གྲོག

ཨ་སྐྱབས་དར་རྒྱས། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


ཤྭ་ཕོ་ཆེན་ར་ལག་བཅོ་བརྒྱད་ཅན་གསེར་སེར་པོས་འཇམ་རྡུང་བྱས་འདྲ་ཞིག་གི་རྒྱབ་ཏུ་གཞོན་ནུ་ལོ་བརྒྱད་ལོན་པ། ཤ་མདོག་དཀར་པོ་དུང་དང་འདྲ་བ། རལ་པ་ནག་ལྕུག་ལྕུག་རྒྱབ་ཏུ་རླུང་གིས་བསྐྱོད་པ་ཅན་ཞིག་ཀུན་བཟང་སྒྲོལ་མའི་གམ་དུ་བཅར་ནས་འཛུམ་ཆུང་ཉམས་དགའ་བ་ཞིག་བསྟན་ལ། དེ་ནས་ཤར་རེར་གཞི་བདག་འབྲོང་རི་སྨུག་པོ་པོའི་ཕྱོགས་སུ་ཆས། 

ངོ་མཚར་ཆེ་བའི་གཞོན་ནུ་དེ་སོང་ཤུལ་ན། སྤྲིན་པ་དཀར་པོ་ལུག་ཁྱུ་འདྲ་བ་ཞིག་བསྐྱུར་འདུག 

ཀུན་བཟང་སྒྲོལ་མས་སྔོན་ཆད་དེ་འདྲའི་ཤྭ་ཕོ་ཆེན་ར་ལག་བཅོ་བརྒྱད་མདོག་གསེར་ལས་སེར་བ་ཅན་ཞིག་མཐོང་མྱོང་མེད་ལ། ལྷག་ཏུ་དགའ་བའི་འཛུམ་ཆུང་སྟོན་པའི་བྱིས་པ་ལོ་བརྒྱད་ཤ་རྒྱག་པ་ཛམ་བྷ་ལ་དང་འདྲ་བ། རལ་བ་ནག་ལྕུག་ལྕུག་བྱེད་པ་ལྷ་ཡི་ཁྱེའུ་འདྲ་བ་དེ་སུ་ཡིན་བསམས་ནས་རེ་ཞིག་ལ་འདང་རྒྱག་གི་ནང་དུ་ལྷུང་། དེ་ནས་རང་གི་ལྟོ་བར་རག་རག་ཙམ་བྱས་པ་ན། རང་ཉིད་གཉེན་སྒྲིག་བྱས་ནས་དུས་ཡུན་རིང་པོ་ཞིག་འགོར་ཡང་། ལུས་ལ་ད་དུང་མངལ་སྦྲུམ་མེད་པའི་དངོས་ཡོད་གནས་ཚུལ་གཞི་ནས་ཤེས་རྟོགས་བྱུང་། དཔྱིད་དུས་སུ། རྨི་ལམ་འཁྲུལ་བ་མང་ལ་ད་ཐེངས་ཡང་ཤྭ་ཕོ་ཆེན་གསེར་མདོག་ཅན་དང་། གཞོན་ནུ་ལོ་བརྒྱད་ཅན་དེ་གཉིས་རྨི་ལམ་ཡིན་པ་ཤེས།

ཀུན་བཟང་སྒྲོལ་མས་མལ་སའི་ནང་དུ་དངན་པ་རིང་པོ་ཞིག་བྱས་ལ། གཞི་ནས་མལ་ཁྲིའི་སྒྲོམ་སྟེགས་སྟེང་གི་ཁ་པར་བླངས་ནས་སྐད་འཕྲིན་ངོས་སུ་བལྟས། སྐད་འཕྲིན་ནང་དུ་མིང་སྲིང་ཚོགས་པ་དང་། ལས་གྲོགས་ཚོགས་པ།  མ་ཎི་དུང་འདོན་ཚོགས་པ་སོགས་ཚོགས་པ་མང་པོ་ཞིག་འདུག ཚོགས་པ་སོ་སོའི་ནང་དུ་སྐད་ཆ་ཡང་མང་པོ་ཞིག་བཤད་ཡོད་ཀྱང་། ཀུན་བཟང་སྒྲོལ་མས་དེ་དག་ལ་ཁ་ཡ་བྱེད་མི་འདོད་པར་ཁ་པར་ངོས་ཀྱི་དུས་ཚོད་ལ་གཅིག་བལྟས་པ་ན། གཞི་ནས་མཚན་གུང་གི་དུས་ཚོད་དང་པོར་སླེབས་ལ་ཉེ་བ་ཤེས། མོས་ཡང་བསྐྱར་ཁ་པར་གྱི་སྒོ་གཏན་ཏེ། མལ་ཐུལ་གྱིས་མགོ་བཏུམས་ནས་གཉིད་ཀྱི་བདེ་བ་རོལ་བར་བརྩམས།

ཀུན་བཟང་སྒྲོལ་མ་ནི་གསེར་རྫོང་དུ་གཞུང་གི་བྱ་བ་བསྒྲུབས་པའི་ལས་བྱེད་པ་དཀྱུས་མ་ཞིག་ཡིན། ཁོ་མོར་དགའ་ཕྱོགས་ཤིག་ཡོད་པ་ནི་ནམ་རྒྱུན་གསེར་རྫོང་གི་ཁྲོམ་བར་དུ་སོང་ནས་རྒྱན་འཛིན﹙彩票﹚ཉོ་བར་སྤྲོ། མོས་རྒྱན་འཛིན་ཉོ་ཐེངས་རེར་མང་ན་སྒོར་བཞི་དང་ཉུང་ཤོས་སྒོར་གཉིས་ཀྱིས་ཉོ་བཞིན་ཡོད། 

ཀྲུང་གོ་ལུས་རྩལ་རྒྱན་འཛིན་བཙོང་སའི་ལྕག་ཁང་ཆུང་ཆུང་དེ་གསེར་རྫོང་གི་མི་ཚོགས་མང་སའི་ཁྲོམ་བར་དུ་ཡོད། དེ་རིང་ཡང་ནམ་རྒྱུན་དང་འདྲ་བར་རྒྱན་ཤོག་བཙོང་སའི་ཁང་ཆུང་གི་སྒོ་ན་རྒྱན་ཞེན་པ﹙彩迷﹚ཚོ་འཚང་ཀ་ཤིག་ཤིག་བྱས་ནས་རྒྱན་འཛིན་ཉོ་བཞིན་འདུག ཕྱུག་པོ་ཚོས་སྒོར་མང་པོ་བཀོལ་ནས་རྒྱན་འཛིན་མང་པོ་ཉོ་བར་སྤྲོ་ལ་གཅིག་བྱས་ན་རྒྱན་ཐོབ་པའི་གོ་སྐབས་ཀྱང་མང་པོ་ཡོད། དབུལ་པོ་ཚོས་ཀྱང་སྒོར་གཉིས་བཀོལ་ཏེ་རང་རང་དགའ་བའི་ཨང་གྲངས་རེ་བདམས་ནས་རྒྱན་འཛིན་ཉོ་བཞིན་ཡོད། ཚང་མར་དམིགས་ཡུལ་གཅིག་ཡོད་པ་ནི་གློ་བུར་དུ་རྒྱུ་ཐོག་ལ་བརྒྱབས་ནས་ཉིན་གཅིག་གི་ངལ་རྩོལ་མི་དགོས་པར་ཕྱུག་པོར་ཆགས་རྒྱུ་དེ་རེད། རྒྱན་འཛིན་ཉོ་མཁན་གྱི་མི་ཚང་མར་དགའ་ཕྱོགས་གཅིག་ཡོད་པ་ནི་སྒོར་ལ་དགའ་བ་དང་། དངུལ་ཆུ་མང་ཙམ་བཏོན་ནས་ཕྱུག་པོར་ཆགས་རྒྱུར་དེ་ཙམ་མི་དགའ་བའི་རང་གཤིས་ཤིག་ཀྱང་ཡོད་པ་འདྲ། ཀུན་བཟང་སྒྲོལ་མ་ཡང་ནམ་རྒྱུན་དང་འདྲ་བར་མི་ཚོགས་ཀྱི་གྲལ་དུ་ཕྲེང་བསྒྲིགས་ནས་ཁར་ཉིན་ཉོས་པའི་རྒྱན་འཛིན་དེ་བཟུང་ནས་རྒྱན་ཐོབ་ཡོད་མེད་ལ་བསྒུག  

རྒྱན་འཛིན་བཙོང་མཁན་ནི་སྐྱེས་པ་ཚོ་སྟུག་སྐྲ་ལོ་དམར་སེར་བྱས་ཡོད་པ། ནམ་རྒྱུན་ཐ་མག་འཐེན་རྒྱུར་སྤྲོ་བའི་མི་དར་མ་ཞིག་ཡིན། རྒྱན་ཤོག་ཐོབ་ཡོད་མེད་དང་པོ་ལྟ་མཁན་ནི་གསེར་རྫོང་སྔོ་ལྡུམ་ཚོང་རའི་ནང་གི་ཕག་བཤའ་མཁན་ཀྲང་རྒྱ་རྒན་ཡིན། འདི་ནི་རྒྱན་ཞེན་པ་ཚོའི་གྲལ་གྱི་ཕྱུག་པོའི་རིགས་དེ་ཡིན་པས་ཉོ་ཐེངས་རེར་སྒོར་སུམ་བརྒྱ་ཡན་ཡིན། ཁོའི་ལག་གི་རྒྱན་འཛིན་བཅུ་ལྷག་ཡོད་པ་ཚོ་སྟུག་གི་ལག་ཏུ་བཞག རྒྱན་ཐོབ་ཡོད་མེད་ཀྱི་ལྟ་སྤྱད་ཀྱི་འཕྲུལ་ཆས་དེ་ནམ་རྒྱུན་དང་འདྲ་བའི་སྒོ་ནས་ངོ་ཚ་ཅི་ཡང་མེད་པར་ཀྲང་རྒྱ་རྒན་གྱི་རྒྱན་ཤོག་ལ་རྒྱན་ཐོབ་མི་འདུག་པའི་བརྡ་བརྒྱབ། འོན་ཏེ་ཀྲང་རྒྱ་རྒན་ལ་གོམས་ལོབས་སུ་སོང་བ་བཞིན་འགྱོད་པ་ཅི་ཡང་མེད་པར་ཡང་བསྐྱར་གོང་གི་རྒྱན་ཤོག་དེ་བསྐྱར་བར་དགོས་ཟེར་ནས་སྒོར་སུམ་བརྒྱ་རྒྱན་འཛིན་བཙོང་མཁན་ཚོ་སྟུག་གི་ལག་ཏུ་སྤྲད།

དེའི་འཕྲོར་རྒྱན་འཛིན་ཐོབ་ཡོད་མེད་ལྟ་མཁན་ནི་གསེར་རྫོང་གི་གྲྭ་པ་ཞིག་རེད། ཁོས་རྣ་གཞུག་དཀར་པོ་དེ་ཕྱིར་ལེན་ཞོར་རྒྱན་ཤོག་ཚོ་སྟུག་གི་ལག་ཏུ་བཞག་ཀྱང་སྔར་བཞིན་རྒྱན་ཐོབ་མེད་པའི་བརྡ་བསྟན། དེའི་འཕྲོར་རྒྱན་འཛིན་ཐོབ་ཡོད་མེད་ལྟ་མཁན་ནི་ཀུན་བཟང་སྒྲོལ་མ་ཡིན། མོས་སྒོར་ཁུག་ཏུ་བཅུག་པའི་སྒོར་བཞི་ཅན་གྱི་རྒྱན་འཛིན་དེ་ཚོ་སྟུག་གི་ལག་ཏུ་བཞག ཚོ་སྟུག་གིས་རྒྱན་འཛིན་དེ་རྒྱན་ཐོབ་ཡོད་མེད་ལྟ་སྤྱད་ཀྱི་འཕྲུལ་ཆས་དེར་བཅུག་པ་ན། ཚོ་སྟུག་གི་ངོ་མདོག་གློ་བུར་དུ་འགྱུར་ནས་འཕྲུལ་ཆས་ལ་བལྟས་བསྡད་པ་དང་། དེ་ནས་ཁ་གདངས་ཏེ་རྒྱ་སྐད་ཀྱིས“རྒྱན་ཐོབ་འདུག”ཟེར་ནས་འདུག་སྟེགས་སུ་ཡར་ལངས་ཏེ་འུར་བརྒྱབ།  

ཀུན་བཟང་སྒྲོལ་མ་རང་ཉིད་ཀྱི་རྣ་བ་ལའང་ཡིད་མི་ཆེས་པ་བཞིན“ཝེ། སུ་ལ་རྒྱན་ཐོབ་འདུག  ང་ཡིན་ནམ”ཞེས་དྲིས། 

ཚོ་སྟུག་གིས་ཡང་བསྐྱར་ཧ་ལས་པའི་ཟོལ་གྱིས“ཁྱོད་རེད”ཅེས་འཕྲུལ་ཆས་ཀྱི་སྒོ་ནས་ཕྱིར་ཐོན་པའི་རྒྱན་འཛིན་གྲུ་བཞི་མ་ཆུང་ཆུང་དེར་འབྲལ་མི་ཕོད་པའི་མིག་གིས་ལྟ་བཞིན་སླར་ཡང“ཁྱོད་། ཁྱོད་ཀྱི་རྒྱན་འཛིན་རེད། ངོ་མ་རྒྱན་ཐོབ་འདུག”ཟེར། 

ཀུན་བཟང་སྒྲོལ་མའི་དཀར་ཞིང་ཕྲ་བའི་ལག་པ་ཕར་བསྲིངས་ནས“རྒྱན་འཛིན་ང་ལ་དགོས། རྒྱན་དངུལ་ག་ཚོད་འདུག”ཅེས་ཡང་བསྐྱར་དྲིས།  

ཚོ་སྟུག་རང་ཉིད་ལ་རྒྱན་ཐོབ་པ་བཞིན་དགའ་ནས་ཁ་ཡང་ཟུམ་མི་ཐུབ་པར“སྒོར་བྱེ་བ་གཅིག་འདུག ངས་ཁྱོད་ལ་རོགས་བྱ་འེ་དགོས”ཞེས་ལྡོག་འདྲི་བྱས།  

ཀུན་བཟང་སྒྲོལ་མའི་སེམས་སུ། སྒོར་དེ་འདྲའི་མང་པོ་ཞིག་ཡོད་ན་ད་ནི་ཚོ་སྟུག་གིས་རོགས་མ་བྱས་ཀྱང་ང་རང་གིས་ཁྲིམས་མཐུན་ལུགས་མཐུན་གྱི་རྒྱན་འཛིན་ཉོས་པ་ཡིན་པས་རྒྱན་ལ་ཐོབ་པའི་སྒོར་མོ་ཙམ་ནི་རང་གིས་ཀྱང་ལེན་ཤེས་འདོད་ནས་། ལག་པས་མདུན་ཅོག་ཐག་ཐག་རྡུང་བཞིན“རྒྱན་འཛིན་ང་ལ་དགོས། སྒོར་མོ་ད་ལྟ་ལེན་རྒྱུ་མིན”ཞེས་བཤད། 

ཚོ་སྟུག་གིས་ཀུན་བཟང་སྒྲོལ་མས་ལྟེབ་ཆག་ལ་ཤོར་བའི་རྒྱན་འཛིན་གྲུ་བཞི་མ་ཆུང་ཆུང་དེ་སྦྱིན་མི་བྲ་བའི་ཟོལ་གྱིས་ཁོ་མོའི་ལག་ཏུ་བཞག ཀུན་བཟང་སྒྲོལ་མས་ཐོག་མར་རྒྱན་འཛིན་ལ་ཡང་བསྐྱར་གཟབ་ལྟ་ཞིག་བྱས་ཀྱང་། དེ་ནི་ཏག་ཏག་ཁ་སང་ཕྱི་དྲོ་རང་གིས་སྒོར་བཞི་སྤྱད་ནས་ཚོ་སྟུག་གི་ཟུར་ནས་ཉོས་པའི་རྒྱན་འཛིན་དེ་རེད་འདུག

ཀུན་བཟང་སྒྲོལ་མས་གཡས་གཡོན་ལ་ལྟ་ཙམ་བྱས་པ་ན། རྒྱན་ཞེན་པ་ཚོས་མིག་རིག་རིག་དང་། རྣ་བ་ཀྲོང་ཀྲོང་བྱས་ནས་མོའི་མཐའ་བསྐོར་འདུག་པ་མཐོང་། མོ་འཚབ་འཚུབ་ངང་རྒྱན་འཛིན་ལ་སེམས་ཆུང་ངང་ལག་པས་རག་ཀྱིན་ཞིབ་ལྟ་ལན་ཞིག་བྱས་པ་ན། རྒྱན་འཛིན་སྟེང་གི་ཨང་གྲངས་དག་ཀྱང་མོའི་རང་གི་སྐྱེས་སྐར་གྱི་ཨང་གྲངས་དག་གོ་བསྒྲིགས་ནས་ཉོས་པ་ཡིན་པ་གསལ་པོར་དྲན།

ཀུན་བཟང་སྒྲོལ་མ་མི་ཚོགས་ཀྱི་དཀྱིལ་ནས་རྒྱང་ངེར་ཕྱིར་ཐོན། རྒྱན་ཞེན་པ་ཚོས་ཁོ་མོའི་མཐའ་བསྐོར་ནས“ཅི་འདྲའི་བུ་མོ་རྒྱུ་བསོད་ཅན་ཞིག་རེད། དཀོན་མཆོག་གིས་སྐྱོབས། མོ་དེ་རིང་ནས་བཟུང་སྒོར་བྱེ་བ་གཅིག་གི་ཕྱུག་པོར་འགྱུར་བ་རེད”ཅེས་དང་། “རྟེན་འབྲེལ་ཞུ། ད་ཆོས་ཡག་པོ་བསྒྲུབ་ན་བཟང་ནི་རེད”སོགས་སྐད་ཆ་འདྲ་མིན་མང་པོ་ཞིག་གློ་བུར་དུ་ཀུན་བཟང་སྒྲོལ་མའི་རྣ་ལམ་དུ་འཁོར་བ་ན། མོས་ཐོག་མར་རྒྱན་འཛིན་ལག་པའི་ནང་དུ་དམ་པོར་བདམས་ལ། སེམས་སུ་ངོ་ཤེས་དང་མི་ཤེས་པའི་མི་འདི་འདྲ་མང་པོ་ཞིག་གིས་མཐའ་བསྐོར་ནས་བསྡད་ན། རྒྱན་འཛིན་འཕྲོག་པའི་ཉེན་ཁ་ཡང་ཡོད་འདོད་ནས་དེ་སྔོན་བྱུང་མ་མྱོང་བའི་སྔངས་སྐྲག་ཅིག་གློ་བུར་ལ་བྱུང་། ཡང་སེམས་སུ་དེ་རིང་ནས་བཟུང་རང་ཉིད་ནི་སྒོར་བྱེ་བ་གཅིག་ཡོད་པའི་ཕྱུག་པོ་ཞིག་ཏུ་འགྱུར་བས། ད་ནི་ངོ་གནོང་དགོས་དོན་མི་འདུག་འདོད་ནས་མི་ཚོགས་ཀྱི་དབུས་ནས་ཕྲག་པ་བརྒྱངས། མགོ་བོ་ཕྱི་རུ་དགྱེ་ནས་ཀྲོང་ངེར་ཕྱིར་ཐོན་ལ། རང་ཉིད་འགྲོ་བའི་དུས་སུ། གོམ་ཆུང་བརྒྱབ་པ་ཡང་ནམ་རྒྱུན་དང་མི་འདྲ་བར་ཡང་ཟོལ་དང་ཤེད་ཤུགས་ཀྱིས་ཁེངས་འདུག་

ཀུན་བཟང་སྒྲོལ་མ་གློ་བུར་དུ་གསེར་རྫོང་ཁྲོམ་བར་གྱི་མི་བརྒྱ་སྟོང་མང་པོའི་གྲལ་ནས་ཅུང་ཙམ་མཐོ་རུ་སོང་བའི་སྣང་བ་བྱུང་ལ། རང་གི་གདོང་ན་རྒྱལ་ཁ་དང་སྤྲོ་སྣང་གི་འོད་ཅིག་ལམ་ལམ་དུ་འཕྲོ་བཞིན་པ་དང་། འོད་དེའི་ཕྱོགས་སུ་མི་མང་པོ་ཞིག་གིས་ཡིད་སྨོན་དང་ཕྲག་དོག་གི་གདོང་མདོག་འདྲ་མིན་སྟོན་བཞིན་ཡོད་པའི་འཁྲུལ་སྣང་བྱུང་།

ཀུན་བཟང་སྒྲོལ་མ་སེམས་པ་དགའ་ལྷང་ལྷང་གིས་གསེར་རྫོང་ཁྲོམ་བར་གྱི་ཐང་ཆེན་དུ་ཡོང་ནས་ཐོག་མར་རང་གི་ཁྱོ་ག་དོན་གྲུབ་ལ་བཀྲ་ཤིས་པའི་གཏམ་སྙན་གྱི་ཁ་པར་ཞིག་བཏང་ཡང་། དོན་གྲུབ་ཀྱིས་མོའི་ཁ་པར་ལ་མ་མཉན་པར་འཕྲིན་ཐུང་ཞིག་བསྐུར་ནས་ཁོ་ལ་ཚོགས་འདུ་ཡོད་ཅེས་ལན་བསྐུར།

ཁོ་མོའི་སེམས་སུ་ད་ནི་ཁྱོད་ཀྱིས་ཚོགས་འདུ་བརྒྱ་འཚོགས་པས་ངའི་རྒྱན་འཛིན་འདིའི་ཟུར་ཙམ་ལ་ཡང་མི་དོ་སྙམ། དེ་ནས་མོས་ཡང་བསྐྱར་རྒྱན་འཛིན་དེ་སེམས་ཆུང་ངང་ཡང་བལྟ་བསྐྱར་བལྟ་མང་ཙམ་བྱས་རྗེས་སྒོར་ཁུག་ཏུ་བཅུག་ལ། སྒོར་ཁུག་ཏུ་བཅུག་ནས་འཐེན་སྒྲོག་གིས་ཁ་དམ་པོར་བསྡམས་ཀྱང་། མོའི་སེམས་ལྷོད་ལ་འབབ་མ་ཐུབ་པར། ཡང་བསྐྱར་འཐེན་སྒྲོག་ཕྱེ་ནས་སྒོར་ཁུག་ནང་དུ་བསྐྱར་ལྟ་ཞིག་བྱས། རྒྱན་ཤོག་གྲུ་བཞི་མ་དེ་འགྱུར་བ་མེད་པར་བརྟན་ཤིག་གེར་ཁོ་མོའི་སྒོར་ཁུག་ཏུ་ལུས་ཡོད་པ་མཐོང་།

ཀུན་བཟང་སྒྲོལ་མ་གསེར་རྫོང་ཐང་ཆེན་གྱི་འདུག་སྟེགས་སུ་བསྡད་ནས་སྒོར་བྱེ་བ་གཅིག་ཅི་ལྟར་སྤྱོད་པའི་ཕྱོགས་སུ་འཆར་གཞི་འཐེན།  ཁོ་མོའི་སེམས་སུ་ཐོག་མར་ཕ་རྡོ་རྡོ་འཕོས་བྱུང། མོ་ནི་ཆུང་དུས་ནས་ཕ་རྒན་གྱིས་བསྐྱངས་ནས་འོང་ལ། མོ་རང་ལོ་གསུམ་ཡིན་དུས། མོའི་ཕ་མ་གཉིས་གཉེན་འཐོར་བྱས། དེ་ནས་བཟུང་ཕ་རྡོ་རྡོ་གཅིག་པུས་མོ་རང་བསྐྱངས་བས་ད་ནི་མོར་ཕ་མ་གཉིས་ཀའི་ཚབ་ལ་ཕ་གཅིག་པུ་ལས་མེད་ལ། ལོ་འདི་དག་གི་རིང་ལ་ཕ་རྡོ་རྡོས་དབྱར་རྩྭ་ཚོང་ཉེས་ཁུར་བས་སྒོར་ཁྲི་སུམ་ཅུ་ལ་ཉེ་བའི་མ་རྩ་བརྡིབས་ཡོད་ལ། ཉིན་འདི་དག་ལ་ཕ་རྡོ་རྡོ་ནི་བལྟས་བལྟས་རིག་རིག་ལ་རྒས་བཞིན་ཡོད་པས་སྒོར་ཁྲི་སུམ་ཅུ་ཕ་རྒན་གྱི་དོམ་ལ་སྤྲད་དགོས་སྙམ།  

ཀུན་བཟང་སྒྲོལ་མའི་སེམས་སུ་ད་དུང་སྒོར་འབུམ་དྲུག་ཡོད་པས་ཕྱུག་པོ་རེད་སྙམ། མོས་ཡང་བསྐྱར་ནུ་བོ་ཚེ་རིང་ཡིད་ལ་འཁོར་བྱུང་། ནུ་བོ་ཚེ་རིང་ནི་ངོ་མ་མི་ལས་ངན་ཞིག་ཡིན། ཚེ་འདིར་ཁོ་སྐྱིད་པོ་ཡོང་བའི་ཐབས་ཤིག་མེད་པ་འདྲ། ནུ་བོ་ཚེ་རིང་ནི་དང་ཐོག་ཕ་མ་གཉིས་གཉེན་འཐོར་བྱེད་དུས། ཨ་མས་གསོ་སྐྱོང་བྱ་རྒྱུར་ཐག་བཅད་ཀྱང་། ཁོ་ལོ་བཅུ་ཟེར་དུས་མ་རྒན་ནད་ཀྱིས་གྲོངས་བ་དང་། དེ་ནས་ཞང་པོས་བདག་བྱས་ཀྱང་། ཁོ་ལོ་བཅུ་བདུན་ཟེར་དུས་ཞང་པོ་ཡང་གྲོངས། དེ་ནས་ཕ་རྡོ་རྡོས་བདག་བྱས་ནས་སློབ་གྲྭ་ལ་སོང་། དམའ་འབྲིང་མཐར་མ་ཕྱིན་པའི་གོང་ནས་སློབ་གཙོས་ཁོ་ནི་རྨང་གཞི་མི་ལེགས་པའི་ཁར་རྐུན་མ་ཞིག་རེད་ཅེས་སློབ་གྲྭའི་ནང་ནས་ཕྱིར་ཕུད་བཏང་། ཕ་རྡོ་རྡོས་སླར་ཡང་ནུ་བོ་ཚེ་རིང་ལ་འཁོར་ཕྲན་ཞིག་ཉོས་ནས་གླ་གཏོང་བྱེད་དུ་བཅུག ལོ་གཅིག་མ་ལོན་པར་ཁོས་གླ་གཏོང་གིས་གསེར་རྫོང་གི་མཆོད་རྟེན་འགྲམ་ནས་རྒད་པོ་ཞིག་ལ་རླངས་འཁོར་གདོང་གཏུག་བརྒྱབ་ནས་ལྔ་ལམ་དུ་བརྫངས། མི་ཤ་ལ་སྒོར་འབུམ་བཞི་ཤོར་བས་ད་ནི་འཚོ་བ་ཧ་ཅང་ཐབས་རྡུག་རོལ་ནས་བསྡད་ཡོད། སྒོར་འབུམ་བཞི་ནི་ནུ་བོ་ཚེ་རིང་ལ་སྦྱིན་པར་ཐག་བཅད། 

ཀུན་བཟང་སྒྲོལ་མས་དེ་ལྟར་རྒྱན་ལ་ཐོབ་པའི་སྒོར་ཁྲི་བརྒྱའི་ནང་ནས་རང་ལ་ད་དུང་སྒོར་ཁྲི་ཉི་ཤུ་ལྷག་འདུག་པ་ཤེས། ཀུན་བཟང་སྒྲོལ་མས་ཐང་ཆེན་གྱི་འདུག་སྟེགས་སུ་དེ་ལྟར་བསམ་བློ་བཏང་ནས་སྡོད་དུས། ཏག་ཏག་དུས་ཚོད་གཅིག་ལྷག་ཕྱིན་སོང་། དེའི་རིང་ལ་ཁོ་མོའི་གྲོགས་པོ་དང་གཉེན་ཉེ་སུམ་ཅུ་ལྷག་གིས་ཁ་པར་དང་འཕྲིན་ཐུང་གི་ལམ་ནས་ཁོ་མོར་སྒོར་བྱེ་བ་གཅིག་གི་རྒྱན་ཐོབ་པར་རྟེན་འབྲེལ་ཤིས་ཚིག་ཕུལ་ཡོད་པ་མཐོང་ལ།  མོས་ད་དུང་སྒོར་ཁྲི་ཉི་ཤུ་ཡོད་པས་ཅི་ལྟར་སྤྱོད་པའི་ཕྱོགས་སུ་བསམ་གཞིག་བྱས།  

ཕྱི་དྲོ་གཉེན་ཉེ་དང་གྲོགས་པོ་མང་པོ་ཞིག་རང་ཁྱིམ་དུ་རྟེན་འབྲེལ་ཞུ་རུ་ཡོང་ངེས་ཡིན་པས་དེ་དག་ལ་སྒོར་ག་ཙམ་སྦྱིན་པའི་ཕྱོགས་སུ་འདང་བརྒྱབ། བརྒྱ་སྦྱིན་ན་ཆུང་འདུག་ལ་ཉིས་བརྒྱ་སྦྱིན་ན་མང་འདུག་སྙམ་ནས་ཁོ་མོ་ཡང་བསྐྱར་བསམ་གཞིག་གི་རྒྱ་རུ་ཚུད། ཨ་ཙི། ང་འདི་ཅི་འདྲའི་གླེན་པ་ལ། ད་ལྟ་ཡང་བསྐྱར་བསམ་བློ་ཞིབ་ཙམ་བཏང་ན། གཉེན་ཉེ་དང་གྲོགས་པོ་ཚོའི་ཁྲོད་དུ། ཕྱུག་པོ་ཞིག་གཏན་ནས་མི་འདུག་ལ། ཚང་མར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་ནམ་རྒྱུན་འཚོ་བའི་ཁྲོད་སྒོར་མོས་མི་འདང་བ་དེ་རེད། དེ་ན་ཁོ་ཚོས་སྒོར་མོ་གཡར་རོགས་ཞེས་བཤད་ན་ག་འདྲ་བྱ་དགོས། སྒོར་མོ་གཡར་རོགས་ཟེར་བ་ནི་མོས་ཅི་ལྟར་བསམ་བློ་བཏང་ཡང་གཡོལ་ཐབས་གཏན་ནས་མེད་པ་འདྲ། གལ་ཏེ་མོ་རང་གི་ལས་གྲོགས་དང་། ཡང་ན་གཉེན་ཉེ་སུ་ཞིག་ལ་དེ་རིང་གི་རང་དང་འདྲ་བར་སྒོར་བྱེ་བ་གཅིག་གི་རྒྱན་འཛིན་ཐོབ་ཡོད་ན། རང་གིས་ཀྱང་གཡར་ངེས་ཅན་ཡིན་པས་ལེ་བདའ་བྱེད་སྲོལ་ག་ལ་ཡོད།  དེས་ན་སྒོར་ཁྲི་བཅུ་ནི་གཉེན་ཉེ་དང་གྲོགས་པོ་ཚོ་ལ་གཡར་རྒྱུ་བྱེད་པར་ཐག་བཅད།

ཀུན་བཟང་སྒྲོལ་མར་ད་ལྟ་སྒོར་ཁྲི་བཅུ་མ་གཏོགས་ལྷག་མི་འདུག  མོས་ད་དུང་འཇེབ་འཁོར་དམར་པོ་ཆུང་ཆུང་ཞིག་དང་། བྱུ་རུའི་མགུལ་རྒྱན་ཞིག་ཉོ་དགོས། སྒོར་ཁྲི་བཅུ་ཡིས་དེ་དག་ཁུག་གམ། མོ་ནི་གློ་བུར་དུ་སྒོར་བྱེ་བ་གཅིག་ཡོད་པ་ཅན་ཞིག་ཏུ་འགྱུར་མོད། དེ་ལྟར་འཚོ་བའི་དགོས་མཁོ་ལ་གཞིགས་ནས་རྩིས་ཤིག་བརྒྱབ་ན་སྒོར་བྱེ་བ་གཅིག་གིས་ཅི་ཡང་མི་ནུས་པ་ཤེས།

ཀུན་བཟང་སྒྲོལ་མས་ཡང་བསྐྱར་སྒོར་ཁུག་ལས་རྒྱན་འཛིན་དེ་བླངས་ནས་བསྐྱར་ལྟ་ཞིག་བྱས་པ་ན། རྒྱན་འཛིན་ཐོག་གི་ཨང་གྲངས་དག་ནི་མོ་རང་གི་སྐྱེས་སྐར་གྱི་ཨང་གྲངས་དང་གོ་བསྒྲིགས་ནས་ཉོས་པ་ཡིན་པ་ངོ་མ་རེད་འདུག  

མདང་དགོང་རྨི་ལམ་དུ་ཤྭ་ཕོ་ཆེན་གསེར་མདོག་ཅན་ཞིག་དང་། གཞོན་ནུ་ལོ་བརྒྱད་ཅན་ཞིག་རྨིས་པ་དེ་བཀྲ་ཤིས་པའི་རྨི་ལྟས་ཡག་པོ་ཞིག་རེད་འདོད་ནས་ཡང་བསྐྱར་རྒྱན་འཛིན་ལ་ལན་ཅིག་བལྟ་དགོས་བྱུང་།

རྒྱན་འཛིན་གི་ཐོག་གི་ཨང་གྲངས་ལས་འོད་ལམ་ལམ་མིག་གིས་བཟོད་དཀའ་བ་ཞིག་འཕྲོས་བྱུང་། ཀུན་བཟང་སྒྲོལ་མས་མིག་ཟུང་ཆེས་ཆེར་བགྲད་ནས་བལྟས་པ་ན། སྒེའུ་ཁུང་གི་དཀར་ཡོལ་གྱི་བར་ནས་ཉི་འོད་གསལ་ཞིང་དྭངས་པ་ཞིག་ཁོ་མོའི་མལ་ཁྲིའི་ཐོག་ཏུ་ཧ་ཅང་ལྷིང་འཇགས་སེ་འཕྲོས་འདུག་པ་མཐོང་།

 


རྩོམ་ཡིག་སྔོན་མ།
འབྲོག་མོ་ཁེར་རྐྱང་།
རྩོམ་ཡིག་རྗེས་མ།
མུན་ནག་ཁྲོད་ཀྱི་ངུ་སྐད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1