ཚོར་བ་ཞོ་བཞིན་བསྙལ་བའི་ལི་ཐང་།

དཀོན་མཆོག་ཆོས་དར། (ཡུལ་ཤུལ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


དབྱར་ཕ་མ་འདྲ་བ་དེ་རྫོགས་འགྲོ་བསམས་ན།

སྨྲེང་བའི་སྐྱོ་གཞས་ཤིག་ངག་ལ་འཁྱིལ་འོང་།

དགུན་གཤེད་མ་འདྲ་བ་དེ་བསླེབ་འོང་དྲན་ན།

དངངས་པའི་སྨག་རིམ་དེས་སྙིང་འདི་གཡོགས་འགྲོ།

སྟོན་དུས་འདི་ནི། སྙན་ངག་གི་ལོ་ལེགས་སྨིན་ཆོག་པའི་ཞིང་ཐང་དེ་ཡིན་པས།

སང་ལོའི་དཔྱིད་འགོ་ལའང་།

མི་ལོ་སུམ་བརྒྱའི་སྔོན་གྱི་དུས་ཆད་དེ་ཇི་བཞིན།

བྱིས་པའི་སེམས་ཁམས་ལྟ་བུའི་འབའ་ལི་ཐང་ནས།

ང་ཚོ་གེག་མེད་ལྷན་འཛོམས་ཡོང་པའི་སྨོན་ལམ་བརྒྱབ་ཡོད།

ལི་ཐང་ན། ལྷོ་རུ་འཕུར་བའི་ཁྲུང་ཁྲུང་དེའི་གཤོག་རྩེ་ལུས་པ་བཞིན།

གསེར་གྱི་འོད་ཟེར་འཕྲོ་བའི་ལོ་རྒྱུས་ཀྱི་ཡིག་ཕྲེང་ལུས་ཡོད།

དུང་གི་དབྱངས་རྟ་ལྟ་བུའི་མེས་པོ་ཡི་གཞས་དབྱངས་ལུས་ཡོད།

རྒོད་ཀྱི་གཤོག་འགྱུར་ལྟ་བུའི་ཞབས་བྲོ་ཡི་རྣམ་ཤེས་ལུས་ཡོད།

རུས་པ་གསེར་དང་ཟུངས་ཁྲག་འོ་མ་ཡིན་པའི་མི་བུ་དེའི་རྐང་རྗེས་ལུས་ཡོད།

ཡབ་མེས་ཀྱི་ལྗོན་པའི་རྩེ་ནས་གསེར་གྱི་ལོ་མ་ཞིག་ས་ལ་ལྷུང་བའི་སྟོན་དུས་འདིར།

ངས་ལི་ཐང་ནས་རྐང་རྗེས་བྲག་ལ་བརྐོ་མཁན་གྱི་དེད་དཔོན་དེ་ལྷག་ཏུ་དྲན་འོང་།

དྲན་བཞིན་དྲན་བཞིན་དུ།

པི་ཝང་གི་སྙན་དབྱངས་གྲགས་པའི་ལི་ཐང་དུ་ཁྱེད་ཀྱི་སྙན་ངག་གི་ཚེ་སྲོག་ལུས་ཡོད་པ་ཚོར།

མཛེས་སྡུག་གི་མེ་ཏོག་བཞད་པའི་ལི་ཐང་དུ་ཁྱེད་ཀྱི་གསང་བ་ཡི་ཁ་དོག་འདྲེས་ཡོད་པ་ཚོར།

ལི་ཐང་གི་འཁྱམ་པོ་ཡིན་པ་འདྲ་བའི་རྒྱལ་སྲས་ཁྱེད་ཉིད་ཀྱང་།

བདག་གི་སེམས་ལ་ཉར་བའི་སྙན་ངག་གི་བརྗེད་ཐོ་གཅིག་པུ་ཡིན་པ་ཚོར་ཡོང་།

ལྷ་ཕྱོགས་མོན་གྱི་ས་བོན་དེ་འབའ་ལི་ཐང་ནས་ལོ་འདབ་རྒྱས་དུས།

མཛེས་སྡུག་གི་རྨི་ལམ་ཐགས་སུ་བཏགས་མཁན་དེ་ཁྱེད་རང་ཡིན།

པོ་ཏ་ལའི་སྒེའུ་ཁུང་ནང་གི་ཕྱི་མིག་དེ་ཁྲི་ཤོར་རྒྱལ་མོའི་རླབས་སུ་རྩེན་དུས།

ངེས་དོན་གྱི་སྟོང་ཉིད་གླུ་རུ་ལེན་མཁན་དེ་ཁྱོད་རང་ཡིན།

ཁྱེད་རང་ཡོད་པས། ངས་སྟོན་གྱི་སྤྲིན་པ་ལྟ་བུའི་མི་ཡུལ་འདི་ནས།

རང་ཉིད་རྒྱང་དུ་ཁྱེར་འགྲོ་མཁན་དེ་དུས་ཚོད་ཀྱི་ཐག་སྒྲ་མིན་པ་ཤེས་སོང་།

གལ་ཏེ། ལི་ཐང་ནི་རྒྱང་ལ་འཐེན་པའི་ལམ་ཕྲན་ཞིག་ཡིན་ན།

ཁྱེད་རང་དྲན་པ་ནི།

ལི་ཐང་གི་ནུབ་ཀྱི་མཁའ་མཐའ་ན་ཤར་བའི་འཇའ་ཚོན་སྣ་ལྔ་དེ་ཡིན།

ལམ་ཕྲན་དེར་དེད་ནས་སོང་ན།

ལི་ཐང་གི་རྒྱ་ཁྱོན་རྟོགས་འོང་བ་བཞིན།

འཇའ་ཚོན་དེའི་སྣེ་རུ་འཇུས་ན།

བོར་ཟིན་པའི་ཁྱེད་ཀྱི་ལོ་ཟླ་དེ་དག་གི་ཁ་དོག་དང་བྲོ་བ་རྙེད་འོང་།

ལི་ཐང་གི་ཉི་འོད་དེ་ཅི་འདྲའི་དྲོ་ཨང་།

དུས་ཚོད་སྐད་ཅིག་ཙམ་ལ།

རང་གི་སེམས་གཏིང་ན་སྦས་པའི་ཚོར་བ་དེ་ཚོ་ཀུན་ནས་བཞུས་སོང་།

ལི་ཐང་གི་ཆུ་མོ་དེ་ཅི་འདྲའི་གྲང་ཨང་།

ཧུབ་གང་འཐུང་བ་ཙམ་གྱིས།

རང་གི་ལུས་སྟེང་ནས་བཞུར་བའི་རྔུལ་ཆུ་དེ་ཚོ་དར་ཁ་འགྲིགས་སོང་།

ལི་ཐང་ལ། དྲོ་གྲང་གི་གཤོག་པ་འདི་གཉིས་ཡོད་པས།

ཁྲུང་ཁྲུང་གི་ཕྱི་མིག་དེ་ལ་ནམ་ཡང་ཡིད་ཆེས་ཀྱིས་ཁེངས་ནས་ཡོད།

གང་ལྟར། ད་ལོའི་སྟོན་ཀ་ནས་བཟུང་།

ལི་ཐང་གི་ཞིང་ཁ་ནས་གྲོ་ནས་ཀྱི་འབྲུ་སྣེ་འཐུ་མཁན་དེ་ང་རང་ཡིན་དགོས་ལ།

ལི་ཐང་གི་ལྷས་འདབས་ནས་ནོར་ལུག་གི་རུས་ཆག་སྒྲུག་མཁན་དེའང་ང་རང་ཡིན་དགོས།



རྩོམ་ཡིག་རྗེས་མ།
ཆར་བ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1