ང་ནི་བོད་པ་ཞིག་ཡིན་པས་ང་རྒྱལ་སྐྱེ་འོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


(༡)

ང་ནི་བོད་པ་ཞིག་སྟེ།ངས་ནི་ནམ་ཡང་རྨོངས་པའི་ངང་གཞན་ལ་ཡིད་སྨོན་བྱེད་མི་སྲིད་ལ།དགའ་ཁ་འཁྱེར་ཕྱོགས་ལྟར་གྲགས་སྐམ་འུད་ཀྱི་རྗེས་སུ་མི་རྒྱུག་ལ།གུས་གུས་ཞུམ་ཞུམ་གྱིས་ངོ་དགའ་སྤྲེལ་ལད་དེའང་བྱེད་མི་སྲིད།ང་ལ་ང་ཡི་བརྟན་ཞིང་བརླིང་བའི་སྨོན་པ་དང་འཚོ་བ་དེ་ཡོད།ངའི་ཡིད་སྨོན་དུ་གྱུར་པ་ནི་ངའི་འགྱུར་མེད་ཀྱི་དད་པ་དེ་ཡིན།ངའི་སེམས་ལ་སྒོམ་ཞིང་གཤིས་སུ་བསླུ་མེད་དུ་གོམས་ཡོད་པ་དེ་ནི།ཕ་མེས་ཡང་མེས་ནས་བརྒྱུད་ཅིང་ཆུང་ ནས་འདྲིས་པའི་གངས་རི་དང་རྩྭ་ཐང་།སྦྲ་ནག་དང་སྒོ་ཕྱུགས་འཚོ་སྐྱོང་།ཞབས་བྲོ་དང་དམངས་གཞས།མར་རྩམ་ དང་དཀྲུག་ཇའི་བཏུང་བྱ་དེ་དག་ཡིན།འདི་ནི་ངའི་ཚེ་སྲོག་གི་དབུགས་རྒྱུ་ན་འཚོ་ཞིང་འབྲེལ་ལ།  སྙིང་དབུས་སུ་ འདོར་ཐབས་མེད་པའི་རྒྱུ་ནོམ་རྩ་ཆེན་དེ་ཡིན་པར་འདོད་ན།དེ་དག་ལས་འགལ་བར་འགྱུར་བ་ནི་བོད་པའི་ཟུངས་ ཁྲག་དང་བྲལ་བ་དེའོ།།

(༢)

ཁོ་བོས་ང་རྒྱལ་བྱེད་ཆོག་སྟེ། དེ་ནི་ང་རང་གཟུགས་ལང་ཚོ་དང་སྟོབས་དབང་ཐང་ཡོད་པས་མིན་པར། དེ་ནི་ང་རང་བོད་པ་ཞིག་ཡིན་པས་རེད།བློ་སྤོབས་བརྟན་ཞིང་ཕྱི་ཐག་རིང་བའི་མི་རིགས་ཤིག་གི་བུ་རབས་ཚ་རྒྱུད་ ཅིག་ཡིན་པས་རེད།ངའི་རུས་མིང་དང་གདུང་རྒྱུད་ཀྱི་ཚིག་འབྲུ་རེ་རེ་ནི་ཕ་སྐད་ཕ་ཡིག་གི་གཙུག་ལག་ཁྲོད་ན་གོ་དོན་ཟབ་ལ་གཏན་ཚིགས་ལྡན་པ།དཔྱད་ན་དངོས་པོ་གཅིག་ལ་མིང་གི་ཤེས་བྱ་བརྒྱ་ཕྲག་དུ་མར་འགྲེལ་སྟངས་ཀླས་པའི་རིག་པའི་བང་མཛོད་དེ་ནི་ངེད་ཅག་སྒང་བ་རིགས་ལ་མ་གཏོགས་གང་ནས་འཚོལ་ཐུབ།དེ་དག་ནི་ངེད་ཅག་གི་མི་ རིགས་ལ་གནའ་ནས་རང་ཆས་སུ་གོམས་ཤིང་ངོམ་རིན་བདོག་པའི་རིག་གཞུང་ཞིག་ཡིན་པ་ངོས་ཟིན་དགོས་ཨང་། དེ་ལྟར་ལོགས་སུ་བསྐྱུར་ནས་ལོག་པར་ལྟ་བ་དེ་ནི་བོད་པའི་གཤིས་རྒྱུད་དང་བྲལ་བ་དེའོ།།

                             

(༣)

ང་ཚོ་ལ་བྱམས་བརྩེ་ལྡན་ཏེ། རྒྱུ་མཚན་ནི་ང་ནི་བོད་པ་ཡིན་པས་རེད། བོད་པའི་རིག་གཞུང་གི་ཐོག་ མཐའ་བར་གསུམ་ཀུན་ན་བྱམས་པ་དང་སྙིང་རྗེས་ཁྱབ་ཅིང་།སེམས་ཅན་འགྲོ་བ་ཡོངས་ལ་སེམས་ཀྱིས་གཅེས་ཤིང་ཐུགས་ཀྱིས་སྐྱོང་རྒྱུར་དགའ་བའི་མི་རིགས་ཤིག་སྟེ། སེམས་ཅན་རིགས་ནི་རང་གི་མ་རུ་སྒོམ་ཞིང་ཡོད་ཚད་སྡུག་ བསྔལ་ལས་གྲོལ་བའི་ཕྱིར་དུ་བརྩོན་པས་འཇུག་གི་ཡོད།ང་ཚོས་ང་ཚོ་ལ་བློ་སེམས་གཏོད་མཁན་དང་སེམས་ཁུར་ གནང་མཁན་ཇི་སྙེད་ལ་གནོད་པར་མི་རིགས་ལ།ཐ་ན།ལམ་ལ་ཞུགས་སྐབས་འཕྲད་པའི་གསར་སྐྱེས་ལྗང་མྱུག་དང་མེ་ཏོག འབུ་སྲིན་དག་ལའང་རྐང་བས་གནོན་པར་མི་བྱེད། གལ་ཏེ།སྟབས་མ་ལེགས་པར་གནོད་འཚེ་ཕོག་ཚེ་དེ་ལ་ འགྱོད་བཤགས་ཀྱིས་མ་ཎི་བཏོན་ནས་ཉེས་ཚབ་དགེ་བས་འཇལ་བར་ངེས།

བོད་མི་རེ་རེས་ངག་ན་ནམ་རྒྱུན་བཟློ་ཞིང་སྒོ་གསུམ་དད་པས་གྱེར་འདོན་བྱེད་པ་ནི་མ་ཎི་ཡི་གེ་དྲུག་མའི་གཟུངས་སྔགས་དེ་ཡིན་ལ།དེ་ནི་མི་ཚེ་གཅིག་གི་རིང་ལ་བདེ་བ་དང་གནོད་པ་མི་ཡོང་བར་འདོད་པས་མིན་པར་ཚེ་ རབས་ཀུན་ཏུ་སེམས་ཅན་དག་མངོན་དགའི་ཞིང་ཁམས་དང་འཇིག་རྟེན་འདི་ཞི་བདེ་ལ་རོལ་བར་འདོད་པས་ཡིན་ གྱི།རང་ཉིད་ཉོན་མོངས་པའི་དབང་དུ་གྱུར་པ་ག་ལ་ཡིན་མ་ཡིན་ཏེ།དེའི་རིགས་སེམས་ན་དད་པ་མེད་པའི་ཀླ་ཀློའི་མི་ཚེ་སྐྱེལ་སྟངས་ངོ་མ་ཞིག་སྟེ་སྙིང་རྗེའི་བརླན་དང་བྲལ་བའི་སྡོང་བོ་སྐམ་པོ་དེ་ཁོ་ནའོ།།

(༤)

ངེད་ཅག་གིས་འཆི་བ་ལའང་ནམ་ཡང་གདོང་གཏད་ཐུབ། རྒྱུ་མཚན་ནི་ངེད་ཅག་ནི་བོད་པ་ཡིན་པས་རེད། སེམས་རྩ་བརྟན་ལ་དད་པའི་སྙིང་སྟོབས་དབང་བས་ཡིན་ཏེ།གལ་ཏེ་འཆི་བར་ཕྱོགས་ནའང་།རང་ཉིད་ཀྱི་མགོན་དུ་ གྱུར་པ་ནི་འགྱུར་མེད་རྟག་བརྟན་གྱི་དད་པ་དང་སེམས་སུ་རྡོ་ལ་རི་མོ་བརྐོས་པ་བཞིན་འཇགས་པའི་ཡིག་དྲུག་གི་ སྙིང་བོ་དེ་ནི། ནམ་ཞར་དུའང་སེམས་སུ་ནུབ་པ་མེད་པའི་ཤེས་རབ་ཀྱི་རྣམ་ཤེས་དེའོ།།  

(༥)

དེ་དག་ཡོད་པས་ང་དང་བོད་པ་ཡིན་པ་ཚོས།ང་རྒྱལ་སྐྱེ་འོས་ལ།རང་རིགས་ལ་གཞན་ལས་ཁྱད་འཕགས་ཀྱི་རིན་བྲལ་ནོར་བུ་ཞིག་མཆིས་པའང་རྟོགས་དགོས།  དུས་རབས་གསར་བའི་བོད་པའི་མི་རབས་འདིའི་བློ་སྤོབས་ཆེན་པོས་མདུན་དུ་བསུ་བའི་དུས་རབས་ནས་རང་མི་རིགས་ཀྱི་སྐད་དང་ཡི་གེ  ཡུལ་སྲོལ་གོམས་གཤིས།ཆོས་དང་རིག་གཞུང་ཕྱོགས་ལ་གཅེས་འཛིན་དང་དར་སྤེལ་བྱེད་པར་རང་ཉིད་ནས་འགོ་བརྩམ་པ་དང་ལས་འགན་ཚང་མ་རང་སྟེང་དུ་ལེན་ཐུབ་པར་སྙིང་སྟོབས་བསྐྱེད་དགོས་སོ།། །།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1