར་བལྟས་ན་ད་དུང་ནམ་ཕྱེད་ཟིན་མེད་པ་ཤེས་ཐུབ།

ཞོགས་པར་ཤར་སྐྱ་རེངས་ཀྱི་སྐྱ་མདའ་དང་པོ་བཀྱག་ཙམ་ནས་མོ་མགྱོགས་པར་མལ་ལས་ལངས་ཏེ། སྒོ་ཕྱིར་བརྒྱུགས་ནས་རྟ་རྒོད་མ་གསུམ་པོ་དང་ནོར་ལྔ་བཅུ་ཡས་མས་བོ་བོར་ཡོད་མེད་བལྟས་པ་ན་ཕལ་ཆེར་ཚང་འདུག་པ་འདྲ་ལ། ཁྱི་དོམ་ནག་ནོར་ལྷས་འདབས་ཀྱི་ལྕི་སྤུངས་རྙིང་བའི་སྟེང་དུ་གོར་གོར་རྔ་འདྲ་བ་བྱས་ནས་ཉལ་ཡོད་པས་ད་གཟོད་མོའི་ལུས་སེམས་བདེ་ལ་བབས་པས། མྱུར་བར་ལྕི་སླེ་ཁུར་ཏེ་ཡང་བསྐྱར་འཚག་རྒྱུ་མེད་པའི་ཉིན་གཅིག་གི་ལས་ཀ་དང་པོ་ལྕི་བ་སྒྲུག་པའི་འགོ་བརྩམས།

ཉིན་གུང་ཙམ་དུ་མར་གའི་གདོང་འོག་ནས་མོ་ཚང་ལ་གདོང་གཏད་དེ་རྟ་བ་གཉིས་གསུམ་ཞིག་འོང་གིན་འདུག སྒྲོལ་མཚོའི་སེམས་སུ“ཁོ་ཚོ་སུ་ཞིག་ཡིན་ནམ། བཟའ་ཟླ་མཐོ་རིས་པོ་ཕྱི་མར་བཞུད་རྗེས་ནས་མོ་ཚང་ལ་འགྲུལ་བ་འགྲོན་པོ་ནི་གསེར་ལས་དཀོན་མོད། དེ་རིང་འདི་ཚོ་སྤྱིར་བཏང་གི་འགྲུལ་བ་ཞིག་ཨེ་ཡིན་ནམ། སྐྱབས་དང་སྐྱིབས་མ་མེད་པའི་བུད་མེད་ང་ལ་གཉོམ་ཚོད་ལ་ལྟ་མཁན་ཞིག་མིན་པར་ཤོག”སྙམ་ནས་མྱུར་བར་ཐབ་ཏུ་ཨོང་བ་དེད་ཅིང་རྫ་མ་ནག་རིལ་མ་ཐབ་ཏུ་བཞག་ཏེ་སྦྲ་སྒོར་བུད་ནས་བལྟས། ཁྱི་དོམ་ནག་ནི་མདང་ནུབ་ལྟར་ཞེ་སྡང་གི་མིག་རྩ་དམར་ལྷོག་ལྷོག ང་རྒྱལ་གྱི་མཆེ་བ་དཀར་སིང་སིང་གིས་ལྕགས་ཐག་ལ་ཚག་སྒྲ་དང་སིལ་སྒྲ་གྲགས་ཀྱིན་ཁོ་ཚང་དང་ཐག་ཇེ་ཉེར་འོང་བཞིན་པའི་རྟ་བ་དེ་ཚོའི་སྟེང་དུ་སྐོར་འཐེན་དྲག་པོ་བྱེད། “འདི་ཚོ་ངེད་ཚང་གི་དགྲ་ཡིན་པས་ཉེ་བར་བཏུད་དུ་འཇུག་མི་རུང”ཞེས་ཟེར་བ་ལྟར་ཁོང་ཁྲོ་དྲག་པོས་མཆེ་བ་གཙིགས་ཤིང་ཟུག་སྐད་འབྱིན། ཁོ་ཚོ་སྦྲའི་ཐག་ཉེ་སར་སླེབས་པ་ན་འཕྲོ་རིམ་འཕྲོར་རྟ་ལས་བབས་ཏེ་རྟ་རྣམས་ཕུར་བར་བཏགས་རྗེས། ཁྱི་དོམ་ནག་ལ་མིག་ལོག་གིས་ཡང་ཡང་ལྟ་བ་དང་གཅིག་གིས་སྐེད་ཀྱི་གྲིའི་ཡུ་བ་ལ་འཇུ་བ་དང་གཉིས་ཀྱིས་གཡས་ལག་གི་ལག་མགོ་རུམ་དུ་བཅུག་པར་བལྟས་ན་ལྕགས་འཁོར་གྲ་སྒྲིག་བྱས་ཡོད་པ་ཤེས་ཐུབ། “ཁྱེད་ཚོ་ཨེ་དཀའ་ཐལ”སྒྲོལ་མཚོས་སྐད་མགོ་གཉོམ་པོས་གློ་བུར་བའི་མགྲོན་པོ་ཚོར་འཚམས་འདྲི་བྱས་པ་ན། དེ་དག་ལས་དར་མ་ཞིག་འདུག་པ་དེས“དཀའ་མ་ཐལ་ཡང་དཀའ་ལས་ཅན་ཞིག་བྱས་འདུག་ཡ”ཞེས་མོའི་གདོང་ལ་ཁྲེལ་དགོད་དང་བཅས་ལྟ་ཞོར་ཁྱིམ་དུ་འཛུལ། སྒྲོལ་མཚོ་ཡིད་གཉིས་ཐེ་ཚོམ་དུ་གྱུར། སེམས་སུ“གནའ་ནས་ད་ལ་ཐུག་གི་བར་དུ་མགྲོན་པོ་ཚོས“མ་དཀའ་ཐལ་ལམ་དཀའ་མ་ཐལ”ཞེས་འཛུམ་མདངས་དང་བཅས་ལན་སློག་པ་ལས། “དཀའ་ལས་ཅན་ཞིག་བྱས་འདུག་ཡ”ཞེས་པའི་སྐད་ཆ་ཞིག་གོ་མ་མྱོང་། ཁོ་ཚོའི་རྣམ་འགྱུར་དང་སྐད་ཆ་གང་ལ་བལྟས་ཀྱང“མི་འདི་ཚོ་ཡག་པོ་ཞིག་མིན་ཁོ་ཐག་རེད”སྙམ་གྱིན་སྐྲག་སྣང་དང་བཅས་ཁོ་ཚོའི་རྗེས་སུ་ཁྱིམ་དུ་འཛུལ། མོས་མྱུར་བར་ཡ་ཁྱིམ་དུ་སྟན་ལབ་ལོབ་ཅིག་བཏིངས་ནས“སྡོད་དང་། སྡོད་དང”ཞེས་གུས་བཀུར་དང་བཅས་ཟེར་ཞོར་མྱུར་བར་ཐབ་ལ་ཨོང་བ་བསྣན་ནས་ཇ་བསྐོལ་གྲབས་བྱས། ཁོ་ཚོ་འཐད་ལ་མི་འཐད་པའི་ངང་ནས་སོ་སོའི་སྟན་ཐོག་ཏུ་སྡོད་ཞོར་དང་སྦྲའི་ནང་གི་གང་སར་མཐོང་ཆུང་གི་མིག་ཉུལ་བྱེད་ཞོར“ཡ་སྒྲོལ་མཚོ། ཇ་སྐོལ་མི་དགོས།ང་ཚོ་སྐྱིད་ཀྱི་རྟ་ཁ་མ་དོ་བར་འོང་བ་མིན། སྡུག་གི་ཡོབ་ཆེན་མ་ནོན་པར་འོང་བ་ཡིན། ང་ཚོས་མ་བཤད་ཀྱང་ཁྱོའི་སེམས་ན་གསལ་ལྷིང་ངེ་ཡིན་ངེས། མདང་ནུབ་ང་ཚོའི་ཤ་ཉེ་ཞིག་མཚན་མོར་ཡུལ་ལ་ལོག་པའི་ལམ་བར་དུ། ‘མྱི་རང་འདུག་མགོ་ལ་ཁུ་ཚུར་གནམ་འབབ’ཞེས་པའི་དཔེ་ལྟར་ཁྱོད་ཚང་གི་ཁྱི་རྒན་ལྟས་ངན་འདིས་ཅུང་མིན་ན་མི་སྲོག་དམར་པོ་ཞིག་བླངས་སོང་འདུག དེ་རིང་སྨན་ཁང་དུ་སོང་ཡོད་པས་རྗེས་ཕྱོགས་ཁོ་ཤི་ན་རོ་སྐྱིན་དང་། གསོན་ན་སྟོང་འཇལ་དགོས་པ་སྨོས་ཅི་དགོས་པས་ད་ལྟ་ནས་མ་བརྗེད་སེམས་ལ་ཟུངས། མ་བོར་རུམ་ལ་སྡུས”ཞེས་སོགས་སྒྲོལ་མཚོའི་ཡིད་ཀྱི་དགུ་ལའང་ཤར་མ་མྱོང་བའི་སྡིག་དམོད་དང་འཇིགས་སྐུལ་སྣ་ཚོགས་ཁ་གང་མང་གིས་བྱས་ཏེ། སྣ་ནང་ནས“ཧིན”སྒྲ་དང་བཅས་སྒོར་བུད། སྒྲོལ་མཚོས་ངུ་མ་དངངས་ཀྱིས“ངེད་ཚང་གི་ཁྱི་དོམ་ནག་གིས་བརྒྱ་སྡེའི་རྒྱ་ལམ་གྱི་ལམ་འགྲོ་བ་ལ་དེ་འདྲ་གནག་མི་སྲིད་པ་དང་། མཚེར་ས་འདི་ནས་ལྷག་ཏུ་རྒྱ་ལམ་ཐག་རིང་ཞིག་ཏུ་ཡོད་པས་དཔེ་མི་སྲིད། མདང་དགོང་མཚན་དཀྱིལ་ཞིག་ཏུ་ངེད་ཚང་གི་སྦྲ་དང་ཐག་ཤིན་ཏུ་ཉེ་ས་ཞིག་ཏུ་དོམ་ནག་གིས་ཅིག་བདའ་ཞིང་འཐབ་མོ་བྱས་སོང་བས། ངས་ནི་རྐུན་མའམ་ཅི་ཞིག་ཡིན་ངེས་སྙམ་སོང་། དྲིན་ཆེན་ཚོ། དེ་འདྲ་མི་ལབ་རོགས”ཞེས་སོགས་མདང་ནུབ་ཀྱི་དོན་དངོས་དང་གནས་ལུགས་ལབ་མོད། ཁོ་ཚོས་མོ་དང་ཁྱི་དོམ་ནག་ལ་མིག་ལོག་གོར་གོར་ལྟ་བཞིན་རྟ་ལ་བཞོན་ནས་ཐག་དིར་རེར་ཕྱིར་ལམ་ལ་ཆས་སོང་། མོས་ཕུ་ཐུང་གིས་མིག་ཆུ་འབྱིད་ཀྱིན་སྦྲ་ནང་དུ་འཛུལ། བུད་མེད་ཁེར་འདུག་གིས་གཉོམ་ཚོད་ཐུབ་ཚོད་དཔེ་མི་སྲིད་པ་འདི་འདྲ་ཁུར་དགོས་པ་ཇི་འདྲའི་ལས་ངན་པ་ལ་སྙམ་པ་དང་བསྟུན། བཟའ་ཟླ་མཐོ་རིས་པོ་ལྷག་ཏུ་དྲན་ནས་སེམས་པར་སྐྱོ་སྡུག་གི་ན་བུན་སྟུག་པོ་འཁྲིགས། ན་བུན་སྟུག་པོ་ལས་མཆི་མའི་ཆར་རྒྱུན་ཡང་ཤར་ཤར་བབས། དེ་རིང་གི་གནམ་ངོ་ཡང་སྤྲིན་པ་དགུ་བརྩེགས་ཤིག་གིས་བཏུམས་འདུག་ལ། མི་འགྱང་བར་ཆར་ཞོད་ཆེན་པོ་ཞིག་འབབ་རྒྱུར་ཐེ་ཚོམ་མི་འདུག

གཉིས།

ཉིན་དེར་གནམ་གཤིས་ཤིན་ཏུ་དྭངས་པས་རི་ཐང་ཀུན་ལ་དྲོད་འཇམ་ཉི་མའི་ཟེར་མདངས་ཀྱིས་ཡོངས་སུ་འཁྱུད་ཅིང་།

ཡུལ་ལྗོངས་འདི་ལྗང་མདོག་གི་ཁོར་ཡུག་ལྟ་ན་སྡུག་པ་ཞིག་ཏུ་སྣང་། ཡིན་ནའང་སྒྲོལ་མཚོའི་སྣང་ཡུལ་ལ་དབྱར་གྱི་མཛེས་སྡུག་ནི་མཛེས་སྡུག་ཅིག་ཏུ་མཐོང་ཐུབ་ཀྱིན་མེད། དེ་ནི་ནད་མཁྲིས་པ་ཅན་གྱི་མིག་ལམ་ན་དུང་དཀར་པོའི་ཁ་དོག་སེར་པོ་ཡིན་པ་དང་འདྲ་བ་མ་ཡིན་ནམ།མོས་ནོར་ལྔ་བཅུ་ཡས་མས་དེ་རི་སྒང་ནས་འཚོ་བཞིན་མར་བལྟས་པ་ན། མོའི་སྦྲ་ནག་ནི་ཁྱི་དོམ་ནག་ལས་ཅུང་ཆེ་ཞིག་ལས་མི་མཐོང་ལ། ཁྱི་དོམ་ནག་ནི་མཚམས་རེར་མིག་གིས་མི་ཟིན། མཚམས་རེར་ལྕི་བ་ཞིག་གི་བོངས་ཚད་ལྟ་བུ་ཞིག་མཐོང་། མོས་རྒྱ་ལམ་དང་ཁོ་མོ་ཚང་གི་སྦྲ་གཉིས་ཀྱི་བར་ཐག་ལ་བལྟས་པ་ན་དངོས་བར་ཐག་རིང་པོ་གདའ། རྒྱ་ལམ་དུ་ལམ་འགྲོ་བ་སྐྱ་མི་རེ་ཟུང་འགྲོ་བཞིན་འདུག་པར་ཁྱི་དོམ་ནག་གི་ཟུག་སྐད་ཁ་ཤས་རེ་འབྱིན་པ་ཙམ་ལས་དོ་སྣང་ཆེར་བྱེད་ཀྱིན་མི་འདུག་པ་འདྲ། དེ་ནི་མོས་ཚོད་དཔག་ཀྱང་བྱེད་ཐུབ་སྟེ། བརྒྱ་སྡེའི་རྒྱ་ལམ་དུ་བརྒྱ་ཡར་འགྲོ་དང་སྟོང་ཐུར་གཤར་ཡིན་ལ་དེ་ནི་ཁོ་མོ་ཚང་ལ་འབྲེལ་བ་མེད་པས། ཁྱི་དོམ་ནག་གིས་སྔོན་ཆད་ཀྱང་དོ་སྣང་ཆེན་པོ་མི་བྱེད། དེ་ལས་ལྡོག་སྟེ་ཁོ་ཚང་གི་ཉེ་སར་བཅར་མཁན་ཞིག་ཡིན་ཚེ་སྦོམ་ལ་རིང་བའི་ལྕགས་ཐག་གི་ནང་དུ་ཚག་སྒྲ་འབྱིན་ཞིང་།ལྕགས་ཀྱི་ཨ་ལོང་ཡང་རྩིད་སྐུད་བཞིན་གཅོད་ལོས་འགྲོ་སྙམ་པའི་སྐོར་འཐེན་དྲག་པོ་བྱེད་ངེས། རི་སྒང་ནས་མོས་ཁ་སྔོན་གྱི“མི་རང་འདུག་མགོ་ལ་ཁུ་ཚུར་གནམ་འབབ”ཞེས་པའི་དཔེ་ལྟར་གྱི་མ་ཉེས་ཁ་གཡོག་དེར་བསམ་བློ་བཏང་། ད་ལྟ་རང་ཉིད་ཀྱི་སྡུག་བསྔལ་དེ་བཤད་ས་གཅིག་ཙམ་ཡོད་པ་ནི་ཨ་ཞིང་དགེ་བཟང་ཡིན། འོན་ཀྱང་ཨ་ཞིང་ཚང་ནི་ཐག་རིང་ཞིག་ན་ཡོད་པས་ཐུག་མི་ཐུབ། སྔོན་ཆད་བཞིན་ཁྱོད་དགའ་ང་སྐྱིད་ཀྱི་འགྲུལ་བ་མགྲོན་པོ་གཅིག་ཀྱང་མེད་པས་འཕྲིན་བསྐུར་ས་ཡང་མི་རྙེད། གལ་ཏེ་ཨ་ཞིང་ཡོང་བའི་དབང་དུ་བཏང་ནའང་ཁ་སྔོན་གྱི་མི་ཚོས་ཚུགས་ཀ་རྣམ་འགྱུར་གང་ལ་བལྟས་ནའང་།གནས་ལུགས་ལ་མི་ཉན་ཞིང་། རྒྱུ་འབྲས་བརྩི་བསྲུང་མི་བྱེད་པའི་སྡུག་ཆག་ཁོ་ན་ཡིན་ངེས་པས་ཨ་ཞིང་གྱོད་དོན་སེམས་ཀྱིས་མི་ལོངས་པ་ཞིག་གི་ནང་དུ་དྲངས་པ་ལས་ཅི་ཡང་མི་ཕན་ཡང་སྲིད། ད་ནི་དོན་དག་འདི་གང་འདྲ་ཞིག་ཏུ་སོང་ཡང་རང་ཉིད་ཀྱིས་ཁུར་བ་ལས་འོས་མེད་སྙམ་ནས་སླར་ཡང་མཁུར་ཚོས་སུ་མིག་ཆུ་རྡོག་པོ་འགའ་མགྱོགས་པོར་འགྲིལ་སོང་། དེ་ལྟར་དབྱར་གཞུང་གི་ཉི་འོད་དྲོན་པོའི་འོག་ནས་སྒྲོལ་མཚོའི་མཁུར་ཚོས་སུ་ཆུ་ཡི་ཐིགས་པ་ཟགས་པའི་གྲངས་ཀ་སུ་ཞིག་གིས་བགྲང་ནུས། དྲོད་སྐྱིད་ཀྱི་དབྱར་གཞུང་འདིར་མོའི་སེམས་པ་ཆུ་འོག་གི་རྡོ་བཞིན་ཤིན་ཏུ་གྲང་བའང་སུ་ཞིག་གིས་ཤེས།

ཕྱི་དྲོ་གྲིབ་ཆེན་གྲིབ་ཆུང་གིས་ལག་སྦྲེལ་བའི་སྐབས་སུ་སྒྲོལ་མཚོའི་རི་སྒང་ནས་ནོར་དག་མར་ཕབ་ཞོར་ཁོ་ཚང་དང་ཐག་དེ་འདྲ་མི་རིང་བའི་རུ་བ་དག་ལ་མིག་མདའ་འཕངས། རུ་བ་དག་གི་སྦྲ་ནག་རེ་རེའི་ཁ་ཚུབ་ལས་དུ་བ་སྔོན་མོ་གཡས་གཅུ་གཡོན་གཅུ་བྱས་ནས་འཕྱུར་གྱིན་འདུག་ལ། དུ་བའི་འགྲོས་ལས་སྦྲ་ནང་དུ་རྫི་བོ་དག་ལ་ཁྱིམ་མིས་ཁ་ཟས་གཡོས་ནས་སྒུག་ཡོད་པ་རྟོགས་ཐུབ་ལ། འཛུམ་དཀར་གྱི་བསུ་མ་དང་སྤྲོ་སྐྱིད་ཀྱི་གླེང་མོལ་ཡོད་པའང་ཤེས་ནུས། འོན་ཏེ་མོའི་སྦྲ་ནག་ནི་དབུགས་འགག་ལ་ཉེ་བའི་དཔྱིད་ཀའི་གཡག་རྒན་ལོ་ལོན་ཞིག་ཐང་དུ་ཉལ་བ་ལྟར་གསོན་ཤུགས་མེད་པར་གྱུར་ཡོད་པས་ན། མོས་སླར་ཡང་ཁེར་རྐྱང་གི་འཚོ་བར་དབུགས་རིང་ཞིག་དབང་མེད་དུ་ཤོར།

མོ་ནི་ད་ལྟ་མི་སྐད་སྨྲ་ཤེས་ཀྱང་སྨྲ་ས་མེད་པར་སྒོ་ཕྱུགས་དག་ལྟར་མཆུ་བསྡམས་ནས་སྡོད་དགོས་པའི་ཚད་དུ་ལྷུང་། བཟའ་ཟླ་མཐོ་རིས་པོ་ཡོད་པའི་སྐབས་སུ་གཉིས་ཀས་ལོ་ངོ་བཞི་ལྔ་ཞིག་ཏུ་བྱིས་པ་ཞིག་ཨེ་སྐྱེ་ལ་རེ་བ་ཆེན་པོ་བཅངས་པ་སྟེ། དགོན་པའི་ནང་དུ་བཅའ་བ་སྐུ་རིམ་བསྒྲུབས། ཕྱག་མཆོད་དང་ཁ་ཏོན་བཏོན། ནམ་རྒྱུན་འདོད་པར་ཤུ་རེམ་གྱིས་རོལ་བ་དང་། ཐ་ན་བཟའ་ཟླར་ཁུ་བ་འབྱིན་པའི་སྐད་ཅིག་མ་དེར“ད་ཐེངས་ད་ཡིན་ཨང་། བུ་ཡིན་ནམ་བུ་མོ་ཡིན”སྙམ་པའི་དམིགས་པའམ་རེ་འཁྲེང་བྱས་པའ་བགྲང་གིས་མི་ལངས་མོད། རེ་འབྲས་ཅི་ཡང་མ་སྨིན། རྗེས་སུ་བཟའ་ཚོ་གཉིས་ཀྱིས་རང་རེ་གཉིས་ལ་བུ་ཕྲུག་གི་ལས་སྐལ་མི་འདུག་པ་འདྲ་བས། རྒས་དུས་ཀྱི་ལག་རྟེན་དང་ཤི་ན་ཁྱིམ་ཚང་གི་རྒྱུ་བདག་བྱེད་མཁན་གྱི་བུ་སྐལ་ཞིག་སློང་རྒྱུའི་ཕྱོགས་ལ་གྲོས་བྱས། དེའི་ཕྱོགས་ལ་གཉིས་ཀར་བསམ་པ་གཅིག་མཐུན་བྱུང་སྟེ། བཟའ་ཟླ་མཐོ་རིས་པོའི་ཨ་ཁུ་ཚང་གི་བུ་འབྲིང་བ་ཚང་ལ་བྱིས་པ་ལོ་གཉིས་རེའི་མཚམས་ནས་རེ་རེ་སྐྱེ་བཞིན་ཡོད་པས། ཁོ་ཚང་ལ་སྐྱེས་མ་ཐག་པའི་བུ་ཕྲུག་ཅིག་སློང་རྒྱུའི་གྲོས་ཐག་བཅད། ཐག་དེ་འདྲ་བཅད་རྗེས་ཁོ་གཉིས་ལ་བུ་ཕྲུག་ཅིག་སྐྱེ་ལ་ཉེ་བ་ལྟར་གྱི་སྤྲོ་སྣང་བྱུང་ནས། ཇི་ལྟར་སྙོར་སྐྱོང་བྱེད་པ་དང་། སྙོར་བྱེད་ཀྱི་འཛུང་ཁུག་དང་རྭ་ནུ་སོགས་ཀྱང་གྲ་སྒྲིག་གང་ལེགས་བྱས། འོན་ཀྱང“མ་འོངས་པ་ཡི་མདུན་མ་བསུ། མ་འོངས་པ་ཡི་མདུན་བསུས་ན། ཟླ་བ་གྲགས་པའི་ཕ་དང་འདྲ”ཞེས་པའི་གཏམ་རྒྱུད་དང་འདྲ་བར་ཁོ་གཉིས་ཀྱི་མ་འོངས་པའི་འཆར་འགོད་དག་ལམ་སློང་མ་བྱུང་བའི་མི་ཚད། ཁྱིམ་ཚང་གི་རྒྱབ་རི་སྟེ་བཟའ་ཟླའང་གློ་བུར་གྱི་རྐྱེན་ངན་ཡ་ང་བ་དེས་འཇིག་རྟེན་ཕྱི་མར་ཁྲིད་སོང་། དེ་ནས་བཟུང་སྒྲོལ་མཚོ་ནི་སྲིབ་ངོས་ཀྱི་ཤུག་སྡོང་ཁེར་སྐྱེས་དེ་དང་འདྲ་བར་དུས་བཞིར་ཁེར་རྐྱང་ཁོ་ནར་གྱུར་བ་རེད།

ཉིན་འགའི་རྗེས་ཀྱི་སྔ་དྲོ་དེར་སྒྲོལ་མཚོའི་ཉིན་སྒང་གི་ནོར་དག་ལ་མིག་གིས་རྒྱང་འཚོ་བྱེད་ཞོར་ལྷས་འདབས་ནས་ཨོང་བ་བཀོག་ཀྱིན་ཡོད། སེམས་སུ“ཨོང་བ་འདི་བཀོག་ནས་ཁྱིམ་དུ་ལེན་པའི་བར་དུ་ནོར་དག་རིའི་ཕར་ནང་དུ་མི་འབུད་པར་ཤོག གལ་ཏེ་བཀོག་ནས་ཁྱིམ་དུ་ལེན་ཁོམ་མ་བྱུང་ན་དགོང་མོ་ཕྱིར་ལོག་རག་བར་ཆར་བབས་ནས་རློན་པར་གཏོང་ཤས་ཆེ། དེ་ལྟར་གནམ་གཤིས་ཉིན་འགར་མ་ཡག་ན་ཇ་བསྐོལ་བྱེད་ཀྱི་འབུད་རྒྱུ་ཟད་པར་འགྱུར་བས་ཇ་འཁྱག་འཐུང་དགོས་ཨེ་མི་ཐུག”སྙམ་བཞིན་བྲེལ་བ་ཆེན་པོས་ནག་ཅིང་དྲེག་པ་ཆགས་པ། ཤ་ཟད་རུས་ལ་ཐུག་པའི་ལག་པ་དང་ལག་ཏུ་བཟུང་བའི་ལྕགས་ཀྱི་བྲེ་ལུ(ཐང་ནས་ཨོང་བ་བྲད་བྱེད་ཀྱི་ལྕགས་ཀྱི་སྦར་མོ་ལྟ་བུའི་ལག་ཆའི་མིང)གཉིས་ཆ་འགྲིག་གི་ངང་ནས་ཨོང་བ“ཐྲག་ཐྲག ཐྲག་ཐྲག ཐྲག་ཐྲག”གི་ངང་ནས་བཀོག་གིན་ཡོད། གློ་བུར་དུ་ཁྱི་དོམ་ནག་ཟུག་བྱུང་། མོས་ཁྱིའི་ལྟ་ཕྱོགས་སུ་མིག་འཕངས་པ་ན། མར་ཕྱོགས་ཀྱི་གདོང་འོག་ནས་རྒྱ་ལམ་མི་སྙེག་པར་ཁོ་མོ་ཚང་གཟས་ནས་སྐྱ་མི་ཁ་ཤས་འོང་གིན་འདུག མོས་ཉེ་སྔོན་ཐུབ་ཚོད་བཏང་བའི་མི་ཚོ་ཡིད་ལ་དྲན་ནས་སེམས་པ་སྡུག་ལྷང་ངེར་བཏང་། ཨེ་བདེན་བདེན་ལ་ཡང་ཁོ་ཚོ་རེད་འདུག རྟ་ལ་རྔ་མདུད་བརྒྱབ་ཅིང་གྲི་རིང་སྐེད་པར་གཟར་ནས་རྫིག་རྫིག་ངང་ལྷས་འདབས་སུ་ཐོན་བྱུང་། དོམ་ནག་གིས“དེ་རིང་ཁོ་ཚོ་དང་ཁྱོད་ཤི་ང་གསོན་གྱི་གཡུལ་འཁྲུགས་ཤིག་མ་བྱས་ན་ཤི་བའི་རོ་དང་འདྲ”ཞེས་འགྱུར་མེད་ཀྱི་དམ་བཅའ་བཞག་པ་ལྟར་ང་རྒྱལ་དྲག་པོས་ཁོ་ཚོས་སྟེང་དུ་གནམ་ལ་ལྡིང་བཞིན་འཐེན། སྒྲོལ་མཚོས་ཨོང་བ་བཀོག་འཕྲོ་བྱས་ཏེ་མ་བོས་འགྲོན་པོ་དེ་དག་གི་རྟ་ཁ་མི་ལེན་ཀ་མེད་བྱུང་། ཁོ་ཚོ་ཁྱིམ་དུ་འཛུལ་མ་ཐག་ནས་མཐོང་ཆུང་གི་ཉམས་འགྱུར་དང་བཅས “ཡ་སྒྲོལ་མཚོ། ང་ཚོ་དོན་དག་ཅིའི་ཕྱིར‘ས་ནག་པོ་འདོམས་ལ་འཇལ། སྤྲིན་དཀར་པོ་ཐོད་དུ་བཟུང་ནས། མི་ཚེགས་རྟ་ངལ’གྱིས་འདིར་འོང་བ་ང་ཚོས་མ་བཤད་ཀྱང་ཤེས་ངེས་རེད། གནའ་མི་བོད་ཀྱི་གཏམ་དཔེར ‘ཁ་ལག་པས་ལས་པ་མགོ་གཉའ་ཡིས་འཁུར་དགོས’ཞེས་པ་ལྟར་རེད། ངེད་ཚང་གི་མི་བརྒྱ་སྡེའི་རྒྱ་ལམ་དུ་འགྲོ་རུ་མ་བཅུག་པར་ཅུང་མིན་ན་མི་སྲོག་དམར་པོ་ཁྱི་གདའ་ལིའི་ཁ་རུ་བཞག་སོང་བས། ད་ལྟ་ཁྱོད་ཀྱིས་ཁྲག་སྟོང་ཇི་ལྟར་འཇལ་རྒྱུ་ཡིན།བཤགས་པ་ག་རེ་བྱེད་རྒྱུ་ཡིན”ཞེས་སྐད་ཚན་གྱིས་བཤད་བྱུང་། སྒྲོལ་མཚོ་ངུ་མ་དངངས་ཀྱིས“ཁྱེད་ཚང་གི་མི་བརྒྱ་སྡེའི་རྒྱ་ལམ་དུ་ངེད་ཚང་གི་ཁྱིས་འགྲོ་རུ་མ་བཅུག་པ་ལར་ནས་མ་རེད། ངས་ཁ་སྔོན་ཁྱེད་ཅག་ལ་ཞུས་པ་ལྟར། ངེད་ཚང་གི་ཁྱིས་རྒྱ་ལམ་གྱི་འགྲུལ་བར་རྨུག་མི་སྲིད། ཁ་སྔོན་མཚན་མོར་ཁྱིས་རྨུག་ས་ནི་ངེད་ཚང་གི་སྦྲ་དང་ཐག་ཤིན་ཏུ་ཉེ་བ་ཡིན་པ་ངས་གོ་བ་ཡིན”ཞེས་དྲང་གཏམ་གླེང་བ་ན། ཁོ་ཚོའི་ཁ་སུའི་སྔ་ཡིས“ཧིན། ཁྱེད་ཚང་གི་སྦྲ་ཟུར་ཡིན་ན་ཁྱོས་ཁྱི་མི་འགོག་པར་བསམ་བཞིན་དུ་མི་ལ་ཁྱིས་རྨུག་ཏུ་བཅུག་པ་མིན་ནམ། ཁྱོས་བསམ་གཟས་ནས་དོན་དག་ངན་པ་འདི་བསླངས་པ་མ་ཡིན་ནམ”ཞེས་སྔར་བས་རྫིག་རྫིག་གིས་གླེང་བྱུང་། སྒྲོལ་མཚོས་མཆུ་མ་འབྱིད་ཞོར“ངས་ནི་ངེད་ཚང་ལ་རྐུན་མ་འོང་བ་ཁྱིས་བཀག་པ་རེད་སྙམ་པ་ཡིན་ལ། སྨག་ནག་པའི་མཚན་མོར་སྒོར་བུད་མ་ཕོད་པར་མགོ་བཏུམས་ནས་གསོལ་འདེབས་རེ་བྱེད་ཀྱིན་བསྡད་པ་ཡིན”ཞེས་ཡང་བསྐྱར་ཁ་སྔོན་མཚན་མོའི་གནས་ཚུལ་དྲང་མོ་དྲང་རྐྱང་གི་ངག་གིས་ལབ་པ་ན། ཁོ་ཚོ་སྔར་བས་ཁོང་ཁྲོ་ལངས་ནས་སྐད་མགོ་ཇེ་མཐོར་བཏང་སྟེ“ཨ་ཙི་ཙི། སྒྲོལ་མཚོ་ཡ་སྒྲོལ་མཚོ། དེས་ན་ཁྱོད་ཀྱིས་ངེད་ཚང་གི་མི་རྐུན་མ་རེད་ཟེར་བ་རེད་མོ། ཁྱོས‘རང་ཁ་གསེར་གྱི་སྒོ་མོ། རང་སྲོག་གཅོད་པའི་སྟ་རེ’ཟེར་བ་གོ་ཨེ་མྱོང་། ཁྱོས་ངེད་ཚང་གི‘མི་དཀར་པོའི་མགོ་ལ་ཞྭ་ནག་པོ་བཀབ་པ’རེད་ཨང”ཞེས་སྲིད་པ་འཇིག་རྟེན་ན་མི་སྲིད་པའི་བཙན་འགེལ་ཞིག་བྱས་པ་ལྟར་ཁ་ཆུ་ཁྲབ་ཁྲབ་ཀྱིས་མོ་རྡུང་ལ་ཁད་དང་དྲུད་ལ་ཁད་བྱེད། སྒྲོལ་མཚོའི་སེམས་སུ“དེས་ན་ཁོ་ང་ཡོད་སར་བྱི་བདའ་ལ་འོང་བ་ཡིན་ངེས་མ་གཏོགས་ངེད་ཚང་གི་སྦྲ་འདབས་སུ་གཞན་པའི་ཁོར་དགོས་པ་ཞིག་གང་ན་ཡོད། ཅེས་པའི་སྐད་ཆ་དེ་མིད་པའི་སྒོར་ཐོན་མོད། ཡང་སེམས་སུ་མོའི་བཟའ་ཟླ་མཐོ་རིས་པོ་ཤི་རྐྱེན་ཡ་ང་བའི་འཇིག་རྟེན་ཕྱི་མར་བཞུད་ནས་བཟུང་ཁེར་རྐྱང་གི་འཚོ་བ་ལོ་ངོ་འགའ་ལ་རོལ་མོད། སྐྱེས་པ་ཞིག་གིས་མོ་ལ་ཉིན་མཚན་གཉིས་སུ་ཆགས་ཉམས་ཤིག་སྟོན་མ་མྱོང་བས་འདི་ཡང་ཟེར་ཨེ་ཉན་ནམ་སྙམ་ནས”ཁ་རུ་འཕུད་མ་ཕོད། དེ་ལྟར་ཁོ་ཚོས“མི་ཁེར་བཤད་ཀྱི་མཁས་མེད། རྟ་ཁེར་རྒྱུག་གི་མགྱོགས་མེད”ཅེས་པའི་དཔེ་ལྟར། སྒྲོལ་མཚོའི་མགོ་ལ། སྒོ་ཁྱི་བདག་མ་བྱས་པར་བརྒྱ་སྡེའི་རྒྱ་ལམ་ནས་ལམ་འགྲོ་བར་རྨུགས་ཏེ་རྨས་སྐྱོན་ཆེན་པོ་ཐེབས་པ་དང་། མི་ཚེ་འདིར་རྐུན་ཇག་ཅིག་ཡེ་ནས་བྱེད་མ་མྱོང་ཞིང་ཕྱིན་ཆད་ཀྱང་མི་སྲིད་པའི་མི་ཡག་པོ་ལ་རྐུན་མ་ཡིན་པའི“གླེང་ས་རྡོས་མི་ཐེག་པ”ཞིག་བཀལ་ནས་མི་ཁར་གཡུག་པ་སྟེ། གྱོད་སྣ་གཉིས་བཟོས་པར་ཉེས་བཤགས་སུ་འབྲི་གསུམ་དང་གཡག་གཅིག་འཇལ་དགོས་པར་བཤད་ཅིང་། དགོང་མོ་ནོར་རྣམས་ལྷས་སུ་ཐོན་ཚེ་ལེན་དུ་འོང་རྒྱུ་ཡིན་ཞེས་ཆེ་ཉམས་འགྱིང་ཉམས་དང་བཅས་བུད་སོང་། སྒྲོལ་མཚོ་ཡུན་རིང་བོར་ཐོ་ཡོར་བསླངས་པ་ལྟར་རུ་བ་སྟོད་མའི་ཕྱོགས་སུ“ཧ་ཧ་ཧོ་ཧོའི”དགོད་སྒྲ་དང་བཅས་རྟ་རྒྱུག་བྱས་ཏེ་བུད་སོང་བའི་ཁོ་ཚོའི་རྗེས་སུ་ཧད།

ཕྱི་དྲོར་སྒྲོལ་མཚོས་མིག་ཆུས་གདོང་བ་བཀྲུ་ཞོར་རི་སྒང་ནས་སྒོ་ཕྱུགས་དག་མར་ཕབ། “དགོང་མོ་ནོར་ལྷས་སུ་ཐོན་ཚེ་རང་གིས་མི་ཚེ་གཅིག་ལ་འབད་པ་བྱས་ཤིང་། ད་ལྟ་རང་ལ་སྡོད་གྲོགས་སྐྱོ་གྲོགས་གཅིག་པུར་གྱུར་བའི་སྒོ་ཕྱུགས་སྙིང་ལ་རྗེ་བོ་དག་ལས་མང་པོ་ཞིག་གཞན་གྱིས་མར་ལས་སྤུ་བཏོན་པ་ལྟར་འདེད་འགྲོ་ངེས”སྙམ་ན་སེམས་པ་འདི་སྲིབ་ངོས་དག་ཏུ་ནག་ཡོར་ཡོར་གུག་བཞིན་པའི་གྲིབ་མ་ལྟར་འབྲལ་མི་བྲ་བའི་ཕངས་སེམས་ཀྱིས་ཡོངས་སུ་བཏུམས་ཡོང་། ད་ལྟ་མོ་ལ་འཇིག་རྟེན་འདིར་སྐྱོ་གྲོགས་ཉག་གཅིག་ཡོད་པ་ནི་མདུན་ན་འདེད་ཀྱིན་པའི་སྒོ་ཕྱུགས་ཁ་ཤས་པོ་དང་། སྦྲ་སེར་ལོག་གི་ཟུར་ན་མོ་སྒུག་ནས་ཡོད་པའི་ཁྱི་དོམ་ནག་ཁོ་ན་ཡིན། གལ་ཏེ་འདི་དག་ལ་དོན་རྐྱེན་ངན་པ་ཞིག་བུད་ཚེ་མོའི་ཤ་ལས་ལྕབ་ལེ་རེ་གཅོད་པ་ལྟ་བུ་ག་ནས་མིན་ཏེ་ལོས་ཡིན་ཨང་།

མོས་ནོར་དག་ལྷས་སུ་ཕབ་ནས་འདོག་པའི་མགོ་བརྩམས་པའི་དུས་སུ། ཕར་ཕྱོགས་ནས་ད་ནངས་འོང་བའི་མི་ཚོ་བྲེལ་རྔམ་དང་བཅས་ནོར་ལྷས་གཟས་ནས་ཐོན་འོང་། ཁོ་ཚོས་སྤྱང་ལྟོགས་ཤ་ལ་རྔམ་པ་ལྟར་ནོར་ཁྱུ་ལས་འབྲི་མོ་གང་དགའ་གསུམ་དང་གཡག་གཅིག་བཅས་སྔ་མོ་ནས་བཀོད་སྒྲིག་བྱས་པའི་ཐག་པས་གཉིས་རེ་སྐེ་སྦྲེལ་བྱས་ཏེ་དེད། ཁྱི་དོམ་ནག་སྲོག་བསྡོས་ཀྱིས་ཁོ་ཚོའི་ཕྱོགས་སུ་འཐེན། སྒྲོལ་མཚོ་ནི་ཀ་བ་བསླངས་པ་ལྟར་ནོར་ལྷས་ནས་ཀྲོང་ངེར་འགྲེང་ཏེ་ཁོ་ཚོས་དེད་པའི་ནོར་དག་གི་རྗེས་སུ་ཧད། འབྲི་གཡག་བཞི་བོ་ཡང་རང་གི་བདག་པོ་དང་ནོར་ཁྱུ་ལ་འབྲལ་མི་འདོད་པར་ངུར་སྒྲ་ཡང་ཡང་འབྱིན་བཞིན་ཕྱིར་མཁོང་དུ་ཤོར་མོད། སྐེ་སྦྲེལ་བྱས་པ་དང་ཁོ་ཚོས་རྡོ་འདེད་དང་ལྕགས་འཁོར་གྱིས་འབྲབ་ཀྱིན་རྟ་རྒྱུག་གིས་བདས་པས་རང་དབང་ཞིག་ག་ལ་བྱིན། ལྷས་ན་ཀ་བ་བཞིན་བསླངས་པའི་སྒྲོལ་མཚོའི་ཕངས་སེམས་དང་ཁོང་ཁྲོ། སྐྱོ་སྣང་སོགས་འདྲེས་པའི་མིག་ཆུ་ཡང་ཡང་འདྲིལ་གྱིན། འབྲི་གཡག་དག་འདེད་མཁན་ཚོའི་ཕྱོགས་སུ་ཅེར། ཁོ་ཚོ་རིམ་བཞིན་རྒྱང་ནས་རྒྱང་དུ་བཞུད་ཅིང་། མུན་པའི་རྔམས་ཁ་རྒྱང་ནས་ཉེ་བར་ཚུར་ཚུར་བཅར་འོང་བས། མཐར་ཁོ་ཚོ་མུན་པའི་ཁྲོད་དུ་ཐིམ་ནས་མིག་གིས་མི་ཟིན། སྒྲོལ་མཚོས་ད་གཟོད་ངུ་ཤུམ་བྱེད་ཀྱིན་ནོར་ལྷག་མ་དག་བཏགས།

མཚན་མོར་མོ་རང་མལ་སའི་ནང་ནས་འདྲེ་ལྡོག་ཡང་ཡང་བརྒྱབ། མིག་ཟུང་བཙན་གྱིས་ཇི་ལྟར་བཙུམ་ནའང་གཉིད་ནི་ཉེ་སྔོན་འབྲི་གཡག་བཞི་རྒྱང་རིང་དུ་དེད་པ་ལྟར་ཚུར་འགུགས་ཐབས་ཤིག་ཡེ་མ་བྱུང་།མཚན་མོ་དེར་མོས“འདི་ལྟར་འཇིག་རྟེན་འདིར་གསོན་པར་དོན་སྙིང་ཞིག་ཡེ་མི་འདུག་པས་རང་མེད་བྱས་པའི་དགའ་ཨང”སྙམ་པའི་ཀུན་སློང་བྱུང་། ཡིན་ནའང་ཀུན་སློང་དེ་ནི་འཇིགས་སྐྲག་ཆེ་བའི་བསམ་ཚུལ་ཞིག་སྟེ། རང་གི་སྲོག་ཇི་ལྟར་གཅོད་པའི་བསམ་བློ་གཏོང་བའི་ཐད་ནས་སྐེ་བསྒགས་ན་ནི་ཡུན་རིང་འཆི་མི་ཐུབ་པས་སྡུག་བསྔལ་ཡ་ང་བ་ཞིག་མྱོང་དགོས་པ་དང་། ཆུ་ལ་ལྕེབས་ནའང་མྱུར་བར་འཆི་མི་ཐུབ་པར་ཆུ་ནང་གི་སྲམ་དང་ཆུ་སྲིན་སོགས་ཀྱིས་ཤ་ལྕབ་ལེ་ལྕབ་ལེ་བྱས་ནས་བཏོག་ན་བཟོད་དུ་མེད་པའི་སྡུག་བསྔལ་མྱོང་སྲིད་པ། གྲི་རྣོན་པོས་རང་གི་ལུས་ལ་བསྣུན་རྒྱུ་ནི་དེ་བས་ཀྱང་སྐྲག་པའི་ལས་ཤིག་ཡིན་པ་སོགས་ཀྱིས་རང་མེད་བྱེད་པ་ནི་སླ་བོ་ཞིག་མིན་པའི་སྐྲག་སྣང་སྐྱེས། དེ་ལྟར་སྣ་ཚོགས་རྣམ་རྟོག་གི་མཚོ་ཆེན་ལས་རེ་ཆད་བརྒྱ་དང་འཇིགས་སྐྲག་སྟོང་གི་རྦ་རླབས་ཡང་ཡང་གཡོ་ཞིང་སྐྱོམ་ནས་ཞོགས་པའི་སྐྱ་རེངས་ཤར་རག་བར་གཉིད་ཏོག་ཙམ་ཡང་མ་བྱུང་།

གསུམ།

ཁྱིམ་མཚེས་ཚང་གི་སྒོ་ཕྱི་ནང་ཀུན་ཏུ“ཨ་ཕ་ནོར་ལུང་བ་གང་ནས་འཚོ” “ཨ་མ་དེ་རིང་གི་ལྕི་བ་སྤུངས་རྒྱུ་ཡིན་ནམ་ཐང་ས་དབྱིས་རྒྱུ་ཡིན” “ཨ་ཕའི་རྟ་སྟོད་ཤོག ཨོ་བཟང་གི་ཕ་གཅེས” “ཨ་མའི་མ་ལོ་ད་རྩེས་དང་ཆོག གོ་ཆོད་ཐ་ཡ”ཞེས་ཕ་མ་བུ་ཕྲུག་བར་གྱི་གཅེས་གཅེས་དུང་དུང་གི་སྐད་འབོད་དག་རླུང་དང་སྡེབ་ནས་མོའི་རྣ་བར་བསྐྱིལ་འོང་ཞིང་། བཟའ་ཟླ་གཉིས་ཀྱིས་ཁ་བརྡ་སྣ་ཚོགས་ཀྱི་ཚིག་རེ་རེ་མི་གོ་ནའང“ཧ་ཧ་་་་་་” “ཧོ་ཧོ་་་་་་”ཡི་དགོད་སྒྲ་ནི་ལྷས་ནང་དང་ལྷས་འདབས། ཁྱིམ་ནང་དང་སྒོ་ཁ། ཉིན་དཀར་དང་མཚན་མོ། དབྱར་དགུན་དང་སྟོན་དཔྱིད་དེ་ནམ་ནམ་ཞར་ཞར་དུ་རྒྱུན་ཆད་རྒྱུ་མི་འདུག་པ་སོགས་ཀྱི་རྣམ་པ་ནི། སྒྲོལ་མཚོའི་རྣ་ལམ་དུ་འཇིག་རྟེན་ན་ཆེས་སྙན་པའི་རོལ་དབྱངས་ལྟ་བུ་ཞིག་རེད། དེ་བས་མོས་ནམ་ཡང་ཁྱིམ་མཚེས་ཚང་ལ་ཡིད་སྨོན་ཡང་ཡང་ཤོར་གྱིན་ཡོད་ལ། རང་ཉིད་ནི་དེ་ལས་ལྡོག་སྟེ། བརྩེ་བརྩེ་དུང་དུང་གི་སྐད་ཆ་བཤད་སའི་ཁྱིམ་མི་གཅིག་ཀྱང་མེད་ལ། ཐ་ན་རང་བཞིན་པའི་ཁ་བརྡ་ཙམ་བྱེད་སའི་འགྲུལ་བ་འགྲོན་པོ་ཞིག་ཀྱང་མེད་པས། ད་ནི་མཚམས་རེར་ལན་འདེབ་མི་ཤེས་པའི་ཁྱི་དོམ་ནག་དང་འབྲི་མོ་རྒྱ་ར་མ་སོགས་ལ་ཁེར་བཤད་ཡིན་ལ་མིན་པའི་སྐད་ཆ་རེ་ཟུང་ལབ་པ་ཕུད། ལྐུགས་པ་ཞིག་དང་ཁྱད་མེད་པའི་ཚད་དུ་ལྷུང་། བཟའ་ཟླ་འཇིག་རྟེན་མི་ཡུལ་དུ་ཡོད་པའི་སྐབས་སུ་ཁོ་ཚང་ལ་དུས་བཞིར་འགྲོན་པོ་རྒྱུན་ཆད་མེད་པར་འོང་ཞིང་། ཡར་མར་གྱི་གནས་ཚུལ་སྣ་ཚོགས་གླེང་ལ། ཁ་མཚར་དང་ཀུ་རེ་ཡང་གླེང་། ཐ་ན་བཟའ་ཟླ་རི་སྒང་དུ་ཕྱུགས་འཚོ་བར་སོང་ཤུལ་དང་། ཐག་རིང་དུ་ཚོང་རྒྱག་པར་ཕྱིན་པ་སོགས་ཀྱི་ཤུལ་ནས་སྐྱེས་པ་མི་ཉུང་བ་ཞིག་འོང་ནས་མོ་ལ་དགའ་དགའ་སྣ་ཚོགས་བྱེད་མོད། ད་ལྟ་མོ་ལ་འགོས་ནད་འཇིགས་སུ་རུང་བ་ཞིག་ཕོགས་ཡོད་པ་ལྟར་སྐྱེས་པ་ཞིག་བཅར་བར་མི་བྱེད་ལ། འགྲོན་པོ་ཞིག་བཏུད་པར་མི་བྱེད། དེ་བས། ད་ནི་སྒྲོལ་མཚོ་དངོས་གནས་ཁེར་རྐྱང་དུ་གྱུར། མི་སྐད་སྨྲ་ས་མེད་པའི་ཁེར་རྐྱང་དུ་གྱུར།

ཉིན་འགའ་འགོར་རྗེས་ཀྱི་མཚན་མོ་ཞིག་ཏུ། ཉེ་སྔོན་ཁྲག་སྟོང་དང་བཤགས་པར་ཤོར་བའི་འབྲི་གཡག་བཞི་བོ་རི་མཐོན་པོ་ཞིག་གི་སྐེད་ནས་རང་གི་ནོར་ཁྱུའི་ཕྱོགས་སུ་འོང་བཞིན་ཡོད་ལ། མོ་ཤིན་ཏུ་དགའ་ནས་དེད་དུ་འགྲོ་བཞིན་ཡོད་མོད། རྐང་མགོ་ཐག་པས་བཏགས་པ་ལྟར་གོམ་པ་གཅིག་ཙམ་ལེན་པའང་ཧ་ཅང་དཀའ་བ་ལྟ་བུའི་རྨི་ལམ་མོག་པོ་ཞིག་གཏོང་བཞིན་པའི་ཁྲོད་ནས་སད། ཁྱི་དོམ་བུས་ལྕགས་ཐག་གི་སིལ་སྒྲ་དང་བཅས་ངར་སྒྲ་དྲག་པོས་འཐེན་བཞིན་འདུག་ལ། ཚུགས་ཀར་གཞིག་ན་སུ་ཞིག་མོ་ཚང་དང་ཉེ་བར་བཅར་གྱིན་ཡོད་པ་རྟོགས་ཐུབ། ཉེ་སྔོན་བྱུང་བའི་དོན་དག་དེའི་རྗེས་ནས་སྒྲོལ་མཚོས་མཚན་མོར་ཁྱི་དོམ་ནག་ཕུད་མ་ཕོད་པར་བཏགས་ཡོད། སྒྲོལ་མཚོའི་ལུས་ཀྱི་བ་སྤུ་གཟེངས་བའི་སྐྲག་སྣང་གིས“རྗེ་བཙུན་འཕགས་མ་སྒྲོལ་མ་མཁྱེན”ཞེས་འདར་མ་དངངས་ཀྱིས་བཟླ་ཞོར་མགོ་བོ་མལ་ཆས་ཀྱིས་བཏུམས། “རྐུན་མ་ཡིན་ནམ་ཅི་ཞིག་ཡིན། ཡང་ཁ་སྔོན་ལྟ་བུའི་ཆག་སྒོ་ཞིག་མི་སློང་བའི་སྨོན་ལམ་འདེབས”ཞེས་སྙམ་བཞིན་མགོ་བོ་དམ་པོར་བཏུམས་ནས་བསྡད། ཅུང་ཞིག་འགོར་རྗེས་དལ་གྱིས་མགོ་བོ་ཕྱེས་ཙ་ན། ཁྱི་དོམ་བུས་ད་དུང་དབུགས་འཚང་གིན་གང་ཞིག་ཏུ་འཐེན་གྱིན་ཡོད་མོད། ཟུག་ཡུལ་ལམ་འཐེན་ཡུལ་དེ་རྒྱང་རིང་དུ་ཕྱིན་པ་ཤེས་ཐུབ། མོས་ད་གཟོད་དབུགས་རིང་ཞིག་བཏོན་ནས་རིག་པ་རྣལ་དུ་ཕབ་པ་ན། ཡ་ཁྱིམ་གྱི་མཆོད་མེར་ཚག་སྒྲ་འགའ་ཞིག་གྲགས་རྗེས་དལ་གྱིས་གཟིམས་སོང་། མོས་མདང་དགོང་བསྒྲོན་པའི་རྐོང་བུ་དེ་ནི་མཚན་ཐུབ་མིན་པར་ཅུང་ཆུང་བ་དེ་ཡིན་པས་ད་ཚོད་མཚན་གུང་གཟུར་ཙམ་ཡིན་པ་ཤེས། རིམ་བཞིན་དོམ་བུའི་ཟུག་སྐད་ཀྱང་འཇགས་པས་ད་ལྟ་མུན་ནག་འདིས་འཇིག་རྟེན་གྱི་དཀར་ངོགས་དང་སྒྲ་ཡོད་ཚད་ཁྱུར་མིད་བཏང་སོང་བ་ལྟར་ནག་ཐིབས་སེ། འཇམ་ཐིང་ངེར་གྱུར་བས་ད་ནི་སྒྲོལ་མཚོའི་རྣ་བ་དང་ཐག་ཉེ་སར་ཤིག་ཅིག་འགུལ་ནའང་གོ་ཐུབ་པ་དང་འདྲ་བར་གྱུར། མཚན་མོ་དེར་སྒྲོལ་མཚོ་ཡུན་རིང་བར་གཉིད་མ་ཁུག་ནའང་ཁྱི་དོམ་བུར་གྲགས་འགུལ་ཅི་ཡང་མ་བྱུང་།ཁྱི་ལ་གྲགས་འགུལ་མེད་ན་ཕྱི་རོལ་བདེ་འཇགས་ཡིན་ཤག་བྱེད་ཆོག་པས་མོའི་སེམས་ཀྱང་རིམ་བཞིན་བདེ་ལ་བབས་ནས་མཐར་དལ་གྱིས་དལ་གྱིས་གཉིད་ཀྱི་ཞིང་ཁམས་འགྲིམ་སོང་།

མདང་ནུབ་གཉིད་ལས་བསླངས་རྗེས་ཡུན་རིང་བར་མ་གཉིད་པས་ཞོགས་པར་ནམ་གསལ་ཐག་ཆོད་པའི་བར་མ་སད། མོས་མིག་ཟུང་འཕུར་འཕུར་བྱེད་ཀྱིན་མྱུར་བར་ལངས་ནས་མལ་ཆས་ལྟེབ་ཙམ་གྱིས་བདག་བྱས་ཏེ་སྒོར་བུད། ཞོགས་པ་རེ་རེའི་ཐོག་མའི་སྒོར་བུད་སྐབས་རྟ་རྒོད་མ་གསུམ་དང་ནོར་ལྷས་སུ་མིག་བཤེར་བྱེད་རྒྱུ་ནི་བཙན་པོ་གང་ཞིག་གི་བཀའ་བསྒོ་ལྟར་གཡོལ་དུ་མེད་པའི་ལས་ཐོག་མ་ཡིན་ཕྱིར། ཞོགས་པ་དེར་ཡང་དེ་ལས་མ་འདས་པར་སྒོ་ཆོན་སྣེའི་སླེ་བོ་ཁུར་ཞོར་སྒོ་ཕྱུགས་ལ་མིག་བཤེར་ཞིག་བྱས་པས། ཐམས་ཅད་རྒྱུན་ལྡན་ལྟར་ཡིན་པས་མདང་ནུབ་ཀྱི་ཁྱི་ཁ་འུར་བར་སྐྱོན་ཅི་ཡང་བྱུང་མི་འདུག་སྙམ་ནས་སེམས་བདེ་ལ་བབས་ཀྱིན་ལྕི་བ་སྒྲུག ད་ལྟ་མི་ཞེས་པའི་ཁ་བརྡ་བྱེད་ས་ཞིག་མེད་པས་མོས་ཁ་ཏོན་ཆལ་མ་ཆོལ་ཞིག་འདོན་ཞོར་དང་ནོར་དག་ལ་ཅི་ཞིག་ལབ་ཀྱིན་འདུག ཡིན་ནའང་མོས་རང་གི་སྣང་ཚུལ་དེ་དེ་འདྲ་ཞིག་ཡིན་པ་ཧ་གོ་གྱིན་མེད། མཚམས་ཤིག་ཏུ་ཁྱི་དོམ་ནག་གི་ཐག་ཉེའི་ལྕི་སྤུངས་སུ་ལྕི་བ་སླེ་བོ་གང་བླུགས་ཞོར་དོམ་ནག་ལ་གཅིག་བལྟས་པ་ན། ཁྱི་དོམ་ནག་ཞོགས་པའི་ཉལ་སྟངས་ཤིག་དང་མི་འདྲ་བར། ཉི་མའི་དྲོས་གཞུང་ཞིག་ལྟར་ཐར་ཆད་ཅིང་ཁ་ཡང་གདང་ནས་འདུག མོ་སྙིང་ལོག་ཅིག་བྱེད་ཞོར“དོམ་ནག དོམ་ནག”ཅེས་བོས་ནའང་མགོ་ཙམ་མ་བཀྱགས། མོ་མྱུར་བར་ཟུར་དུ་ཕྱིན་ན། ཁྱི་དོམ་ནག་གི་ཁ་ནང་ནས་ལྦུ་བ་མང་པོ་ཞིག་བཞུར་ནས་ཤི་ཚར་འདུག སྒྲོལ་མཚོས་དོམ་ནག་གི་རོའི་མགོ་ལ་བྱིལ་བྱིལ་བྱེད་ཀྱིན་སླེ་བོ་ཁུར་ཁུར་ལ་སར་བསྡད་དེ་ཡུན་རིང་བར་ངུས། མིག་ཆུས་གདོང་བའི་ཚིལ་དྲེག་དེད་དེ་བྲང་ངོས་སུ་ཡང་ཡང་ཟགས།

དུས་ཡུན་ག་ཚོད་འགོར་བའང་མ་ཤེས་པར་ཤར་ཕྱོགས་ཀྱི་རི་བོ་མཐོན་པོའི་རྩེ་ནས་ཉི་མས་ཁྲེལ་དགོད་བྱེད་པ་ལྟར་འོད་རྣོན་པོ་དེ་ཁོ་མོ་ཚང་གི་ལྷས་སུ་ཐད་ཀར་ཟུག་འོང་། དེ་དུས་མོ་གློ་བུར་དྲན་པ་རྙེད་པ་ལྟར་ལངས་ནས་སླར་ཡང་ལྕི་བ་སྒྲུག་འཕྲོ་རྣམས་སྒྲུག ཡིན་ནའང་ལས་ཀ་དེ་ལག་ཏུ་མི་འོང་བར་གཅིག་ན་ཁྱི་དོམ་ནག་ལ་སྙིང་རྗེ་སྐྱེས་པ། གཉིས་ན་ད་ནི་རང་ཉིད་ལ་བཟའ་ཟླ་འདས་པོ་མེད་ཤུལ་ནས་སྒོ་ཕྱུགས་བདག་སྐྱོང་བྱེད་གྲོགས་གཅིག་པུ་མེད་པར་གྱུར་བས་མོ་རང་སྔར་བས་ཀྱང་ཁེར་རྐྱང་དུ་གྱུར་བའི་སྐྱོ་བ། གསུམ་ན་མདང་ནུབ་ཡང་ཁ་སྔོན་ལྟར་ཡ་ང་སྙིང་རྗེ་མེད་པའི་མི་ཞིག་གིས་ཁྱི་དོམ་ནག་ལ་དུག་འཕངས་ནས་བསད་པ་ཡིན་པ་ཐག་གིས་ཆོད་སྙམ་གྱིས་དེའི་སྟེང་ལ་ཁོང་ཁྲོ་ཆེན་པོ་ལངས་པ་སོགས་ཚོར་སྡུག་སྣ་ཚོགས་ཀྱིས་གཙེས་ཏེ་མི་མི་ལྤགས་ནང་ནས་མི་འཇོག་པའི་ཚོད་དུ་བསྐྱལ་སོང་།

ཉིན་གུང་དུ་སླེབས་ལ་ཉེ་བའི་སྐབས་སུ་མོའི་ལུས་ནས་རྔུལ་ཆུ་འཛུམ་གྱིན་ཁྱི་དོམ་ནག་གི་རོ་དྲུད་དེ་ཕར་ཕྱོགས་ཀྱི་ཉིན་སྒང་གི་ས་གཙང་སའི་ལྟེམ་ཆ་རུ་བསྐྱལ། མི་རོའི་སྔས་སུ་བླ་མས་ཆོས་ལུང་གསུངས་དུས་བཞིན་བསྡད་དེ། མགོ་ཐོག་ཏུ་ལག་འཁོར་ཆུང་ཆུང་དེ་ཡང་བསྐོར་ནས་མ་ཎི་བཟླས་ཤིང་། “ཁྱི་དོམ་ནག་གི་བླ་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འདེབས”ཞེས་གསོལ་བ་བཏབས། སྔོན་གྱི་གཏམ་དཔེར“མི་སྡུག་ཐུག་ན། ཁྱི་ལ་ཕྱག་འཚལ”ཞེས་པ་ལྟར་ཡིན་ནམ། ཡང་ན་ཁྱི་དོམ་ནག་ནི་མོ་ལ་མཚོན་ན་ཁེར་རྐྱང་གི་ལོ་ཟླའི་ཁྲོད་ནས་མི་ཞིག་དང་ཁྱད་པར་མེད་པར་ཕྱི་དགྲ་འགོག་པའི་དྲིན་ཆེན་ཡིན་པའི་ངོས་ཟིན་གྱིས་ཡིན། གང་ལྟར་སྒྲོལ་མཚོའི་གདོང་གི་སྐྱོ་བའི་མིག་ཆུ་ལ་ཆད་པ་མེད་པར་སྦྲ་ངན་ནང་གི་ཐིགས་ཆུ་བཞིན་ཡང་ཡང་འཐོར་འོང་།

ཁྱི་དོམ་ནག་མེད་པའི་མཚན་མོ་ནི་སྔར་བས་ཀྱང་འཇིགས་སྣང་གིས་གང་བ་ཞིག་སྟེ། ཕྱི་རོལ་དུ་རྐུན་མ་དང་འདྲེ་གང་རུང་རེ་འཇབ་ནས་འོང་གིན་ལོས་ཡོད་སྙམ་པ་དང་། འདྲེ་ཡིས་སྦྲ་སྒོ་དང་ཧྲག་འདབས་སོགས་ནས་ཐོད་སོ་བྱེད་ཀྱིན་པའི་སྣང་བ་འཆར་ཏེ་མལ་ཆས་ལས་མགོ་བོ་ཕྱི་ལ་ཕུད་མི་ཕོད། བྱིས་དུས་སུ་འཆད་པའི་འདྲེ་ལ་ལག་པ་རིང་བོ་ཡོད་པ་དང་། ཁ་བྲག་ཁུང་དང་འདྲ་བ་ཅན། མིག་ཕོར་བ་ཙམ་བགྲད་པ་ཅན། ནུ་མ་གཡས་པ་སར་དྲུད་ཅིང་གཡོན་པ་ཕྲག་པར་གཟར་བ་ཅན། ལྕགས་ཀྱི་སྦར་མོ་བགྲད་པ་ཅན་སོགས་མང་པོ་ཞིག་ཕྱིར་དྲན་ནམ་རྟོག་བཟོ་བྱས་ཏེ་ཀླད་པར་འཚང་འོང་ནས་སྙིང་ཆུང་ཁ་རུ་བུད་ལ་ཉེ་བའི་སྐྲག་སྣང་བྱུང་།

ཁྱི་དོམ་ནག་བསད་རྗེས་ཀྱི་ཉིན་བཅུ་ཁ་ཡས་མས་ཤིག་གི་རྗེས་ཀྱི་མཚན་མོ་ཞིག་ཏུ་མོའི་སྒོ་ཕྱུགས་ཀྱི་ནང་དུ་རྐུན་མ་འཛུལ་ནས་འབྲི་མོ་གཉིས་བརྐུས་སོང་། ཞོགས་པར་ལྕི་བ་སྒྲུག་ཏུ་འགྲོ་སྐབས་མདང་ནུབ་བཏགས་པའི་འབྲི་མོ་གཉིས་ཀ་ཁབ་ཆག་ས་འོག་ཏུ་བཅུག་པ་ལྟར་མཐོང་ལམ་དུ་མ་སྣང་། མོ་སེམས་སྐྱོ་ནས་ཉིན་གང་བོར་མིག་ཆུའི་ཐིགས་པ་ཡང་ཡང་ཟག མཁུར་ཚོས་ནས་མ་ནེ། མ་ནེ་ནས་བྲང་ངོས།བྲང་ངོས་ནས་ལྷམ་མགོར་ཟག

ཡང་ཉིན་ཁ་ཤས་ལས་མ་འགོར་བའི་མཚན་མོ་ཞིག་ཏུ་གཡག་གཉིས་དང་འབྲི་གཅིག་བརྐུས་སོང་། མཚན་མོ་དེར་ཕྱི་རུ་ནོར་གྱི་ངུར་སྒྲ་རྒྱུན་ལྡན་མ་ཡིན་པ་ཁ་ཤས་འབྱིན་པ་ཐོས་མོད། ཡར་ལངས་ནས་ལྷས་སུ་བལྟ་བ་ཕར་ཞོག་མགོ་བོ་བཀྱགས་ཙམ་ཡང་མ་ཕོད། མཚན་མོའི་སྒྲིབ་གཡོག་ནག་པོ་ནི་མི་ཡང་འདྲེ་རུ་གྱུར་བའི་དུས་ཤིག་ཡིན་པ་འདྲ་སྟེ། རང་གི་སྒོ་ཁྱི་ལའང་དུག་བླུད་པའམ་སྨྲ་མི་ཤེས་པའི་སྟོབས་ཤུགས་ཤིག་གིས་མཚན་གཅིག་ལ་བསད། དེ་ལྟར་བསད་རྗེས་མོ་རང་ལྷག་ཏུ་མཚན་མོར་སྐྲག མཚན་མོའི་སྐབས་ཀྱི་གྲགས་འགུལ་རེ་རེའང་འདྲེ་ཞེས་པའི་འཇིགས་སུ་རུང་བ་ཞིག་ལ་རྟོག་བཏགས་བྱས།

རྐུན་མ་ཚོས་སྒྲོལ་མཚོའི་གཉོམ་མདངས་ཁོ་ན་ལ་བལྟས་ཏེ། ཟླ་ཁ་ཤས་ཀྱི་ཡུན་དུ་རྟ་གསུམ་ག་དང་། འབྲི་གཡག་བཅོ་ལྔ་བརྐུས་སོང་། སྤྱང་ཀིས་བེའུ་གསུམ་ཟོས་སོང་། ད་ནི་སྒྲོལ་མཚོར་ནོར་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་ཏེ་འཚོ་ཁ་མི་ཉན་པ་ལྟ་བུའི་གནས་སུ་བསྐྱལ། མོའི་སྒོ་ཕྱུགས་ཇི་ལྟར་བོར་ནའང་རྗེས་འདེད་དང་རྩད་གཅོད་བྱེད་མཁན་ནི་མེད། སྙིང་རྗེ་ནས་རོགས་ར་མདར་རྒྱུག་མཁན་ནི་དེ་བས་མེད་པས།རྐུན་མ་ཚོས་ལྷས་ནས་ལྷས་ནས་ཕྲལ་བ་ནས་ཞེ་བདེ་བདེས་དེད་པ་དང་བཤའ་བ་སོགས་ཆོག་པ་རེད།

ཡ་ང་སྙིང་རྗེ་མེད་པའི་ལས་དབང་གིས་ཚེ་གཅིག་སྐྱ་ཡ་གཤིན་རྗེའི་འཕྲང་དུ་ཁྲིད་ཅིང་། སྒོ་ཁྱི་དང་སྒོ་ཕྱུགས་སོགས་གཞན་གྱི་ཁ་ཟས་དང་དབང་བསྒྱུར་བྱས་པས་མོའི་སེམས་སྡུག་གི་རྨ་ཁ་དྲག་སྐྱེད་མ་བྱུང་བས། ད་ལྟ་མོའི་ལུས་ཀྱི་ཤ་རིམ་བཞིན་ཟད་དེ་རུས་པ་སྤགས་ཀྱིས་བཏུམས་པ་ལྟ་བུའི་ཚོད་དུ་ལྷུང་ཞིང་། དེ་དང་བསྟུན་ནས་ཆམ་པ་ལྕི་མོ་ཡང་ཡང་ཕོག་ནས་ལུས་པོ་གཙེ་བར་བྱེད།

ཞོགས་པར་ཉི་མ་ཤར་ནས་ཐག་ཚད་ཅིག་ཏུ་ཐོན་ཡང་ཆུའི་ཕ་རིས་ཀྱི་ཁྱིམ་ཚང་གི་མིས་ཚུར་བལྟས་ན་སྒྲོལ་མཚོའི་ལྷས་སུ་ནོར་ཁ་ཤས་ཏེ་ད་དུང་བཏགས་ཡོད་པ་དང་། སྦྲེའུ་སེར་སྒུར་དུ་དུད་མདའ་ཙམ་ཡང་མེད་ཚུལ་མཐོང་བས། ཁོ་ཚང་གི་བཟའ་མི་ཚོས“ཨ་ཁ། སྒྲོལ་མཚོ་ན་ནས་མལ་སར་ལྷུང་བ་མིན་ནམ”ཟེར་བཞིན་མོ་ཚང་གི་ཕྱོགས་སུ་ཡང་ཡང་ལྟ་བཞིན་འདུག །  །།


རྩོམ་ཡིག་སྔོན་མ།
2018ལོའི་དེབ་3པ།
རྩོམ་ཡིག་རྗེས་མ།
གྲོག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1