ཨ་སྐྱབས་དར་རྒྱས་ཀྱི་བརྩམས་སྒྲུང 《 སྙི་གྲོང་།》བཀླགས་པ།

དུག་རྒྱལ་བསོད་ནམས་ཆོས་དར། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28



གཅིག ནཱ་ལས་བསྐྲུན་པའི་བསམ་གཞིགས།

ཉེ་རབས་ཡོ་གླིང་གི་དངོས་ཡོད་རིང་ལུགས་ཟློས་གར་གྱི་འཐུས་ཚབ་མི་སྣ་དང་། དེང་རབས་ལྷུག་རྩོམ་ཟློས་གར་གྱི་སྲོལ་འབྱེད་པར་གྲགས་པའི་ནོར་ཝེའི་རྩོམ་པ་པོ་ཨེས་པུ་སུན(Henrik Ibsen  1828-1906)གྱིས1879ལོར་བརྩམས་པའི་ཟློས་གར་ཞིག་གི་ཁྲོད་བྱུང་བའི་མི་སྣ་ནཱ་ལ་ཡིས། རང་གི་དཀའ་སྡུག་དང་རྔུལ་ཆུས་བསྐྲུན་པའི་གཞིས་ཁྱིམ་དྲོན་མོ་རུ། རང་ཉིད་ལ་དོན་དམ་དུ་རྩེད་ཆས་ཡོ་བྱད་འབའ་ཞིག་ལས་གོ་ཐོབ་མེད་པ་ངོས་ཟིན་རྗེས། སྙིང་སྟོབས་དང་རང་དབང་གིས་ཕྱུག་པའི་བདག་མ་དོར་བར་གཞིས་ཁྱིམ་དེ་དང་ཁ་འབྲལ་བར་ཐག་བཅད། སྒོ་མོ་ཁྲོག་གེར་གཏན་ནས་བུད་སོང་བ་དང་མཉམ་དུ་ཟློས་གར་ཡོངས་སུ་མཇུག་རྫོགས་སོང་། ཡིན་ནའང་། སྒྱུ་རྩལ་ནི་སྒྱུ་རྩལ་རང་ཡིན་ཏེ། དེས་བསྐྲུན་པའི་མཛེས་རྟོག་གི་རིན་ཐང་དང་ངོམས་པ་མེད་པའི"བསླུ་བྲིད"ཀྱི་ཁམས་ཆེན་མོས། རྩོམ་ཆོས་དུས་གཏན་དུ་འཇིག་རྟེན་དང་རྩོམ་པ་པོ་ལས་བརྒལ་སྲིད་པ་མ་ཟད། ཡུལ་དུས་ཀྱིས་མི་ཆོད་པར་མིའི་རིགས་ཀྱི(ཀློག་པ་པོ།)བསམ་བློའི་ཉིང་བཅུད་དང་དཔྱོད་པའི་ཀློང་ཆེན་ལ་འབྱམས་པའི་སྐྱུར་རྩི་རུ་འགྱུར་བཞིན་ཡོད། མ་ཟད། རླབས་ཆེ་བའི་རྩོམ་རིག་བརྩམས་ཆོས་དང་རྩོམ་པ་པོ་དག་གིས། སྒེར་མིའི་གུ་དོག་པའི་བསམ་བློས་གཞན་ལ་གཅིག་གྱུར་དང་སྒེར་སྡོམ་གྱི་དབང་སྐུར་མི་སྲིད་པར། འགྲོ་མིའི་ཐུན་མོང་ལ་མངའ་བའི་དགའ་སྐྱོ་ཆགས་སྡང་གི་དྲན་འཛིན་ངོར་བསམ་གཞིགས་ཡང་ཡང་བྱེད་ཆོག་པའི་མེ་ལོང་ཆེན་མོ་ཞིག་སྒེར་མི་རེ་རེའི་མདུན་ལ་དབྱིབས་དང་རྣམ་པ་མི་འདྲ་བའི་སྒོས་བཤམས། མངོན་པར་འཕགས་པའི་རྩོམ་ཆོས་རེ་རེའི་མདུན་ནས་མྱངས་བསམ་བརྟག་གསུམ་གྱི་སྒོས། སྒེར་མིའི་བློ་གྲོས་དང་རྣམ་དཔྱོད་ཀྱི་རྩལ་དེའང་ཟུར་ངོས་གསར་བ་ཞིག་ནས་ངོམ་དུ་རུང་བ་ནི་མཛེས་སྡུག་དང་ཆོས་ཉིད་ཞིག་ལ་འཁུམས་ངེས། དེ་བས། ནཱ་ལ་གཞིས་ཁྱིམ་དང་ཁ་བྲལ་བའི་མཇུག་འབྲས་དང་རྩོམ་པ་པོས་བྲིས་ཟིན་པའི་བརྩམས་ཆོས་བར་ནས་འབྱམས་ཀློང(张力)གི་རྣམ་པ་ཞིག་རང་བཞིན་གྱིས་གྲུབ་ཡོད། 

རྒྱ་ནག་ཏུ་ཟློས་གར་དེ་འགྱུར་རྗེས། ཡོངས་གྲགས་སུ་དུས་སྐབས་མི་འདྲ་བ་བཞིའི་ནང་རྒྱའི་རྩོམ་རིག་མཁས་པ་བཞིས།(1918ཧུའུ་ཧྲི།  1923ལུའུ་ཞུན། 1935མོའོ་ཏུན། 1942ཀོ་མོའོ་རུང་།)ནཱ་ལའི་འབྱུང་འགྱུར་གྱི་ལས་དབང་ལ་རང་རང་གི་ལྟ་ཚུལ་བརྗོད་ཡོད། སྤྱིའི་ཆ་ནས་ཕྱི་མ་ཕྱི་མས་སྔ་མ་སྔ་མས་བརྗོད་པའི་ལྟ་ཚུལ་ལ་ཁ་གཏད་དང་ཕྱིར་རྟོག་གི་རྣམ་པ་ལྟ་བུ་ཞིག་བྱུང་ཡོད་མོད། གནད་ཀྱི་འབབ་ས་གཅིག་སྟེ་ནཱ་ལས་དུས་རླུང་གི་ཆར་ཆེན་ཁྲོད་བདག་གི་ངོ་བོ་ཟིན་ཡོད་མེད་དང་ཟིན་ཐུབ་མིན། ཡང་ན་ཅི་ལྟར་འཛིན་དགོས་པ་སོགས"བདག"གི་ལམ་བུར་བསམ་གཞིགས་བྱས་འདུག

 

གཉིས། གཡང་འཁོར་གྱིས་བཞེངས་པའི་ཕ་ཡུལ།

རྩོམ་པ་པོ་ཨ་སྐྱབས་དར་རྒྱས་ཀྱི་བརྩམས་སྒྲུང《སྙི་གྲོང་།》 ནི་སྤྱི་ལོ་ཉིས་སྟོང་བཅུ་ལོར་བྲིས་ལ་སྐབས་དེར་གསེར་རྟའི་ལོ་དེབ《སྐུལ་འདེད》དུ་བཀོད་ལ། སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་བོད་ཀྱི་དེང་རབས་རྩོམ་པ་པོའི་བརྩམས་སྒྲུང་དཔེ་ཚོགས་ཁྲོད་ཚུད་པའི་ཁོའི་དེབ《 མཆོད་མེ》རུ་བསྐྱར་འགོད་བྱས་ཡོད་པའི་སྒྲུང་ཐུང་ཞིག་རེད།

སྒྲུང་ཐུང་ཧྲིལ་བོར་མི་སྣ་གཙོ་བོ་ཨ་ཁུ་གཡང་འཁོར་དར་བ་ནས་ཉམས་པ། ཉམས་པ་ནས་རྒུད་པའི་རིམ་པ་ཞིག་རགས་བརྗོད་བྱས་ཡོད་ལ། མི་སྣའི་ལས་དབང་གི་མགོ་མཇུག་ཆ་ཚངས་བརྩམས་སྒྲུང་ཁྲོད་བྲིས་ཟིན་པས། སྤྱི་ངོས་ནས་བལྟས་ན་ཨིས་པུ་སུན་གྱི་ནཱ་ལ་ལྟར་ད་དུང་བྲིས་མེད་ལ་ཀློག་པ་པོར་བཞག་པའི་ས་མིག་ཅིག་མེད་པ་ལྟར་སྣང་མོད། ཞིབ་ཏུ་བསམ་ན། མགོ་མཇུག་རྫོགས་ཟིན་པའི་བརྩམས་སྒྲུང་ལས་ཡིད་ཀྱི་སྣང་ངོར་འདྲི་གཞི་གཞན་མང་པོ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་བསྐྱེད་འོང་།

གཡང་འཁོར་དེང་ཐོག་གཉན་ལུང་སྡེ་བར་ཡོད་དུས་ཕྱུག་ཆེན་ཞིག་ཡིན་མོད། རྗེས་ནས་སྙི་གྲོང་ནས་གཞིས་ཆགས་ཤིང་། ལོ་བཞི་ཙམ་གྱི་ནང་དུ་སྤྲང་པོ་སྤྲང་ནག་ཅིག་ལ་གྱུར་བ་མ་ཟད། ཡུལ་ཚོའི་ལྔ་སྐྱོང་རོགས་དངུལ་ཁོ་ནར་བསྟེན་ནས། རོགས་དངུལ་ཡོད་དུས་ཟས་ཡོད་དང་རོགས་དངུལ་མེད་དུས་ཟས་མེད་ཀྱི་གནས་སུ་སླེབས་སོང་།

རྩོམ་གྱི་མི་སྣའི་ལས་དབང་ལ་དེ་འདྲའི་འགྱུར་བ་ཆེན་པོ་ཞིག་འབྱུང་བའི་རྐྱེན་གཙོ་བོ་ནི་འཚོ་བའི་རྣམ་པ་ལ་འགྱུར་བ་བྱུང་བས་རེད་ལ། ཏན་ཏན་རྩོམ་དེའི་བསམ་བློའི་ཟབ་ཚད་ཀྱང་གནད་འདི་ནས་སྔོག་དགོས་པ་མིན་ནམ་སྙམ། འདི་ལ་རྒྱུ་མཚན་གཉིས་ཡོད་དེ། གཅིག་ནི་སྤྱིར་བོད་ཀྱི་རྩོམ་རིག་སྡེ་ཁག་གི་བརྩམས་ཆོས་ཕལ་མོ་ཆེར་གཡག་སྣ་ཁུ་ཚུར་དང་རྭ་མགོ་ལུག་སྦྱོར་བྱས་པ་མིན་ན། བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོས་སྒྱུ་རྩལ་ལས་བརྗོད་སྙིང་ལ་དེང་དོད་ཆེས་ཆེར་བྱེད་རྒྱུར་གོམས་ཡོད་པས།(དཔྱད་བརྗོད་པས་དེར་བསམ་བློ་ནན་མོ་གཏོང་འོས།)རྩོམ་པ་པོ་ཨ་སྐྱབས་དར་རྒྱས་ཀྱི་བརྩམས་སྒྲུང་ཕལ་མོ་ཆེའང་དེ་ལྟར་མ་བལྟས་རང་བལྟས་རེད། གཉིས་ནས་བརྩམས་ཆོས་འདིའི་བསམ་བློའི་བློ་ཁ་མཐོ་བ་དེ་རྩོམ་གྱི་མི་སྣ་གཡང་འཁོར་དངོས་ཡོད་ཀྱི་བརྡབ་གསིག་ཁྲོད་ཉམས་ནས་རྒུད་པར་འགྱུར་བའི་རྩ་བའི་རྒྱུ་རྐྱེན་གཅིག་འཚོ་བའི་རྣམ་པར་འགྱུར་བ་བྱུང་བ་ཡིན་པ་གསལ་བོར་སྟོན་ཐུབ་ཡོད་པས་རེད།

རྩོམ་པ་པོས་བཟློག་དུ་མེད་པའི་དངོས་ཡོད་ཀྱི་སྙི་གྲོང་གི་འཚོ་བ་གསར་བ་ལས། གཡང་འཁོར་དང་གཡང་འཁོར་ལྟ་བུའི་ཡུལ་དམངས་ཀྱི་ལས་དབང་ལ་དོ་ཁུར་བྱེད་པའི་འདོན་འདུན་དྲག་པོ་གནོན་མ་ཐུབ་པར།"ངས་གློ་བུར་དུ་ཅི་ཞིག་བཤད་དགོས་པ་མ་ཤེས་པར་ཁ་རོག་གེར་བསྡད"པའི་ཚིག་དུམ་ཞིག་ཐལ་སོང་། ང་ཚོ་བརྩམས་སྒྲུང་གི་ཡུལ་དངོས་ལ་ཞུགས་ནས་བསམ་ན་སྐབས་དེ་དོན་ཏུ་ཁོ"ཁ་རོག་གེར་ཧད་སོང་བ་ཡིན་མོད།"མི་ཞིག་གི་འཚོ་བར་འདི་འདྲའི་འགྱུར་བ་ཆེན་པོ་བྱུང་ལ། དེའི་གནད་ཀྱི་རྩ་བར་བསམ་གཞིགས་ནན་མོ་བྱས་ན། ད་ལྟའི་དུས་འདིར་བོད་པ་ཚང་མར་ཡིན་ཤག་ཤག་གིས་ལམ་བུ་ཞིག་དང་འདེམས་གསེས་ཤིག་དགོས་དུས།"གློ་བུར་དུ་ཅི་ཞིག་བཤད་དགོས་པ་མ་ཤེས་པར་ཁ་རོག་གེར་བསྡད"ནས་ཡོད་པའམ། གནས་སྐབས་སུ་འཚོལ་ཞིང་དཔྱོད་པའི་ལམ་བུ་དེ་ན"བསྡད"ཡོད།དེ་ལྟར་ནའང་དོན་དུ་བོད་ཀྱི་ཕྱི་དངོས་པོའི་རྗེས་ལུས་དང་ཉམ་ཐག་གི་སྣང་ཚུལ་བྱུང་བའི་རྩ་བའི་རྒྱུ་རྐྱེན་ནི། འཛམ་གླིང་རང་བཞིན་གྱི་ཤེས་བྱའི་མ་ལག་དང་འཚོ་བའི་བབས་བསྟུན་གྱི་འགྱུར་བར་བཅོས་བསྒྱུར་ལེགས་སྤེལ་བྱེད་མ་ཐུབ་པར། སོ་ན་གནས་པའི་འཚོ་སྡོད་ཀྱི་རྣམ་འགྱུར་དེས། དུས་ཀྱི་རླུང་ཆེན་རྒྱུ་ཕྱོགས་དང་བསྟུན་སྔོན་མར་དགུང་དུ་རྩེན་པའི་ཟེགས་མའང་རྗེས་སུ་འཕྱོ་བའི་རྦ་རླབས་ཀྱི་རྒྱུན་དུ་རང་བཞིན་གྱིས་ཞུགས་འགྲོ་བའི་ཆོས་ཉིད་དེ་བརྩམས་ཆོས་ལས་མངོན་ཆུང་སྒོས་བསྟན་ཡོད།

གཡང་འཁོར་གྱིས་སྔ་འདང་ཕྱི་འདང་མང་པོ་མེད་པར་གློ་བུར་ལ་འཚོ་བ་གསར་བ་ཞིག་གི་མགོ་བརྩམས་ལ། ལམ་ཁ་གསར་བ་དེར་གཞོན་པ་ཚོས་མོས་མཐུན་དང་རྒྱབ་སྐྱོར་ཡོད་ཅིང་། རྒན་པ་ཚོས་གནའ་ནས་བརྒྱུད་པའི་འཚོ་སྡོད་ཀྱི་རྣམ་པ་བསྐྱུར་ནས་གྲོང་མཐའ་ཉུལ་བར་མི་འདོད་མི་མགུ་མི་དགའ་བའི་རྣམ་འགྱུར་བཟུང་ཡོད། མི་ཚོགས་ཀྱིས་གཏམ་སྦྱོར་ཁ་ལོ་ཅི་ལྟར་བསྒྱུར་རུང་། སྒེར་མིའི་འཚོ་ཚིས་འབའ་ཞིག་ནི་མཐའ་མའི་འབབ་གཞིའི་གནད་དམ་གཏམ་སྦྱོར་འབྱུང་བའི་ཁུངས་རེད། ཨ་ཁུ་གཡང་འཁོར་ཁོར་ཡུག་གསར་བ་ནས་ཁེར་ཚུགས་ཀྱིས་ལངས་མ་ཐུབ་པར། སྔོན་མར་གྲོང་ལ་གཞིས་ཆགས་རྗེས་ས་རྡོ་དབོར་འདྲེན་དང་ཇ་ཁང་གཉེར་ནས་འཚོ་དགོས་པའི་སྙིང་སྟོབས་གློ་བུར་ལ་ཡལ་ནས། རང་བློ་གཅུན་མ་ཐུབ་པས་གྲོང་གི་སྒྱུ་འཕྲུལ་གྱིས་མགོ་རྨོངས་བར་བཏང་བའི་མཇུག་འབྲས་དེ། རྩོམ་གྱི་བྱུང་རིམ་ངོས་ནས་ཕུགས་བསམ་ཅན་དུ་བྱས་པའི་སྐྱོན་འདུག་མོད། རང་དོན་མཐའ་འཁྱོངས་མི་ཐུབ་ལ་རང་འདོད་འབབ་པས་ལྷུར་ལེན་མི་ཐུབ་པར། དུས་རླུང་གི་ཆར་རྒྱུན་ཁྲོད་བདག་ཉིད་བོར་འགྲོ་བའི་བོད་པའི་རང་གཤིས་ཡང་མོ་ཞིག་ཟུར་གཞན་ཞིག་ནས་མཐོང་ཐུབ། མ་ཟད་ད་ལྟའི་ཆར་ཕ་ཡུལ་དུ་ཨ་ཁུ་གཡང་འཁོར་མང་པོ་བྱུང་ཡོད་པ་དོན་དངོས་ཡིན་པས། ཕམ་ཁའི་རང་བཞིན་ཏུ་གནས་བའི་རྩོམ་གྱི་མི་སྣ་གཡང་འཁོར་གྱིས་ཕ་ཡུལ་གྱི་བསྡུས་གཟུགས་ཤིག་རྒྱལ་ཁའི་ངང་བཞེངས་ཡོད་པར་སྣང་།

 

གསུམ། ཐ་སྙད་དུ་སྦས་པའི་མི་གཤིས།

གཡང་འཁོར་གྱི་མིང་དངོས་གཡང་ཁོ་ཡིན་མོད། མི་རྒྱུ་གཉིས་ཀ་དར་ནས་དགུང་དང་མཉམ་པའི་སྐབས་སུ་ཡུལ་སྡེའི་མི་ཚོགས་ཀྱིས་གཡང་ཁོའི་མིང་གཡང་འཁོར་ལ་བཅོས་ནས། བསྟོད་པའི་ལྷ་དར་དགུང་ལ་འཐེན། ཁྱད་པར་ཕྱུག་པོའི་གདོང་ལ་སྣུམ་ཐིགས་བབས་ན་མི་ཚོགས་ཀྱིས"གཡང་འཁོར་ནག་སྟུག"ཅེས་སྨད་པའི་ཟོལ་གྱིས་བསྟོད་རའང་གཅིག་རྗེས་གཉིས་ལ་མཐུད། རྗེས་སུ་གཡང་འཁོར་མི་རྒྱུ་གཉིས་མར་ལྷུང་སྟེ་སྤྲང་པོར་གྱུར་ན། ཡུལ་མི་ཚོས་ལྐོག་ནས"སྐྱ་ཕྱག་མ"ཞེས་མཚང་མིང་བཏགས་ལ།"དོན་དག་རེ་ཡོད་ནས་ཁོ་ལ་གཏུགས་སྐབས་ཀྱང་། ཨ་རོགས། གཡང་ཁོ་ཟེར་ནས་ཚང་མའི་སྐད་ལ་ངར་ཞགས་ཀྱིས་ཁེངས་འདུག"ཐ་ན་ཁོ"ཡུལ་ཚོའི་གཞུང་ལས་ཁང་དུ་ཡོང་ནས་དུས་ཚོད་ཕྱེད་ཙམ་ལ་བསྒུགས་ཀྱང་ལས་བྱེད་གསར་བུ་གསར་མོ་ཚོས་ཤོ་བརྒྱབ་ཏེ་སྡོད་པ་ལས་ཁོ་ལ་ཁ་ཡ་བྱེད་མཁན་མེད"པའི་གནས་ཚུལ་བྱུང་།

བཀྲམ་སྟེ་བཤད་ན། མི་ནི་དུས་གཏན་དུ་མི་ཡིན་ཏེ། གྲགས་བརྒྱད་ཀྱི་རྗེས་སུ་རྒྱུག་ཅིང་འདུར་བའི་རང་བཞིན་ཅན་གང་དེ་ཡིན། མིའི་ཆེས་ཐོག་མར་དྲན་སྲིད་པ་ནི་སྒེར་མའི་ཕན་ཁེ་དང་སྒེར་མིའི་བདེ་སྡུག་ཡིན། སྤྱི་ཚོགས་ཧྲིལ་བོའི་འཁོར་ཕྱོགས་དང་འཕེལ་ཕྱོགས་རྩ་བའི་ཆ་ནས་མིའི་སྙིགས་གཤིས་ཁས་ལེན་ཕོད་ལ་དེའི་དགོས་པ་ངོས་ཟིན་ཐོབ་ན་ད་གཟོད་འགྲན་རྩོད་ཀྱི་དོ་ར་ཆེན་པོ་རུ། འགྲེང་ཚུགས་སུ་ལངས་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་ཙམ་བྱུང་བ་རེད། བརྒྱ་ལ་ཁ་མིན་སེམས་ཀྱིས་གཞན་དོན་འབའ་ཞིག་བསྒྲུབ་འདོད་བྱུང་བའི་སྐྱེས་བུ་གང་ཞིག་བྱུང་ནའང་། སྒེར་མིའི་གནས་སྟངས་ཀྱི་ངོས་ནས་ལེགས་པོ་མཐོང་ཆོག་མོད། སྤྱི་ཚོགས་ཧྲིལ་བོ་ལམ་ཁ་དེ་འདྲ་ཞིག་ལ་ཞུགས་མི་སྲིད་ཅིང་། མིའི་སྤྱི་ཚོགས་ལྷའི་འཚོ་བ་ལྟར་རྟོག་བཟོ་བྱེད་རུང་མོད། ལག་ལེན་དུ་བཏབ་ན་དམྱལ་ཁམས་ལ་མི་འགྱུར་བའི་ངེས་པ་མེད་དེ། མིའི་འཚོ་བའི་འཕེལ་རིམ་གང་དེ་ཀུན་སྤྱོད་དང་ལེགས་ཉེས་ཙམ་གྱིས་ཕྱི་ལྤགས་ཁོ་ན་གཏན་ལ་དབབ་པས་མི་ཆོག་པར་། ནང་གཏན་ཆགས་ལ་སོང་ཡོད་པའི་ཆོས་ཉིད་བཙན་པོ་ཞིག་རང་བཞིན་གྱིས་གྲུབ་ཡོད། གལ་ཏེ་དེ་ལྟར་མིན་ན་འཇིག་རྟེན་ཁམས་སུ་རིག་ཚན་སྣ་ཚོགས་ཤིག་བྱུང་བའི་དགོས་པ་གཏན་ནས་མེད་པར། ནད་བརྒྱ་སྨན་གཅིག་གི་རིག་ཚན་དང་ཤེས་བྱ་སྣ་གཅིག་གིས་འཐུས་པར་བྱས་ན་མི་ཆོག་གམ།

དེ་བས། ང་ཚོས་མི་ཚོགས་ཀྱིས་གཡང་འཁོར་ལ་བཏགས་པའི་མིང་དང་བཟུང་བའི་རྣམ་འགྱུར་སོགས་དུས་དང་བསྟུན་ནས་འགྱུར་བ་དེ། མཐའ་གཅིག་ཏུ་ཀུན་སྤྱོད་ཀྱི་མིག་དབང་སྤྱད་ནས་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་མི་འོས་པར། བྱམས་དང་སྙིང་རྗེས་རབ་ཏུ་ཕྱུག་པར་འདོད་པའི་རང་ཅག་ཀྱང་། འགྲོ་བ་མི་གཞན་དང་འདྲ་བར་མཐོ་ལ་དགའ་དང་དམའ་ལ་སྡང་བའི་མིའི་སྙིགས་གཤིས་ཀྱི་རང་བཞིན་དེ་ལས་འདའ་མི་སྲིད་པར། མིའི་གདོང་ངོ་མ་ཞིག་རྩོམ་ལས་མངོན་ཐུབ་ཡོད། འདི་ལས་འཕྲོས་སྟེ་དགེ་སྡིག་གི་ཆ་གླེང་ཆོག་མོད། རྩོམ་རིག་རྩོམ་ཆོས་ཀློག་འདོན་པ་ཞིག་ལ་མཚོན་ན། དེ་ནི་གོམ་སྟབས་གཉིས་པ་ཡིན་ལ། བརྩམས་ཆོས་ལ་འཇུག་པའི་གོམ་པ་དང་པོ་ནི་མི་གཤིས་མངོན་པའི་མི་སྣ་རྩོམ་གྱི་གྲུབ་ཆར་ཆགས་ཡོད་པ་གང་ངོས་འཛིན་ཐུབ་རྒྱུ་དེ་ཡིན། ལར་རྩོམ་པ་པོ་ནི་ཀུན་ཤེས་ཀུན་མཁྱེན་པའི་ཚད་མའི་སྐྱེས་བུ་མིན་ལ། འཇིག་རྟེན་འདིའི་བླང་དོར་ལེགས་ཉེས་དགེ་སྡུག་གི་རྣམ་གཞག་སོགས་ཐད་ཀར་སྟོན་ཐུབ་པའི་མཁས་པའི་རིགས་གཏན་ནས་མིན་པས། བརྒྱ་ལ་རྩོམ་རིག་བརྩམས་ཆོས་གང་ཞིག་ན་ལེགས་ཉེས་བསླབ་བྱའི་གདམས་པ་ལྟ་བུ་རེ་བྲིས་ཡོད་རུང་། བུམ་པ་གང་བྱོའི་ཚུལ་གྱིས་དེང་དུ་བླངས་པས་ཀློག་པ་པོའི་ཆུ་ཚད་བསྟན་པ་ཙམ་ལས། རྩོམ་པ་པོ་མཁས་པ་ཡིན་པའི་བསྒྲུབ་བྱེད་གཏན་ནས་མི་གྲུབ།  

ཀློག་པོ་རང་ངོས་ནས་བསམ་ན། གལ་ཏེ་རྩོམ་འདིའི་མི་སྣ་དག་ལས་དངོས་གནས་ནོར་རྨོངས་འཕྱུག་གསུམ་གྱི་རྐྱེན་ཞིག་བཙལ་དགོས་ན། གཡང་འཁོར་གྱིས་སྤྱི་ཚོགས་ཀྱི་གཏམ་སྦྱོར་དང་། དུས་ཀྱི་མིག་འཕྲུལ་བཟློག་པའི་བློ་ཡོངས་སུ་ལྡོངས་བས་ལན། རང་སྒེར་གྱི་འཚོ་ཚིས་ཙམ་ལ་འབད་འབུངས་མ་ནུས་པའི་ཨ་གསར་གྱི་རང་གཤིས་དེས་ལན། སྔ་ཕྱི་བར་གསུམ་གྱི་མྱོང་བ་དང་གྲ་སྒྲིག་མ་བྱུང་གོང་གློ་རྡེག་ལ་འཇིག་རྟེན་གསར་བ་ཞིག་འགོ་བརྩམས་པ་ལན། འོན་ཀྱང་ལན་པ་གསུམ་གྱི་མཐའ་དེ་དོན་དངོས་ཀྱི་ལན་པ་ཞིག་ཡིན་ནམ་གནས་སྐབས་ཀྱི་ལན་པ་ཞིག་ཡིན་པ་དེ་གཡང་འཁོར་རང་གི་གདམ་གསེས་ལ་རགས་ལས་ཡོད། དེ་ནི་རྩོམ་ཆོས་ལས་གཡང་འཁོར་གྱི་གྲིབ་གཟུགས་གནས་སྐབས་སུ་མཇུག་བསྡུས་མོད། དངོས་ཡོད་ཀྱི་གཡང་འཁོར་ད་དུང་མི་ཡུལ་དུ་ཡོད་པས་སོ།།

 

བཞི།"སྒོ"ཕྱི་ནང་བར་གྱི་འདུན་མ།

ནཱ་ལས་མཇུག་མཐར་སྤོབས་པ་དང་བཅས་སྒོ་ཁྲོག་གེར་གཏན་ནས་བུད་སོང་། གཡང་འཁོར་ཡང་མཐའ་མར"ཡུལ་ཚོ་སྲིད་གཞུང་གི་རྒྱ་སྒོའི་ཕྱོགས་སུ་བུད་སོང་།"ཁོང་གཉིས་ལ་གཞི་མཐུན་གྱི་ཆ་ཞིག་ཡོད་པ་ནི་འཚོ་སྡོད་ཀྱི་གནད་དོན་ཐག་གཅོད་ཐུབ་ངེས་ཀྱི་ཡོང་འབབ་ཅིག་མེད་པ་དེ་རེད། ཡིན་ནའང་། ནཱ་ལའི་དཀའ་ཁག་མོ་གཅིག་པུས་འཁུར་ཆོག་ལ། གཡང་འཁོར་གྱི་ལེགས་ཉེས་ཐད་ཀར་བཟའ་མི་གང་བོ་དང་འབྲེལ་ནས་ཡོད། དེ་བས་ཀུན་སྤྱོད་ཀྱི་ངོས་ནས་བཤད་ན་ཁོ་ལ་འགན་འཁྲི་ལྷག་མ་ཞིག་ཀྱང་ཡོད། སྒོའི་ཕྱི་ན་ཡོད་པའི་ནཱ་ལ་དང་སྒོའི་ནང་ན་ཡོད་པའི་གཡང་འཁོར་གཉིས། རང་ཉིད་གློ་འཁེལ་བའི"ཡུལ"གང་དེར་ཁོ་ཆད་ནས་སྒོར་སྙེགས་པའི་ཚུགས་ཀ་མི་འདྲ་མོད། སྒོའི་ཕྱི་ནང་བར་ནས་ཅིས་ཀྱང་མི་ཚེ་ལ་གདམ་གསེས་གསར་བ་ཞིག་བྱེད་དགོས་པ་ཐག་གིས་བཅད་ཟིན

རེད་དེ། དུས་རླུང་གི་ཆར་ཆེན་ཁྲོད་ཡལ་མི་རུང་བའི་བདག་གི་ངོ་བོ་ཁོང་གཉིས་ཀྱིས་ཅི་ལྟར་འཚོལ་སྲིད་དམ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1