ཡར་ཀླུངས་ཀྱི་ཕྱིར་མིག

སྨར་ཁམས་རིན་ཆེན་བཀྲ་ཤིས། (ལྷ་ས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


ཡར་ཀླུངས་ལ་སླེབས་ཟིན་པ་ནི།སེམས་ཀྱི་གཏིང་རིམ་ན་འཁྱུད་ས་ཞིག་ཡོད་པས་ཡིན། སྐབས་དེར་ཏག་ཏག་ཡར་ཀླུངས་ཀྱི་ཉི་མ་རྒྱང་ནས་རྒྱང་དུ་ནུབ་བཞིན་འདུག ས་རུབ་ལ་ཉེ་བའི་དུས་དེར།ངའི་ཡིད་སེམས་ཅི་ཞིག་གིས་གཉོམ་དུངས་ངེར་ལྷག་བྱུང་། ས་རྡོ་རི་བྲག་དག་ལས། གནའ་བོའི་ལོ་ཟླ་ཞིག་གི་དུས་ཀྱི་རྒྱུན་ཐག་ལ་དམ་དུ་འཇུས། ཡུམ་བུ་བླ་མཁར་གྱི་ཉེ་འདབས་སུ་རྩི་ཐོག་བཏོགས་ནས་མ་རྨོས་ལོ་ཏོག་གི་ཚུལ་དུ་ཡང་ཡང་བལྡད།ཐུར་དུ་དཔྱངས་པ་ལྟ་བུའི་རྡོ་སྐས་བརྒྱུད་དེ་གོམ་པ་གང་རེ་བཞིན་སྤོ་དུས། ངས་རང་ཉིད་ལ་ཁ་རོག་གེར་འདྲི་ཚིག་གང་མང་ཞིག་དྲིས།

སྐྱོ་ལྷང་ངེར་ཡོད་པའི་ཡུམ་བུ་བླ་མཁར་གྱི་རྣམ་པས། ང་རང་ཇེ་སྐྱོ་རུ་བཏང་བྱུང་། ཟོ་དང་རིང་མོའི་གཞུང་ཁོག་ལ་བལྟས་ན། དཔྱིད་འགོ་མའི་མྱུ་གུ་འབུས་མགོ་བརྩམས་འདུག ངས་ཡར་ཀླུངས་ཁོག་གི་མི་རྣམས་ཀྱི་ནང་སེམས་ལ་ཡང་དཔྱིད་ཀ་ལྟ་བུའི་འཛུམ་མདངས་ཤར་བའི་རེ་སྨོན་བཅངས། ཧ་ཅང་ཁུ་སིམ་མེར་གནས་པའི་ཡར་ཀླུངས་གཞུང་ཁོག་ཏུ་རྐང་ཐང་ལ་བསྐྱོད་དུས། བཙན་པོའི་རྟ་དམག་གྲངས་མེད་རྡུལ་འཚུབ་ཀྱི་ཀློང་ནས་ང་རྒྱལ་གྱིས་བསྐྱོད་བཞིན་ཡོད་པར་ཡིད་ཚོད་བྱས། ཡིན་ཡང་སྐབས་དེར་ང་ལ་གདུང་སེམས་ལས་ང་རྒྱལ་མི་འདུག སྐབས་འདིའི་ཡར་ཀླུངས་རྣམ་པ་ཁོ་ནས་ང་རང་ལ་མིག་ཆུ་ཞིག་དྲུད་དེ་ཡོང་བཞིན་འདུག དེ་ཡང་ཁ་པར་ལས་ཉི་ནུབ་དང་ལྷན་དུ་ཡར་ཀླུངས་ཁོག་ལ་པར་བསྐྱོན་པ་བཞིན། སྣང་བརྙན་དེ་ཡིད་སེམས་ཀྱི་ཟབ་སར་ད་དུང་འཇགས་ནས་འདུག

ཡར་ཀླུངས་སོག་ཁའི་ཕང་བར་འབྱོར་བ་ནི་དགའ་འོས་པ་ཞིག་ཡིན་ཡང་། སྐྱོ་བྱུང་བ་ཡང་ཡར་ཀླུངས་ལ་དུངས་བས་ཡིན་ནམ།གྲིབ་མ་ལུས་འདུག་པའི་ཡར་ཀླུངས་ལ་ཤོར་བའི་འཁྲེང་སེམས་དེས། ང་རང་གཏན་དུ་མ་བཏང་། ཆ་ཡོད་མེད་གཉིས་ཀ་དང་འདྲ་བ་ནི་ཡར་ཀླུངས་ཀྱིས་བྱིན་པའི་ཐོག་མའི་དྲན་པ་རེད། ཅི་ཞིག་གིས་སྐོམ་མ་སོད་པ་ལྟ་བུའི་འདོད་བློ་ཡིས། ང་རང་འདི་ལྟར་ཡར་ཀླུངས་ལ་འབྲལ་འདོད་ཡེ་ནས་མ་བྱུང་།

ཁྲ་འབྲུག་དགོན་ལ་སླེབས་དུས་ས་རུབ་འདུག་ལ། ཁྲ་འབྲུག་དགོན་ནས་སད་དུས་ནམ་ལངས་འདུག ཞོགས་པའི་ཉི་འོད་དང་ལྷན་དུ་ཞོགས་ཇར་རོལ་བའི་ཚུལ་ནི་དགའ་བདེ་དཔལ་གྱིས་ཁྱབ་པའི་སྣང་བ་ཞིག་རེད། མདུན་ཕྱོགས་ཀྱི་རི་རྩེ་ནས་འོད་ཀྱི་ཞུན་མ་ལྟར་བཀླུབས་ནས་ཡོང་བའི་ཉི་ཟེར་གྱིས་ཁོ་བོར་སེམས་གསོ་བྱེད་པ་དང་འདྲ་བར་གདོང་གཏད་ནས་ཡོང་དུས།གཡོ་རུ་མཐའ་འདུལ་གྱི་གཙུག་ལག་ཁང་སྔ་ཤོས་སུ་གྲགས་པ་དེ། མཇལ་བ་དག་གི་ངོ་གདོང་བཞིན་ཁོ་བོའི་མིག་མདུན་དུ་ཉེ་བའི་ངང་ལྷན་ནེར་ལྷང་ངེར་མངོན་བྱུང་། ཡར་ཀླུངས་ཤེལ་བྲག་གི་སྐུ་ང་འདྲ་མ་དང་གཡུ་ཡི་སྒྲོལ་མ་རང་བྱོན་གྱི་ཞལ་ཐང་ལ་ཐོད་པ་གཏུགས་རྗེས། ཁུ་སིམ་མེར་གནས་འདི་དང་བྲལ་བ་ཡིན། དེ་དུས་ད་དུང་ཡང་ཞོགས་པ་རེད་ལ།ངས་ཞོགས་པའི་མཛེས་སྡུག་མཐའ་དག་ཡུལ་འདིའི་མི་རྣམས་ལ་འཕུལ་བཞིན་དེ་ལྟར་ལ་མོ་བརྒྱབ་པ་ཡིན།

འཕྱོངས་རྒྱས་ཟླ་བ་སྒྲོལ་མ་ཞེས་པའི་གླུ་ཚིག་དེ་ངག་ནས་ཟློ་བཞིན་འཕྱོངས་རྒྱས་ལ་ཐོན་དུས། སྐྱ་ཉིལ་ལེར་ཆགས་པའི་བཙན་པོའི་བང་སོའི་དྲུང་དུ་འབྱོར་བྱུང་། སྐད་ཅིག་དེ་ཉིད་དུ་ཧང་སངས་པར་བྱེད་པ་ནི་ཅི་ཞིག་ཡིན་ནམ། རྔམ་བརྗིད་ལྡན་པའི་བཙན་པོའི་བང་སོ་རེ་རེ་བཞིན་ཞིབ་དུ་མཇལ་དུས། བག་ཆགས་གང་ཞིག་གི་གཏིང་རིམ་ན་སྐུང་བའི་དྲན་པ་མ་ལུས་གནས་འདི་རུ་འཐོར་སོང་ལ། དེ་ནི་ཆུ་བོ་ཞིག་གི་ཚུལ་དུ་རང་དབང་མེད་པར་རྒྱང་ནས་རྒྱང་དུ་བཞུར་སོང་།

གཟི་བྱིན་གྱི་ཚན་ཁ་འབར་བའི་བཙན་པོ་སྲོང་བཙན་སྒམ་པོའི་བང་སོ་ལ་ཐོག་མར་མཇལ་དུས། གློ་རྡེག་ཏུ་བརྗོད་ཐབས་བྲལ་བའི་དྲན་འཛིན་གྱི་སྣང་བ་ཞིག་གིས་ང་རང་གནས་འདི་དང་དམ་དུ་འཁྱུད་པར་བྱས། རི་བོའི་གཏོས་ལྟར་ཆེ་བའི་བང་སོའི་གཟི་བརྗིད་ཀྱིས་ཡབ་མེས་རྣམས་ཀྱི་སྲ་བརྟན་གྱི་བློ་ཁོག་དང་། དཀྱེལ་ཡངས་ཀྱི་སེམས་རྒྱ་མཐོང་དུ་བཅུག་སོང་བ་དང་འདྲ་བར།དཔའ་མཛངས་རྟུལ་ཕོད་ལྡན་པའི་འགྲོ་བ་མིའི་རིགས་ཀྱི་ཞབས་རྗེས་ཤིག་ང་ཡི་མིག་མདུན་དུ་རྦ་རླབས་ལྟར་འཕྱུར་ནས་ཡོང་གིན་འདུག ཁ་གཏད་དུ་ཆགས་པའི་མང་སྲོང་མང་བཙན་གྱི་བང་སོ་དང་། དེའི་གཡས་ཕྱོགས་ཀྱི་ཐང་ཁུད་ན་གནས་པའི་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་བང་སོ། མདུན་ཕྱོགས་ན་ཡོད་པའི་འདུས་སྲོང་མང་པོ་རྗེའི་བང་སོ་བཅས་སོ་སོར་ཞིབ་ཏུ་མཇལ་བས། ངའི་དྲན་གདུང་མ་ལུས་གཙང་བོའི་ཚུལ་དུ་བསྐྱོམས་ནས། མཚམས་ལན་རེར་མུ་ར་རིའི་བར་སྣང་དུ་རྒྱུ་བའི་བྱ་ཞིག་ཡིན་ནའང་སྙམ་བྱུང་།

གྲོང་ངེར་འགྱིང་བའི་མུ་ར་རིའི་རྩ་ན་ཁྲི་སྲོང་ལྡེ་བཙན་གྱི་བང་སོ་རི་བོའི་ཚུལ་དུ་ཆགས་འདུག་ཅིང་།དེ་ནས་མར་བལྟས་ཚེ་འཕྱོངས་རྒྱས་ནི་ལག་མཐིལ་དུ་བླངས་པ་ལྟ་བུའི་ཚུལ་དུ་གནས་འདུག ངོ་མ།འདི་ནས་ལྷོད་ལ་བབས་ཏེ་འཕྱོངས་རྒྱས་གཞུང་ཁོག་རིང་མོར་བལྟས་ན། ཡིད་སེམས་ལ་བདེ་བ་ཅི་ཞིག་ཐོབ་སོང་བ་དང་འདྲ་བར། ནང་སེམས་ཀྱི་དཀའ་སྣང་ཡོད་ཚད་རེ་ཞིག་སངས་པ་དང་འདྲ་ཨང་། དེ་ཡི་འགབ་ཏུ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་བང་སོ་ཆགས་འདུག་ཅིང་། མུ་ར་རིའི་རི་རྩ་ནས་ཁྲི་སྲོང་ལྡེ་བཙན་གྱི་བང་སོ་བརྒྱུད་དེ་མར་ལ་སོང་དུས་གསེག་པ་ལྟ་བུའི་གྲོག་ཤུར་ཆུང་ཆུང་དེའི་མདོར་མུ་ནེ་བཙན་པོའི་བང་སོ་འཕྲེད་དུ་ཆགས་འདུག རྨི་ལམ་དང་འདྲ་བའི་དྲན་པ་འདི། དྲན་གདུང་གི་མཐིལ་ན་སྦས་པའི་སེམས་ཁུར་དེ་དག་སངས་པའི་ཆེད་དུ་ཡིན་ནམ།   

བཙན་པོའི་བང་སོ་རེ་རེ་ཡི་དྲུང་དུ་བསྐྱོད་ཚུལ་དེ། གནས་འདིར་སླེབས་ན་ད་གཟོད་ཤེས་ངེས། དེ་ནི་ཤོག་བུའི་ངོས་ནས་ཟིན་ཐབས་མེད་པའི་དུངས་སེམས་ཤིག་རེད། དུངས་སེམས་ཀྱི་རླབས་ཁ་དེ་ཡང་ངའི་གདུང་སེམས་དང་འདྲེས་ནས་འཕྱོངས་རྒྱས་གཞོང་ཁོག་རིང་མོར་ཡང་ཡང་ཤོར་སོང་།

 རྩེ་མོ་དགུང་དུ་ཟུག་པའི་ཕྱིང་བ་སྟག་རྩེ་ནི་བཙན་པོའི་བང་སོ་དང་ཐག་མི་རིང་བའི་ས་ན་གནས་འདུག བྲག་རིའི་སྤོ་རུ་སོང་ནས་ཡང་བསྐྱར་འཕྱོངས་རྒྱས་གཞོང་ཁོག་རིང་མོར་བལྟས་ཚེ། ཐོད་སྐྲ་རླུང་གིས་གཡོ་བ་ལྟ་བུའི་ཚོར་བ་ཞིག་གིས། གནའ་བོའི་རྗེས་ཤུལ་དེ་དག་བྱིས་དུས་ཀྱི་འཚོ་བ་ཇི་བཞིན་མིག་ལམ་ནས་ཡལ་ཐབས་མ་བྱུང་། དར་ལྕོག་ཟད་པོ་དག་ལྷབ་ལྷུབ་དུ་བསྐྱོད་ཚུལ་གྱིས་ང་ལ་ཕངས་སེམས་ཤིག་བཞག་པ་ལྟར།གནས་འདི་དང་བྲལ་བའི་སྟ་གོན་བརྩམས་ན་ཡང་། སླར་ཡང་གནས་འདིར་སླེབས་པའི་སྨོན་ལམ་བཏབ་པ་ཡིན།

རྩེད་ཐང་ཞེས་པ་འདི་མིང་ཙམ་ལས། གནའ་བོའི་རྩེད་ཐང་དེ་ག་འདྲ་ཞིག་ཡིན་མིན་ངའི་བློ་ཁོག་ཏུ་མ་ཤོང་བ་ཡིན་ནམ། གང་ལྟར། རྒྱང་ནས་མཐོང་བའི་རྩེད་ཐང་གོང་པོ་རི་ནི་ཁེར་རྐྱང་ངང་སྐྱ་ཐག་གེར་གནས་འདུག  དེས་ཀྱང་སྐྱོ་བ་མ་ལུས་ཤིག་རུམ་ནས་ཡོད་པ་ལྟར། སྐྱོ་གདུང་དེ་ཡང་ཡར་ཀླུངས་གཙང་བོའི་ཆུ་རྒྱུན་དང་འདྲེས་ནས་རྒྱང་རིང་དུ་བཞུར་བ་འདྲ། དུས་ཚོད་ཀྱིས་ང་རང་བདས་པའི་ཚུལ་དེ།རླངས་འཁོར་གྱི་ཁ་ལོ་བ་འཚུབ་ཆ་ལངས་པ་དང་འདྲ་བར། ཡར་ཀླུངས་གཙང་པོའི་ཆུ་རྒྱུན་ཤོག་སྐྱ་ལྟེབས་ལྟེབས་ཀྱིས་བུད་སོང་ལ། ཡར་ཀླུངས་གཙང་པོའི་རླབས་རྒྱུན་ཇེ་ཆུང་དུ་འགྲོ་བའི་ཚུལ་དེ་ཏག་ཏག་སྐྱོ་ཉམས་ཀྱིས་གཟིར་བའི་ཁ་ལོ་བའི་སྐད་ཆ་ལས་རྙེད་པ་ཡིན། ཡར་ཀླུངས་གཙང་པོའི་མཐའ་རུ་འཁྱུད་པའི་བྱེ་རྡུལ་གྱིས་ང་ཡི་སེམས་ནང་ལ་སྐྱོ་བ་ཞིག་བཅུས་པ་དང་འདྲ་བར། མྱ་ངམ་ཐང་གིས་ཁེབས་ལ་ཉེ་བའི་ཡར་ཀླུངས་གཙང་འགྲམ་གྱི་མུ་ཁྱུད་རིང་མོར་ཡང་ཡང་བལྟས་པ་ཡིན། ཡར་ཀླུངས་གཙང་པོས་ཁྲིད་པའི་སེམས་པ་འདི་དག་གིས་ང་རང་རྒྱང་ནས་རྒྱང་དུ་ཁྲིད་དོན་ཅི་ཡིན་ནམ། དེ་ལྟར་ངའི་ཁེར་རྐྱང་གི་དྲན་པ་དག་ཡར་ཀླུངས་གཙང་པོའི་རླབས་ཀྱིས་ཁུར་ནས་བུད་སོང་།

ཡུལ་གདུང་ཞིག་གིས་མནར་བའི་འཁྲེང་སེམས་ཀྱིས་བསམ་ཡས་ཧས་པོ་རིའི་མགོ་ལ་ཇི་ལྟར་འགོས་པའང་མ་ཤེས། ཕྱོགས་དང་ཕྱོགས་སུ་མིག་མྱུལ་བྱས་ནས་ཁུ་སིམ་སིམ་གྱི་རི་ར་བ་ཁང་ཁྱིམ་དག་ལ་ཞིབ་མོར་བལྟས། དུང་གི་སེང་གེ་གནམ་ལ་མཆོངས་པ་ལྟ་བུ་དང་། གླང་ཆེན་ས་ལ་རབ་བརྟན་ཉལ་བསྡད་ཡོད་པར་ཆགས་བཞག་པའི་བསམ་ཡས་ཧས་པོ་རི་ནས། སྲོད་ཁའི་མཚམས་སྤྲིན་གྱི་ངོགས་སུ་བསམ་ཡས་གཙུག་ལག་ཁང་ལ་ཧད་ནས་བསྡད། གནས་འདི་ནས་རྒྱང་དུ་བྱེར་མྱོང་བའི་ཡུལ་གྱར་བ་དག་གི་གདུང་བ་ཡང་ཡིད་ཀྱིས་མྱོང་ཐུབ་པ་དང་འདྲ་བར།ཆུ་འགོ་གངས་ལ་ཐུག་པའི་རིག་གནས་ཤིག་གི་དྲན་པ་ ངའི་ནང་སེམས་ཀྱི་ཧྲག་བར་བརྟོལ་ནས་ག་ལེར་བུད་ཐལ།

ཞོགས་པར་ཉི་འོད་ཀྱིས་བསླེས་པའི་བསམ་ཡས་གཙུག་ལག་ཁང་ལ་བལྟས་དུས་ཀྱང་།གཉོམ་དུངས་དུངས་ཀྱིས་འཚེར་བའི་གསེར་ཏོག་མིག་ནང་དུ་ཟུག་པར་བྱེད་ཅིང་། རྡོ་རིང་ངོས་སུ་གསལ་བའི་ཡིག་འབྲུ་དག་གིས་ང་ལ་བླ་ན་མེད་པའི་ཟིལ་ཤུགས་ཤིག་གནང་གིན་འདུག བསམ་ཡས་གཙུག་ལག་ཁང་གི་ཁྱམས་རར་ཉུལ་དུས་སུ།འདས་ཟིན་པ་དག་ད་དུང་མིག་ལམ་དུ་རྒྱུ་བ་བཞིན། ངའི་གཙང་པོ་ལྟ་བུའི་དྲན་པ་ཁྱམས་རའི་རྡོ་གཅལ་གང་རུང་བརྒྱུད་ནས་ཐག་རིང་དུ་བུད་སོང་ལ། དེ་ནི་རྨི་ལམ་ཞིག་གི་ཚུལ་དུ་ད་དུང་ཡང་རྨིས་ན་བསམ།

འདི་དག་གི་མིང་ལ་དྲན་གདུང་ཟེར་ན་ཆོག་གམ།  དུས་ཚིགས་དང་ས་མཚམས་མེད་པར་དྲན་ན་ཆོག་གམ།གང་ལྟར། ཕྱིར་དྲན་གྱིས་བསླངས་པའི་རྨུ་ཐག་རིང་མོ་དེས་ང་རང་བསྒུལ་བ་ཡང་། ལོ་ཟླ་ཟེར་བ་འདིར་སེམས་ཤིག་ཡོད་པས་ཡིན་ནམ། རླབས་རྒྱུན་གྱིས་འཁུར་བའི་དྲན་པ་འདི་རྒྱང་རིང་དུ་བཞུར་ཚུལ་ནི། ཉི་འོད་དང་ཉེ་བར་བཅར་བ་བཞིན། ཡར་ཀླུངས་གཙང་པོའི་ཆུ་རྒྱུན་རིང་མོ་ངའི་ནང་སེམས་ཀྱི་ཡུར་ཆུ་དང་འདྲེས་ནས་རྒྱང་རིང་རྒྱང་རིང་ཞིག་ཏུ་བསྐྱོད་སོང་ངོ།། །།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1