རྟ་གསོ་སྐྱོང་བྱེད་པ་ལས་བུ་ཕྲུག་སྐྱེད་བསྲིང་བྱས་ན་དགའ།

རྨེ་རུ་མགོན་པོ་སྐྱིད། (ཅོ་ནེ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་ནས་འགྲོ་བ་མིའི་རིགས་ཀྱི་དཔལ་འབྱོར་འཚོ་བ་ལ་འཕེལ་རྒྱས་སྐྱེན་པོ་བྱུང་བཞིན་འདུགདེ་དང་བསྟུན་ནས་རང་ཅག་ཁ་བ་ཅན་གྱི་ཡུལ་གྲུ་འདིར་འཚོ་བའི་མི་རྣམས་ཀྱིས་ལྟོ་གོས་ཀྱི་ཐད་ལ་འདུར་རྒྱུགས་དང་སེམས་ཁུར་དེ་འདྲ་བྱེད་མི་དགོས་པ་དང་བསྟུན་ནས།བོད་ཀྱི་ཡུལ་གྲུ་སོ་སོ་རུ་ལྒང་ལི་འགྲན་སྡུར་དང་རྟ་རྒྱུག་འགྲན་སྡུར་སོགས་ཀྱི་རིག་རྩལ་བྱ་འགུལ་སྣ་ཚོགས་ཇེ་མང་ནས་ཇེ་མང་དུ་འགྲོ་ཞིང་།ལྷག་པར་དུ་ཉེ་བའི་ལོ་འདི་འགའི་རིང་འུ་ཅག་གི་ཡུལ་གྲུ་སོ་སོ་རུ་དུས་ལ་ངེས་པ་མེད་པར་རྟ་རྒྱུག་འགྲན་སྡུར་མང་བོ་སྤེལ་རྒྱུ་ནི་བོད་མི་མང་བོ་ཞིག་གི་སྤྲོ་བ་འཕེལ་སའི་གཞི་མ་དང་ཡིད་སྨོན་བྱེད་སའི་དྭངས་མ་རུ་གྱུར་འདུག

གདོད་མའི་དུས་སུ་འུ་ཅག་གི་ཡབ་མེས་ཚོས་རྟའི་གོང་ནས་མདའ་རྩལ་སྦྱངས་ཏེ་རི་དྭགས་རྔོན་པ་ལས་འཚོ་བ་བསྐྱལ་བ་ནས་བཟུང་།ད་ལྟའི་བར་དུ་རྟ་རྩལ་འགྲན་པ་ནི་ང་ཚོའི་འཚོ་བའི་གྲུབ་ཆ་ཞིག་གམ།ཡང་ན་རྒྱུད་འཛིན་བྱེད་པར་འོས་པའི་སྲོལ་རྒྱུན་རིག་རྩལ་ཞིག་ཏུ་གྱུར་འདུགཡིན་ཡང་དེང་ཕྱིན་རོང་འབྲོག་གི་ཁྱིམ་ཚང་མང་ཆེ་བ་ན་རྒྱུག་རྟ་གསོས་ཏེ།དུས་རྒྱུན་ས་ཕྱོགས་གང་དུ་རྟ་རྒྱུག་འགྲན་སྡུར་ཡོད་མེད་ཀྱི་གནས་ཚུལ་ལ་རྣ་ཅོག་རིང་དུ་བསྲིངས་ནས་ཉན་རྒྱུར་ལོབས་ཡོད་པ་ལས།རང་ཉིད་ཀྱི་བྱིས་པའི་མདུན་ལམ་གྱི་ཆེད་དུ་ནམ་རྒྱུན་སེམས་ཁུར་བྱེད་མཁན་ཉུང་ཉུང་རེད་འདུག

ཐེངས་གྲངས་ཧ་ཅང་མང་བའི་རྟ་རྩལ་འགྲན་སྡུར་ལས་ང་ཚོའི་འཚོ་བ་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཨེ་འགྲོ་བསམ་ན།ང་རང་ལ་དོགས་སློང་དང་སེམས་ཁྲལ་ཞིག་མཉམ་དུ་སྐྱེས་ཡོང་།

སྤྱིར་བྱ་བ་གང་ཞིག་ཡིན་རུང་དྲང་ལྡོག་གི་སྐྱོན་ཡོནགཉིས་ཀྱི་ཆ་ཡོད་པ་ཆོས་ཉིད་རེད།ཡིན་ཡང་དེའི་དགེ་སྐྱོན་གཉིས་ལས་གང་གི་རྒྱ་ཁ་ལྕི་བར་ཞིབ་འདང་དང་བསམ་གཞིགས་རེ་གཏོང་ཐུབ་ན་ཧ་ཅང་འགྲིག་ས་རེད།

དུས་དང་ཡུལ་ངེས་མེད་ཀྱི་རྟ་རྒྱུག་འགྲན་ཚོགས་རེ་རེ་ལས་མི་བུ་ག་ཚོད་ལ་དགའ་སྤྲོ་དང་སྐྱིད་སྣང་སྟེར་མྱོང་བ་ཆ་མི་འཚལ་མོད།རྟ་རྒྱུག་ཐེངས་རེ་རེ་ལས་རྟ་ཕོ་ག་ཚོད་རྔུལ་ཆུ་དང་ན་ཟུག་གིས་འགྱེལ་མྱོང་བ་སྒྲོ་འདོགས་ཤིག་ག་ལ་ཡིན།ལྷག་དོན་དུ་རྟ་རྒྱུག་ཐེངས་རེ་ལ་གཞུང་སྒེར་གང་རུང་ན་སེམས་ཤུགས་དང་རྒྱུ་ཤུགས་ག་ཙམ་ཕུལ་མྱོང་བའི་ཐད་ལ་་འདང་ཕོག་ཧ་ཅང་དཀའ་ས་རེད།

རྒྱུག་རྟ་ཞིག་ཡིན་ན་ངེས་པར་དུ་དུས་རྒྱུན་འབྲུ་རིགས་སོགས་ཆས་གང་བཟང་གིས་གསོ་དགོས་ཤིང་།དུས་རྒྱུན་རྟའི་གཟུགས་བྱད་ཀྱི་ཆ་རྐྱེན་དང་རྒྱུག་རྩལ་སྦྱོང་བ་སོགས་ལ་རྟ་བདག་གིས་ལུས་སེམས་གཉིས་ནས་ནུས་ཤུགས་ཐལ་དྲགས་པ་ཞིག་ཕུལ་དགོས་པ་ནི་འདིར་རྒྱས་བཤད་བྱེད་མི་དགོས་པ་ཞིག་རེད།ལྷག་པར་དུ་རྟ་བདག་མང་ཆེ་བ་ནི་ཁྱིམ་གྱི་སྐྱེས་པ་ཚོ་ཡིན་པས་ན།ཁྱིམ་བདག་གིས་ནམ་ནམ་ཞར་་ཞར་དུ་དུས་ཚོད་དང་སེམས་ཤུགས་རྟ་ལ་བཅོལ་ནས་ཉི་མ་གཏོང་ཐབས་བྱས་ན།ཁྱིམ་དེའི་འཚོ་བའི་འཕེལ་རྒྱས་དང་བུ་ཕྲུག་གི་མ་འོངས་པའི་མདུན་ལམ་ལ་སུས་འགན་ཁུར་རམ་སྙམ་པའི་སྐྱོ་ཤུར་ཤུར་གྱི་སེམས་འགྱུ་ཞིག་དབང་མེད་དུ་སྐྱེས་ཡོང་།

རྟ་བདག་ཚོས་རང་གི་བུ་ཕྲུག་ལས་ཀྱང་རྟ་ལ་གཅེས་ཐུབ། ཡིན་ཡང་དེ་ནི་སྐྱེ་ཁམས་དོ་མཉམ་ཞེས་པར་འབད་པ་རྩ་བ་ནས་མིན་པར། རྟ་ཡིས་རང་ལ་དངུལ་ལོ་དང་མཚན་སྙན་སྩོལ་བར་རེ་བ་བཅངས་པ་ཙམ་དུ་ཟད་འདུག རྟ་རྒྱུག་འགྲན་སྡུར་གྱི་ཡུལ་དངོས་སུ་མི་སེམས་སྨྲེང་བའི་བྱ་བ་མང་བོ་བྱུང་དང་འབྱུང་གིན་པ་འཕྲིན་ཕྲན་སོགས་སུ་མིག་མཐོང་ལག་ཟིན་རེད། དཔེར་ན་རྒྱུག་རྟའི་དབུགས་ཆད་ལ་ཉེ་རུང་ད་དུང་ལྕག་གིས་བྲབས་ནས་ལངས་མ་འགྱེལ་དུ་གཏོང་འགྲོ་ལ། ཐ་ན་རྟ་བདག་གི་ཧམ་སེམས་དང་སྒེར་སེམས་ཀྱིས་ཅང་ཤེས་ག་ཚོད་ཀྱི་ལྷད་མེད་ཀྱི་རྣམ་ཤེས་གསོན་པོ་ལྕག་ཚན་ཚ་མོའི་འོག་ཏུ་དྲངས་མྱོང་བ་སུ་ཡིས་རྟོགས་སམ།  

མི་ནི་མ་གཞི་ནས་གདུག་རྩུབ་དང་སྒེར་སེམས་ཆེ་བས་ན། སེམས་རྒྱུད་འདུལ་བར་མི་གཞི་སློབ་གསོ་མ་མྱོང་ཞིང་དམ་པའི་ཆོས་རྩ་མི་རྟོགས་མཁན་ཞིག་ཡིན་ཚེ། སྐྱེ་ཁམས་དོ་མཉམ་དང་ལྗང་མདོག་གི་ཁྱིམ་གཞི་ཞེས་པ་འཛུགས་རྒྱུ་ནི་ཧ་ཅང་དཀའ་མོ་རེད། ཐེངས་རེའི་རྟ་རྒྱུག་འགྲན་ཚོགས་ལ་ཡུལ་ལུང་སོ་སོ་ནས་ལྟད་མོ་བ་གྲངས་མེད་སྐྱེད་མོས་ཚལ་ལ་འཁོར་བའི་བུང་བ་བཞིན་མ་གྲོས་རང་མཐུན་གྱིས་འདུ་ཞིང་། སོ་སོས་རང་རང་ས་ནས་རྫིག་ཉམས་ཚ་མདོག་ཁ་བོ་རེ་སྟོན་པར་དགའ་བས། རྒྱུ་ནོམ་པ་ཧ་ཅང་ཡོད་མདོག་གིས་སྐོར་རེ་དང་སྐོར་རེ་བྱས་ཏེ་དུ་ཆང་དང་རྒྱན་འཇོག་གིས་སེམས་སྐྱིད་ལ་བསྐུར་སྣང་ཤར། འདི་ནི་རྒྱུ་ནོར་དང་དུས་ཚོད་གཉིས་ཀ་མཉམ་དུ་རླུང་ལ་བསྐུར་བ་མ་ཡིན་ནམ། རྟ་རྒྱུག་འགྲན་སྡུར་གྱི་ཡུལ་དངོས་སུ་བསང་མཆོད་རྒྱ་ཆེར་བྱས་ནས་ལྷ་འབོད་ཀླུ་འབོད་བྱེད་བཞིན་པ་བདག་གིས་དངོས་སུ་མཐོང་མྱོང་། ཀྱི་ཧུད། ཁྱེད་ཅག་གིས་རང་གི་བུ་ཕྲུག་གིས་མཐོ་རྒྱུགས་ཀྱི་རྒྱུགས་ར་ན་རྔུལ་ཆུ་བཞུར་བའི་སྐབས་སུ་འདི་ལྟར་སྐད་གསེང་མཐོན་པོས་ལྷ་གཉེན་ལ་བོས་མྱོང་ངམ།  

རྟ་རྒྱུག་འགྲན་སྡུར་ནས་རྟ་ཞིག་ལ་བྱ་དགའ་ཐོབ་ཚེ་རྟ་བདག་གི་ཤ་ཉེ་རིང་མང་བོས་ལག་གཡོན་པར་དར་ཚོན་དང་ལག་གཡས་པར་བརྒྱ་སྒོར་དམར་ཤོག་ཅན་བཟུང་ནས་དུས་ཡུན་སྐད་ཅིག་མ་ལ་རྟའི་ལུས་ཡོངས་དར་ཚོན་སྣ་ལྔ་དང་སྒོར་མོས་གཡོགས་པར་བྱེད། ཡིན་ཡང། ཁྱེད་ཚོས་རང་གི་བྱིས་པས་མཐོ་རྒྱུགས་ནས་གྲུབ་འབྲས་འབུར་དུ་ཐོན་པ་བླངས་ཚེ། དེ་འདྲའི་གཟབ་རྒྱས་ཀྱི་གཟེངས་རྟགས་ཕུལ་མྱོང་ངམ།

མི་ཚེ་དང་འཚོ་བ་ནི་སྙན་གྲགས་དང་སྒོར་མོ་ཁོ་ནའི་ཆེད་དུ་མིན་ལ། མཚན་སྙན་གྱི་བ་དན་མཐོན་པོ་དེ་མི་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་དང་རྔུལ་ཆུ་ལས་སྨིན་རྒྱུའི་རོ་མངར་གྱི་ཟས་མཆོག་ཅིག་ཡིན་པ་ལས། ཕ་རོལ་བོས་བཞུར་མྱོང་བའི་རྔུལ་ཆུ་རང་གིས་ལྡག་ནས་སྐོམ་པ་སེལ་ཐབས་བྱེད་རྒྱུ་ཞིག་རྩ་བ་ནས་ཀྱང་མིན་ནོ།

མི་རིགས་ཤིག་གི་འཕེལ་རྒྱས་ནི་མིའི་རིགས་ལ་བརྟེན་དགོས་པ་དང་། གཞོན་སྐྱེས་ཚོ་ནི་མི་རིགས་ཤིག་གི་མ་འོངས་པའི་རེ་བ་ཉག་གཅིག་ཡིན། ཤེས་བྱ་དང་རིག་གནས་ཀྱི་གོ་ཆས་སྤྲས་པའི་མི་བུ་ནི་གཞན་གྱིས་ནམ་ཡང་རྒོལ་བར་མི་ཚུགས་པའི་བཙན་རྫོང་ཞིག་ཅི་ལ་མིན།  

བོད་ཁུལ་གྱི་དུད་ཁྱིམ་རེ་རེའི་འཕེལ་རྒྱས་ནི་མཐར་གཏུགས་ནས་བཤད་ན་བོད་མི་རིགས་ཧྲིལ་བོའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་རེད་འདུག དེའི་ཕྱིར་ང་ཚོ་མི་བུ་སུ་དང་གང་ཡིན་རུང་སོ་སོའི་ཁྱིམ་བདག་ནས་འགོ་ཚུགས་ཏེ། འགྲན་ཞུགས་རྒྱུག་རྟ་གསོ་སྦྱོང་བྱེད་པ་ལས་རང་གི་བུ་ཕྲུག་སྐྱེད་བསྲིང་བྱས་ན་དགའ་བར་འདོད་དོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1