སློབ་ཆུང་དགེ་རྒན་ཞིག་གི་འཚོ་བ་དང་སེམས་ཚོར།

གངས་རི་བ་གཙང་དཔལ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28



ཨི།

ད་སྐབས་དུས་ཚོད་23:30ཡས་མས་ཤིག་རེད། མ་གཞི་དེ་རིང་ང་ཧ་ཅང་ཐང་ཆད་ཡོད་པས་མྱུར་དུ་ངལ་གསོ་སྐྱིད་པོ་ཞིག་བྱེད་དགོས་བསམས་ནས་རང་ཤག་ཏུ་འཛུལ་བ་ཡིན། ཡིན་ནའང་དགེ་གྲོགས་རྣམ་པས་འཕྲིན་ཚོམས་སུ་བསྐུར་བའི་དེ་རིང་གི་འདྲ་པར་དག་རིག་དུས། རང་ཉིད་ཀྱི་སེམས་ངོས་སུ་དེ་རིང་གི་ངའི་སེམས་ཚོར་ནི་ངལ་གསོ་ལས་ཀྱང་གལ་ཆེ་བ་ཞིག་ཡིན་པར་སྙམ་ནས་འཕྲལ་དུ་རྩིས་འཕྲུལ་པང་དུ་བླངས་ནས་འབྲི་འགོ་བརྩམས།

ཨུ།

གཏམ་འགོ་ནས་བཤད་ན། ང་རང་དགེ་རྒན་ཞེས་པའི་ལས་གནས་འདིར་ཞུགས་ནས་ལོ་ངོ་དྲུག་ལ་ཟིན་གྱིན་འདུག ལོ་འདི་དག་གི་རིང་ལ་སློབ་གྲྭ་ནས་ཕུལ་བྱུང་གི་དགེ་རྒན་ཞིག་གཏན་ནས་ཡོང་ཐུབ་མེད་ནའང་། རང་གི་ཚོད་ཀྱིས། དགེ་རྒན་རྒན་པ་འགའ་རེ་དང་ཁྱིམ་བདག་རེ་ཟུང་། སློབ་མ་ཉུང་ཤོས་ཤིག་གི་བསམ་ཚུལ་དང་བྱ་སྤྱོད་ལ་ལྟ་རྟོགས་ཅུང་ཙམ་རེ་བྱས་མྱོང་ཡོད། ལྟ་རྟོགས་འདི་དག་གི་གོ་རིམ་ཁྲོད་ནས་རང་གིས་ཀྱང་སློབ་གསོའི་ཐབས་ལམ་གྱི་ཁ་ཕྱོགས་ཤིག་གཏན་ཁེལ་བྱས་པ་ཡིན།

ཨེ།

བསམ་བློ་ཞེས་པའི་མཁྲེགས་འཛིན་གྱི་ལྟ་བ་དེ་ནར་མ་སོན་པའི་སློབ་ཆུང་གི་སློབ་མ་ཞིག་ལ་ཆ་མཚོན་ན། སློབ་སྦྱོང་ལ་མོས་པ་ཡོད་པའི་རྣམ་ཤེས་ཤིག་ཅིས་ཀྱང་ཆགས་དགོས་པ་རེད། རྣམ་ཤེས་དེའི་བཟོ་སྐྲུན་པ་ནི་དགེ་རྒན་དག་ཡིན་པས། འདི་ལ་དགེ་རྒན་རྣམ་པས་ཐུགས་འདང་མང་པོ་བཞེས་མྱོང་ཡོད་པ་སྨོས་མེད་ཡིན་པ་རེད། ཡིན་ནའང་དེ་རིང་ཁོ་བོས་བརྗོད་འདོད་ཀྱི་ཡང་སྙིང་ཡང་འདི་དང་འབྲེལ་ནས་ཡོད་པས་རགས་བསྡུས་ཤིག་མ་བཤད་ཐབས་མེད་དུ་ཆགས་འདུག ངས་བསམ་ན་རང་ཅག་བོད་པ་ཚང་གི་སྤྱི་ཚོགས་ཁོར་ཡུག་དང་ཁྱིམ་ཚང་སློབ་གསོ་གང་ལ་བསམ་ཡང་། སློབ་གྲྭར་ཞུགས་མ་ཐག་ནས་སློབ་སྦྱོང་ལ་དགའ་མོས་ཕུལ་ཕྱིན་ཡོད་པའི་བྱིས་པ་ཞིག་དཀའ་མོ་རེད་འདུག་སྙམ། དེས་ན་བྱིས་པ་ཆུང་ཆུང་དག་སློབ་སྦྱོང་ལ་དགའ་བའི་འདུན་པ་དེ་ཅི་ལྟར་སྐྱེད་སྲིང་བྱེད་དགོས་ཟེར་ན། ཐོག་མར་བྱིས་པ་ཆུང་ཆུང་དེ་དགེ་རྒན་རང་ལ་ཧ་ཅང་དགའ་བའི་བསམ་བློ་ཆུང་ཆུང་ཞིག་བཞེངས་སྐྲུན་བྱེད་དགོས་པ་རེད། དེ་ལྟ་བུའི་བསམ་བློ་ཞིག་བསྐྲུན་ཐུབ་སོང་ན་ད་གཟོད་སློབ་མ་དེས་དགེ་རྒན་གྱི་སྐད་ཆ་དག་དང་ལེན་ཡག་པོ་ཞིག་བྱེད་ཐུབ་པ་རེད། འདི་ནི་སློབ་མ་ཞིག་ལ་ཆེས་མེད་དུ་མི་རུང་བའི་རྨང་གཞིའི་ཤེས་བྱ་ཞིག་ཡིན་པར་སེམས་ཡོད། དེ་མིན་དབྱུག་པའི་སློབ་གསོས་ཀྱང་གནས་སྐབས་དགེ་རྒན་གྱི་སྐད་ཆ་དག་དང་ལེན་མ་བྱས་ཐབས་མེད་དུ་བསྒྱུར་ཐུབ་ནའང་། སློབ་གསོའི་ཐབས་ལམ་འདིས་སློབ་མ་དང་རིག་གནས་གཉིས་ཀྱི་བར་ལ་ཞེ་འཁོན་ལས་དུངས་བ་གཏན་ནས་མེད་པ་བཟོས་ཡོད་སྲིད་ལ། སློབ་གསོའི་ཐབས་ལམ་འདི་འདྲའི་འོག་ནས་ནར་སོན་པའི་སློབ་མ་ཕལ་ཆེ་བ་གནས་སྐབས་སྦྱངས་འབྲས་མ་བཟང་ཐབས་མེད་ཡིན་ཡང་། ཡུན་རིང་ལ་སློབ་གྲྭའི་ཁོར་ཡུག་ནས་སློབ་སྦྱོང་བྱས་ནས་འདུག་ཐུབ་ཀྱིན་མི་འདུག འདི་ནི་རང་དང་ཁ་ཐག་ཉེ་བའི་སློབ་མ་མང་པོ་ཞིག་གིས་མདུན་ལམ་འདི་ལྟར་ཤོར་སོང་བ་མིག་མཐོང་ལག་ཟིན་དུ་གྱུར་པས་རྒྱུ་མཚན་དུ་དྲངས་པ་ཙམ་ལགས།

ཨོ།

རང་གི་སློབ་གསོའི་ཐབས་ལམ་དེའི་ཆེད་དུ། ངས་ནམ་རྒྱུན་སློབ་མ་ཚོ་དང་མཉམ་དུ་རྩེད་མོ་བརྩེས་ནས་བསྡད་པ་ཡིན། རྩེད་མོ་རྩེ་བའི་ཞོར་ལ་སློབ་དེབ་ནང་གི་རིག་གནས་དང་དེ་ལས་གཞན་པའི་ཀུན་སྤྱོད་སློབ་གསོ། བསམ་བློའི་འཛུགས་བསྐྲུན་སོགས་ཅུང་ཙམ་རེ་ཨེ་འཁྱོང་ལྟ་ཁུལ་བྱས་པ་ཡིན། རང་གི་བསམ་ཚོད་ཅིག་ལ་རྩེ་ཞོར་དགོད་ཞོར་དུ་སློབ་སྦྱོང་བྱས་ན་དགའ་མོས་ཀྱི་སེམས་འདུན་དེ་ཐོན་ཡོད་པས། སྐབས་དེར་བསླབས་པའི་ཤེས་བྱ་ནི་སེམས་ཀྱི་གཏིང་ལ་འཕྲོད་ཐུབ་པའི་སློབ་གསོ་ཡིན་པས་གནད་འདི་ཧ་ཅང་གལ་ཆེ་སྙམ། ཡིན་ནའང་དགེ་གྲོགས་གཞན་པའི་སློབ་མ་ཚོ་དང་ངའི་སློབ་མ་ཚོའི་སྦྱངས་འབྲས་བསྡུར་ན་འུ་ཅག་ལ་ཤེས་རྟོགས་ཆེན་པོ་ཞིག་ཡོད་པ་ལར་ནས་རིག་མྱོང་མེད། ཡིན་ནའང་དེ་རིང་ང་ཚོའི་སློབ་གྲྭས་དགེ་སློབ་ཡོངས་ལ་རྒྱུག་འགྲན་བྱེད་པའི་བཀོད་སྒྲིག་གནང་འདུག ང་རང་ལོ་རིམ་དང་པོའི་འཛིན་བདག་དགེ་རྒན་ཡིན་པས་རང་འཛིན་གྲྭའི་སློབ་མ་ཚོ་དང་མཉམ་དུ་རྒྱུག་འགྲན་ལ་ཞུགས་པ་ཡིན། དུས་རྒྱུན་ལུས་རྩལ་ལ་སྦྱངས་བ་ཆེན་པོ་མེད་པའི་ངེད་ཅག་ཧ་ལམ་སྤྱི་ལེ་གཉིས་ཀྱི་ལ་རྒྱུག་ལ་ཞུགས་ནས་ཧ་ཅང་ཐང་ཆད་འདུག མ་ཟད་ལ་མགོར་གྱེན་དུ་རྒྱུག་སྐབས་སློབ་མ་ཆུང་ཆུང་གཉིས་ཁུར་ནས་རྒྱུག་དགོས་ཐུག་པས་ང་རང་ལྷག་ཏུ་ཐང་ཆད་ཡོད། ཡིན་ནའང་སློབ་མ་རྣམ་པའི་དགོད་སྒྲ་དང་གཅེས་སུ་འོས་པའི་རྣམ་འགྱུར་དེ་ནི། ནམ་རྒྱུན་ཁོ་བོའི་ངལ་བ་གསོ་བའི་གྲོགས་པོ་རུ་ཆགས་ཡོད་པས། རྩེ་ཞོར་དགོད་ཞོར་ལ་ཕྱིར་ལོག་ནས་ཡོང་བ་ཡིན། ལམ་ནས་འཛིན་གྲྭ་གཞན་པ་ཚོས་གླུ་དབྱངས་ལེན་ཞོར་དུ་རྩེད་མཚར་གྱི་དགོད་སྒྲ་བསྒྲགས་ནས་འགྲོ་བཞིན་འདུག རང་འཛིན་གྲྭའི་སློབ་མ་འགས་ཚུལ་དེ་རིག་མ་ཐག ཉིན་འགའི་སྔོན་ལ་རང་གིས་བསླབས་པའི་ཤེས་བྱའི་རོལ་རྩེད་དེ་རྩེ་མགོ་བརྩམས་སོང་། རོལ་རྩེད་དེ་ནི་འཛིན་གྲྭ་ཧྲིལ་བ་ཚོ་ཁག་གཉིས་ལ་བགོས་ནས་ཚོ་ཁག་གཅིག་གིས་དྲི་བ་ཞིག་བཏོན་པ་ལ། ཚོ་ཁག་གཞན་པ་དེས་དྲིས་ལན་འདེབས་དགོས་པ་རེད། གལ་སྲིད་ཚོ་ཁག་དེས་དྲི་བ་བཅུ་ལ་དྲིས་ལན་ཐེབས་སོང་ན་ཚོ་ཁག་གཞན་པ་དེར་དྲི་བ་འདྲི་བའི་དབང་ཆ་མེད་པར་བྱས་ནས། ཁོང་ཚོས་དྲི་བ་འདྲི་ཆོག་པ་རེད། རོལ་རྩེད་དེ་ནི་དོན་མཚུངས་ཡི་གེ་དང་ཟློག་ཚིག ད་དུང་གབ་ཚིག་དང་བློར་འཛིན་སློབ་ཚན་སོགས་དྲི་བ་དྲིས་ལན་བྱ་བའི་རོལ་རྩེད་ཅིག་ཡིན་མོད། འདིར་ཡི་གེ་མང་བར་དོགས་ནས་བསྡུས་འབྲི་བྱས་པ་ཡིན། སྐབས་དེར་ངའི་སེམས་པ་དགའ་སྤྲོས་ཁེངས་ནས་སློབ་མ་ཚོར་དྲི་བ་འདི་འདྲ་ཞིག་དྲིས། སློབ་གྲོགས་རྣམ་པ། འཛིན་གྲྭ་གཞན་པས་གླུ་དབྱངས་བླངས་པ་དང་ང་ཚོས་རོལ་རྩེད་བརྩེས་པ་གཉིས་ལས་གང་བཟང་བ་རེད་ཅེས་དྲིས་པ་ཡིན། སློབ་མ་འགའ་ཞིག་གིས་ང་ལ། མ་གཞི་གླུ་བླངས་ནའང་ལོས་བཟང་། ཡིན་ནའང་ཡི་གེ་འདོན་རྒྱུ་ནི་ངེད་ཅག་སློབ་མ་ཚོའི་རང་འགན་མ་རེད་དམ་ཟེར། འདིའང་ངས་སློབ་ཚན་སྔོན་མ་ཞིག་ལ་བཤད་པའི་སྐད་ཆ་ཞིག་རེད། དོན་ངོ་མར་སྐད་ཆ་དེ་སློབ་མ་ཚོའི་སེམས་བསམ་པའི་གཏིང་ནས་བཤད་པ་ཡིན་མིན་ཤེས་དཀའ་ཡང་།གཏམ་འདིས་ང་ལ་རང་ཉིད་ལོ་འགར་ལས་ཞུགས་བྱས་པའི་ཟླ་ཕོགས་ལས་ཀྱང་བཟང་བའི་ལེགས་སྐྱེས་ཤིག་གནང་བྱུང་བསམས་ནས། ཡིད་སེམས་རབ་ཏུ་མགུ་བའི་ང་རྒྱལ་གྱི་ཟིན་ཐོ་འདི་མཚན་མོའི་དུས་ཚོད་2:00ཐོག་ཙམ་ལ་མཇུག་བསྡུས་པའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1