བོད་ཀྱི་སྤྱི་ཚོགས་དང་བོད་ཀྱི་ལས་བྱེད་པ།

ཆོས་དབྱིངས་རྒྱ་མཚོ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


ལེགས་ཉེས་གང་དུ་གཏོགས་མིན་མི་གསལ་ཡང་།དེང་སང་བོད་ཁུལ་དུ་ལས་བྱེད་པ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ།བོད་ཀྱི་ཕ་མ་མང་པོ་ཞིག་གི་བསམ་དོན་ཡང་ལྷུན་གྱིས་འགྲུབ་བཞིན་ཡོད།དེ་ནི་བུ་ཕྲུག་རྣམས་ལོ་ངོ་མང་པོར་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་མངགས་ནས་མཐར་ཐུག་ལས་བྱེད་པ་ཆགས་པའི་ཆེད་དུ་སློབ་སྦྱོང་བྱེད་བཞིན་པ་ཡིན།རྨི་ལམ་དེ་ཉིད་མངོན་འགྱུར་ཡོང་བའི་ཆེད་དུ་ཕ་མས་དཀའ་སྡུག་ལ་མི་འཛེམ་པར་སྒོར་མོ་བཙལ་ནས་བུ་ཕྲུག་རྣམས་སློབ་གྲྭར་བསྐྱལ་ལ།བུ་ཕྲུག་གིས་ཕ་མའི་རེ་བཞག་དང་རང་གི་མདུན་ལམ་གྱི་ཆེད་དུ་འབད་བརྩོན་སྣ་ཚོགས་བྱེད་བཞིན་ཡོད།ལམ་ལུགས་འདི་ཉིད་ཀྱིས་བོད་པ་དང་བཅས་པའི་རྒྱལ་ནང་གི་ཕ་མ་བུ་ཕྲུག་མང་པོ་ཞིག་དཀའ་ཁག་ཏུ་གཏད་མྱོང་ལ།མང་པོ་ཞིག་ལམ་ལུགས་འདིའི་ཁྲོད་ནས་རང་ཤི་བརྒྱབ་ཅིང་སྨྱོན་པར་གྱུར་མྱོང་།ཡང་མང་པོ་ཞིག་ལམ་ལུགས་འདི་ལས་རྣམ་པར་རྒྱལ་ཏེ་མི་ཚེ་གཅིག་གི་ལས་འགན་གཙོ་བོ་འགྲུབ་སོང་བ་ལྟར་བསྡད་ཡོད་ལ།མང་པོ་ཞིག་གིས་རྒྱལ་ཁ་དེ་ཉིད་ནི་གཞན་ལ་ཁྱད་གསོད་བྱེད་ཡས་དང་རང་ཉིད་ཀྱི་ང་རྒྱལ་ཞིག་ཏུ་བསམས་ཡོད།

གང་ལྟར་ཡང་།ད་ལྟའི་བོད་ཀྱི་སྤྱི་ཚོགས་ནི།ཕ་མས་བུ་ཕྲུག་བཙའ་བ་སློབ་གྲྭར་མངགས་པའི་ཆེད་དུ་ཡིན་ལ།བུ་ཕྲུག་སློབ་གྲྭར་མངགས་པ་ལས་བྱེད་པ་ཆགས་པའི་ཆེད་དུ་ཡིན།མ་ཟད།དམིགས་ཡུལ་འདི་ཉིད་མངོན་འགྱུར་བྱུང་ནས་སྤྱི་ཚོགས་ཧྲིལ་པོར་ལས་བྱེད་པས་ཁྱབ་ཡོད་ལ།སྤྱི་ཚོགས་ཧྲིལ་པོ་ལས་བྱེད་པའི་དབང་དུ་འགྱུར་བཞིན་ཡོད།ལས་བྱེད་པ་རྣམས་ཀྱིས་ཀྱང་རང་ཉིད་ནི་གཞན་ཀུན་ལས་ཀྱང་རིམ་པ་གཅིག་གིས་མཐོ་བའམ་རང་ཉིད་ཀྱི་འཚོ་བ་ནི་གཞན་ལས་བདེ་ཞིང་སྐྱིད་པ་ཞིག་ཏུ་འདོད་བཞིན་ཡོད།ད་ལྟའི་བོད་ཀྱི་སྤྱི་ཚོགས་ནི་ལས་བྱེད་པ་ཁོ་ན་མཆོག་ཏུ་འཛིན་པའམ་ལས་བྱེད་པ་ཁོ་ན་གཙོ་བོར་འཛིན་པའི་གནས་བབ་ཅིག་ཏུ་སླེབས་ཡོད་པས།བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ལས་བྱེད་པ་ནི་གང་དུ་ཕྱིན་ཡང་མཐོ་སར་འདུག་ཆོག་པ་དང་ཅི་ཞིག་འདོད་ཀྱང་སྒྲུབ་ཆོག་པ་ཞིག་ཏུ་གྱུར་ཡོད།དེ་ནི་བོད་ཀྱི་སྤྱི་ཚོགས་ཀྱིས་ལས་བྱེད་པར་ཕར་སྤྲད་པའི་གོ་གནས་སམ་ཐོབ་ཐང་ཞིག་ཡིན་ལ།རང་ཉིད་ལ་ཚུར་བཞག་པའི་གཉའ་ཤིང་ངམ་ཁུར་བོ་ཞིག་ཀྱང་ཡིན།

དེང་སང་གི་བོད་ཀྱི་ལས་བྱེད་པའི་རང་བཞིན་ཅུང་ཙམ་བརྗོད་ན་འདི་ལྟར་ཏེ།དགེ་རྒན་དང་གཞུང་ཞབས་པ།སྨན་པ་དང་ཉེན་རྟོག་པ་སོགས་ལས་བྱེད་པ་སུ་དང་གང་ཞིག་ཡིན་ཡང་།ཕལ་ཆེ་བ་ནི་ཁྱིམ་ཚང་ཞིག་གི་གསོས་ཕག་ལྟར་དོན་སྙིང་ལྡན་པའི་ལས་ཀ་གང་ཡང་མི་སྒྲུབ་པར་ཟ་འཐུང་ཉལ་གསུམ་ཁོ་ནའི་ཆེད་དུ་གསོན་ཡོད་དེ།སློབ་གྲྭ་ལས་མཐར་ཕྱིན་ཏེ་ལས་ཀ་གང་ཞིག་རྙེད་པ་ནས་བཟུང་ལྟོ་རྒྱབ་ཀྱི་ཆེད་དུ་སེམས་ཁྲལ་ཆེན་པོ་མི་དགོས་པས།ལས་ཁུངས་ཀྱི་འགན་བགོས་ལྟར་བྱ་བ་ཙག་ཙིག་སྒྲུབ་པ་ལས་གཞན་གང་ལའང་མི་འཇུག་ལ།གཞན་གང་ཡང་སྒྲུབ་མི་འདོད་པ་ཞིག་ཏུ་འགྱུར་འགྲོ་བཞིན་འདུགལས་ཀ་ཞིག་རྙེད་པ་ནས་བཟུང་དཔེ་ཀློག་ནི་རང་དང་འབྲེལ་བ་རྩ་ནས་མེད་པ་ཞིག་ཏུ་འདོད་བཞིན་ཡོད་དེ།ཐ་ན་སློབ་མ་ཚོའི་སྣེ་ཁྲིད་པ་ཡིན་ཟེར་བའི་དགེ་རྒན་གྱི་མིང་འཛིན་པ་དག་གི་ཁྲོད་ནའང་དཔེ་ཀློག་ལ་འཇུག་མཁན་ཤིན་ཏུ་ཉུང་།ངའི་ལས་གྲོགས་དག་གི་ཁྲོད་ན་སློབ་གྲྭ་ནས་མཐར་ཕྱིན་ཏེ་ལོ་ངོ་གསུམ་བཞི་འགོར་ཡང་།བསླབ་དེབ་ལས་གཞན་པའི་དཔེ་ཆ་གཅིག་ཀྱང་ཀློག་མ་མྱོང་ཟེར་མཁན་ཤིན་ཏུ་མང་།ཁོང་ཚོས་དཔེ་ཆ་ཀློག་པ་ནི་མནར་གཅོད་ཅིག་ཏུ་འདོད་ཀྱིན་ཡོད་ལ།དཔེ་ཆ་ཀློག་པ་ནི་སྡུག་བསྔལ་ཞིག་ཏུ་འདོད་ཀྱིན་ཡོད།

དྲང་མོར་བཤད་ན།དེ་དང་དེ་ལྟ་བུའི་ལས་བྱེད་པ་མང་པོ་ཞིག་གི་སྣང་ངོར།སློབ་གྲྭ་ནས་མཐར་ཕྱིན་ཏེ་ལས་ཀ་གང་རུང་རྙེད་ཚེ་སློབ་སྦྱོང་གི་དམིགས་ཡུལ་འགྲུབ་སོང་བ་དང་།དུས་དེ་ནས་བཟུང་སློབ་སྦྱོང་ནི་རང་དང་འབྲེལ་བ་མེད་པ་དང་དཔེ་ཀློག་ནི་རང་གི་འཚོ་བ་དང་ཁ་ཁར་གཏོང་དགོས་པ་ཞིག་ཏུ་འདོད་ཀྱིན་འདུགད་དུང་མང་པོ་ཞིག་གི་སྣང་ངོར་ལས་ཀ་རྙེད་རྗེས་སྔར་བཞིན་དཔེ་ཀློག་ལ་འཇུག་མཁན་ནི་འཚོ་བ་རོལ་མི་ཤེས་མཁན་དང་དོན་མེད་དུ་རང་ལ་དཀའ་ལས་སྤྲོད་མཁན་དུ་འདོད་ཀྱིན་འདུགཁོང་ཚོའི་ནང་སེམས་ཀྱི་འཚོ་བ་རོལ་ཤེས་མཁན་དང་ཡིད་སྨོན་འཆོར་ཡུལ་ནི་ཨ་རག་འཐུང་མཁན་དང་ཐ་མག་འཐེན་མཁན།ཤོག་ཤོ་རྩེ་མཁན་དང་རྒྱལ་འཇོག་མཁན་སོགས་ཡིན་པས།ལས་བྱེད་པ་ཆགས་རྗེས་ཀྱི་བགྲོད་ལམ་གཅིག་པུའམ་ལས་བྱ་ཉག་གཅིག་ནི་དེ་དག་རེ་རེ་བཞིན་ལ་འཇུག་པ་དང་།ནམ་རྒྱུན་དེ་དག་གི་ཁྲོད་དུ་འཚོ་བ་ནི་ལས་བྱེད་པའི་འཚོ་བ་ཡིན་པར་འདོད་ཀྱིན་ཡོད།དངོས་འབྲེལ་ད་ལྟའི་བོད་ཀྱི་ལས་བྱེད་པ་རྣམས་ནི་སྤྱི་ཚོགས་ཧྲིལ་བོའི་ཁྲོད་ཀྱི་ཆེས་རེ་བ་མེད་ས་དང་ཆེས་རྗེས་ལུས་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་དེ།ཁོང་ཚོས་ལས་ཁུངས་ཀྱི་བཀོད་སྒྲིག་ལྟར་རང་གི་ལས་དོན་རྣམས་ལེགས་པར་གྲུབ་རྗེས།གཞན་སྤྱི་ཕན་གྱི་ལས་ཀ་སོགས་དོན་སྙིང་ལྡན་པའི་ལས་ཀ་གང་ལའང་མི་འཇུག་སྟེ།དུས་ཚོད་ཀྱི་བར་སྟོང་བྱུང་ཚེ་ནམ་རྒྱུན་མཉམ་དུ་འཛོམས་ནས་ཆང་འཐུང་བ་དང་ཤོག་ཤོ་རྩེ་བ་སོགས་ལ་མགོ་བོ་གཡེང་ནས་དུས་ཚོད་ཟད་ཀྱིན་ཡོད།

སྤྱིར་ཡིན་ན་ལས་བྱེད་པ་ནི་སྤྱི་ཚོགས་ཁྲོད་ཀྱི་རིག་གནས་ཡོད་མཁན་ནམ་ཤེས་ཡོན་ཅན་དེ་ཡིན་པས།རང་ཉིད་ནས་མགོ་བརྩམས་ཏེ་གཞན་མི་སེར་རྣམས་ལ་ཤུགས་རྐྱེན་ལེགས་པོ་འཇོག་པར་འབད་དགོས་མོད།དེང་སང་གི་ལས་བྱེད་པ་ཕལ་ཆེར་ནི་ཡ་རབས་སྲོལ་བཟང་ལ་གཏོར་བརླག་བྱེད་མཁན་དང་ལས་རྒྱུ་འབྲས་ལ་རྡོག་རྫིས་བྱེད་མཁན་གྱི་གཏེ་བོར་གྱུར་ཡོད་ལ།ཕ་མའི་ངག་ལ་མི་ཉན་ཞིང་བླ་མའི་བཀའ་ལ་མི་རྩི་བར་རང་ཉིད་ཀྱི་འདོད་པ་ཁོ་ན་སྒྲུབ་མཁན་འབའ་ཞིག་ཏུ་འགྱུར་བཞིན་ཡོད།རང་ཉིད་ཀྱི་བསམ་བློ་དང་རང་ཉིད་ཀྱི་འཚོ་བ་རོལ་སྟངས་དེ་མ་ནོར་བའམ་ཡང་དག་པར་འདོད་པ་དང་།རང་ཉིད་ཚད་མར་འཛིན་པ་དང་རང་ཉིད་བདེན་པར་འཛིན་པ་རེད།ད་དུང་བོད་ཀྱི་ལས་བྱེད་པ་ཕལ་ཆེར་ནི་འདི་ལྟར་ཏེ།ཆུང་ཆུང་སློབ་མ་ཡིན་པའི་སྐབས་སུ་གཞན་ལ་བརྩི་བཀུར་བྱེད་ཤེས་ཤིང་ཡ་རབས་ཚུལ་ལྡན་གྱི་མི་ཞིག་ཡིན་ནའང་།སློབ་གྲྭ་ནས་མཐར་ཕྱིན་ཏེ་ལས་ཀ་གང་རུང་རྙེད་པ་ནས་བཟུང་སྣང་བ་དགུང་དང་མཉམ་སྟེ་གཞན་པ་ལྟ་ཞོགཐ་ན་རང་ཉིད་ཀྱི་དགེ་རྒན་དང་རྩ་བའི་བླ་མ་སོགས་དང་འཕྲད་པའི་སྐབས་སུའང་གུས་བཀུར་མི་བྱེད་པ་དང་གུས་བཀུར་མི་ཤེས་པ་ལྟ་བུ་ཞིག་ཏུ་འགྱུར་བཞིན་འདུག

མདོར་ན།ད་ལྟའི་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་ལས་བྱེད་པ་ཕལ་ཆེར་ནི་མདུན་སྐྱོད་ཀྱི་བསམ་བློ་མེད་པའི་ཕག་པ་ལྟ་བུ་དང་།གཞན་སྐུལ་གྱི་རེ་བ་མེད་པའི་རྡོ་བ་ལྟ་བུ་ཡིན་པས།དེ་དང་དེ་ལྟ་བུའི་སྤྱི་ཚོགས་ཀྱི་ཁུར་བོ་དང་མི་རིགས་ཀྱི་ཞབས་འདྲེན་དུ་གྱུར་བའི་ལས་བྱེད་པ་རྣམས་ལ་ནམ་ཡང་གོང་བཀུར་དང་མཐོང་ཆེན་བྱེད་མི་རུང་ལ།ངེས་པར་དུ་ནོར་ས་ལ་ནོར་འདུག་ཅེས་མཛུབ་མོ་ཀེར་ཐུབ་དགོས།དེ་ལྟར་མ་ཐུབ་ན་སྤྱི་ཚོགས་འདི་ཉིད་སྔར་ལས་རྨོངས་འཐོམས་སུ་གྱུར་ཅིང་སྔར་ལས་རྗེས་ལུས་སུ་འགྱུར་བར་གདོན་མི་ཟའོ།།

(ལྷུག་རྩོམ་བསྐུར་སའི་ཡིག་སྒྲོམ། 2408416708@qq.com)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1