སྤོབས་སེམས་ཀྱིས་ཁྱོགས་པའི་ལི་ཐང་། ——2018ལོའི་སི་ཁྲོན་ལི་ཐང་གི་སྐབས་གཉིས་པའི་ཚངས་དབྱངས་རྒྱ་མཚོའི་ སྙན་ངག་དུས་ཆེན་ལ་ཞུགས་རྗེས་སུ།

ཨ་སྨྱོན། (མཚོ་སྔོན།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


མགྲོན་ཤོག་དམར་ལྡང་མས་སྣེ་ཁྲིད་བགྱིས་ཏེ།།

འཕྲུལ་གྱི་འཕྲུལ་འཁོར་གྱི་ཆིབས་བཟང་བསྟེན་ནས།།

ཚངས་རྒྱམ་འབྱོན་བཞུད་ཀྱི་གཤོག་སྣེ་བཙལ་པར།།

གནས་མཆོག་ལི་ཐང་དེ་མཁའ་མཐར་ཆགས་འདུག།

སྔར་འདྲིས་རྩོམ་གྲོགས་ཀྱི་ངང་བ་ཁྱུ་གཅིག།

གཅིག་ལས་གཅིག་མགྱོགས་ངང་གནས་དེར་འཛོམས་སོང་།།

མཆོད་ཆང་ཕོར་འགའ་རེའི་བཅུད་བཟང་བསྟེན་པས།།

གདོང་བ་དཀར་པོ་དེ་དམར་པོར་འགྱུར་ཟིན།།

མཚན་མོའི་དགོང་ཚོགས་ཀྱི་ར་བར་ཞུགས་ཚེ།།

བརྙན་ཡོལ་འཆར་ཤེལ་གྱི་མཁའ་མཐའ་ཞིག་ཏུ།།

ཁྲུང་ཁྲུང་ཁེར་རྐྱང་གི་གཤོག་དཀར་མཐོང་བར།།

ངག་རིག་མཁན་པོ་དེ་སེམས་སུ་འཁོར་འོང་།།

མགུར་གླུའི་གྱེར་དབྱངས་ལ་རམ་བུ་བཏེགས་ནས།།

རྩེད་མོ་སྣ་ཚོགས་ཀྱི་ཡོ་ལང་བསྟར་དུས།།

ཞྭ་དམར་གོན་མཁན་གྱི་གར་མ་དེ་ཚོའི།།

ཁེངས་འགྲོས་སྒེག་ཉམས་དེ་མིག་ལ་མཛེས་པ།།

ལྷག་པར་དུས་སྟོན་ལ་ཆེད་དུ་བྲིས་ཏེ།།

དགའ་རྟགས་རེག་མཁན་གྱི་སྙན་ངག་མཁན་ཚོས།།

གཟིགས་བཟོས་དཔའ་རྟགས་དེ་རྒྱན་དུ་ལེན་སྐབས།།

སྤྲོ་ཚོགས་ཁ་དབུགས་ཉིད་དགུང་དུ་བཏེགས་སོང་།།

གཞན་དུ་གྲགས་ཅན་གྱི་གླུ་པ་དང་གླུ་མས།།

ངག་གི་སྒྱུ་རྩལ་ནི་ཅི་འདོད་དུ་ངོམས་དུས།།

བོད་ཆས་སྤྲས་པ་ཡི་ལྟད་མོ་བ་མང་པོའི།།

དགའ་འབོད་སྙན་དབྱངས་དེ་བྲག་ཅར་འཁོར་བཞག།

སྐྱ་རེངས་གསར་བ་ཞིག་ཡང་བསྐྱར་གསལ་འདུག།

ཕྱོགས་མགྲོན་སྐར་ཚོགས་དེ་ཐང་ལ་བབས་འདུག།

ལི་ཐང་ཡངས་མོ་དེ་མཁའ་མཐར་བརྐྱངས་འདུག།

ཕྱོགས་བཞིའི་རི་རབ་དེ་སྤྲིན་གསེབ་ཟུག་འདུག།

ཐང་དཀྱིལ་སྟེགས་བུ་རང་རྔམས་བརྗིད་ལྡན་ལ།།

དེར་བཞུགས་དཔོན་པོ་ཚོའི་སྤོབས་སེམས་མཐོ་བ།།

རྟ་རྒྱུག་དུས་སྟོན་གྱི་མགོ་རྩོམ་བསྒྲགས་པར།།

སྒྱོགས་སྒྲ་སྣ་ཚོགས་ཀྱིས་རི་ལུང་བཀང་སོང་།།

མདོ་མཛིན་ཕོ་མོ་ཚོས་མདུན་གྲལ་བསྒྲིགས་ཏེ།།

མདོ་དབུས་ཁམས་སྐད་ཀྱིས་ཤིས་ཚིག་བསྒྲོན་སྐབས།།

འདོ་བར་ཆིབས་མཁན་གྱི་སྟག་ཤར་གཤར་ཚེ།།

མདོ་མེད་སྙིང་ཆུང་ངའི་བློ་སྤོབས་བཏེགས་འོང་།།

ཡུལ་ཚོ་སོ་སོ་དང་ཚོ་ཁག་ཀུན་ནས།།

ལན་མང་འགྲན་པ་ལས་ལྷང་ངེར་བུད་པའི།།

རྟ་ཐོག་མི་རིགས་ཀྱི་རྒྱུན་འཛིན་མཁན་ཚོའི།།

སྐྱ་རྩལ་ངོ་མ་དེ་བློ་ལས་འགོངས་པ།།

ལ་ལས་མེ་མདའ་མཆོག་ཕྲག་ནས་བླངས་ཏེ།།

བང་རྒྱུག་དུས་སྐབས་ནང་འབེན་ལ་གཟས་ཤིང་།།

འགའ་རེས་ཆིབས་གོང་དུ་མདའ་སྟོང་སྤྲད་ནས།།

འགྲམ་གྱི་གསོབ་གཟུགས་གང་ཧྲུལ་བར་བཏང་བྱུང་།།

སྐོར་ཞིག་གླག་རྒོད་ཀྱིས་ལུ་གུ་བཟུང་ལྟར།།

མགྱོགས་འགྲོའི་སུག་བར་ནས་ཁ་བཏགས་འཐུ་ལ།།

ཁ་ཤས་ཆིབས་རྟ་ཐོག་ཕྱི་ཉལ་བྱས་ཏེ།།

ཅང་ཤེས་ཁ་ལོ་དེ་དྲང་བོར་བསྒྱུར་ནུས།།

མང་བོས་སྐྱ་རྩལ་རང་རྗེན་པར་སྟོན་སླད།།

རྡོག་པ་ཡོབ་ཆེན་དུ་དམ་པོར་བཏགས་ནས།།

མགོ་སྐྱེས་རིང་བོ་དེ་ཐང་འདྲུད་བྱེད་ཞོར།།

ཡུན་རིང་ཕྱིན་རྗེས་སུ་ཆིབས་ཐོག་བུད་འགྲོ།།

ཕྱི་དྲོའི་བྲོ་ར་ཡང་དེ་བཞིན་མཚར་རོ།།

ཁམས་པའི་ཕོ་རྒོད་ཚོ་སྟོབས་ཀྱིས་ཁེངས་ཤིང་།།

སྨན་ཆུང་བུ་མོ་དག་གཞོན་ཤ་མཛེས་པས།།

ལི་ཐང་གཞོང་བ་དེ་ཁྲ་ཆིལ་བརྒྱན་སོང་།།

སྙན་འཇེབས་རོལ་དབྱངས་ཀྱི་རམ་བུར་བསྟུན་ནས།།

འཇའ་ཚོན་སྣ་ལྔ་ཡི་གོས་བཟང་བཀླུབས་པའི།།

ཕོ་མོའི་དཔུང་སྦྲེལ་གྱི་གར་འགོ་བརྩམས་པར།།

ཐལ་མོའི་རྡེབ་སྒྲ་ཉིད་འབྲུག་ལྟར་གླལ་བྱུང་།།

སྐབས་རེར་ཕྱོགས་མཚམས་དེ་ཡོངས་སུ་བསྐོར་ནས།།

སྒོར་མོ་རྔ་འདྲ་ཡི་བྲོ་དེ་འཁྲབ་ཅིང་།།

ལན་རེར་ཟུར་བཞི་པོ་སྒུལ་མེད་བཟོས་ནས།།

གྲུ་བཞི་ཤོ་འདྲ་བའི་གར་དེ་བསྒྱུར་འགྲོ།།

མཚམས་རེར་གོམ་སྟབས་རང་དལ་བུར་འགྱོག་དུས།།

རུས་སྦལ་ནུར་འགྲོས་ཀྱི་སྒམ་བརླིང་མངོན་ཞིང་།།

བར་རེར་སྟངས་ཀ་ཉིད་མགྱོགས་སུ་ཕྱིན་པར།།

འཕྲུལ་གྱི་འཁོར་ལོ་དེ་བསྐོར་བ་འདྲ་སོང་།།

དེ་ལྟའི་འདྲ་མིན་དང་རང་སའི་ཁྱད་ཆོས།།

མ་བཅོས་ལྷུན་གྲུབ་པའི་སྒྱུ་རྩལ་ཡོ་ལང་།།

ཆད་མེད་མུ་འབྲེལ་དུ་བསྟར་པའི་ཆ་ལ།།

ནུབ་ཁའི་ཉི་མས་ཀྱང་ཕྱི་མིག་འཕངས་བྱུང་།།

མཚན་གྱི་གསོལ་སྟོན་ཡང་དུས་ལྟར་སྤེལ་སོང་།།

ཟབ་སྦྱོང་འཛིན་གྲྭ་རུ་ཤེས་བྱའི་བཅུད་བཟང་།།

ལེན་ལ་རངས་པ་ཡི་གནས་དེའི་རྩོམ་མཁན།།

བུང་བ་ཁྱུ་གཅིག་དང་ལྷན་འཛོམས་བྱུང་ངོ་།།

རྩོམ་རིག་དགའ་མ་ལ་ཞེན་ཆགས་ཆེ་ཞིང་།།

སྒྱུ་རྩལ་འདོད་པ་དེར་ནང་བྱན་ཆུད་པས།།

དེ་འབྲེལ་མཛེས་རྟོག་གི་ཁ་བརྡ་གློད་པར།།

སེམས་དང་སེམས་པ་ཡི་འོ་ཆུ་འདྲེས་སོང་།།

སྣ་ཚོགས་ཤེས་བྱ་ཡིས་ལུས་སྟོབས་རྒྱས་ཤིང་།།

ལ་རྒྱའི་གཡུ་རལ་གྱིས་ཕྲག་གོང་མཛེས་ཐོག།

འགྱུར་མེད་དམ་ཚིག་གི་སུག་བཞི་བརྟན་པའི།།

སེང་ཕྲུག་དེ་ཚོ་ལ་སྙིང་ནས་འདུད་དོ།།

ལི་ཐང་ཡངས་མོ་ཡི་རྒྱ་ཁྱོན་ཇི་བཞིན།།

གནས་འདིའི་སྐྱེ་འགྲོ་ཚོའི་སེམས་རྒྱ་ཆེ་ཤོག།

དགེ་བསྙེན་གནས་རི་ཡི་དབུ་འཕང་ནང་བཞིན།།

ཡུལ་འདིའི་ཤེས་ལྡན་ཚོའི་མགོ་འཕང་མཐོ་ཤོག།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1