ཁྱོད་ཀྱིས་ང་ལ་ཅི་ཞིག་བྱས་བཞག

འཇུ་རབ་གསལ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


ངཡི་གདོང་ལ་གསེར་གྱིས་མགར་བ་འདྲའི།

བཟོ་དབྱིབ་མཛེས་པའི་ཞལ་འབག་ཅིག་ཡོད་ཀྱང་།།

ཁྱེད་ཀྱི་སྙིང་གཏམ་དྲོན་མོའི་རླབས་འོག་ནས།།

ཆབ་རོམ་ཞུ་བ་བཞིན་ཏུ་མེད་ནས་སོང་།།

ང་ཡི་ལུས་ལ་འཇའ་ཡིས་དྲུབ་པ་འདྲའི།།

ཁ་དོག་ཡག་པོའི་ཤམ་ལྭ་ཞིག་ཡོད་ཀྱང་།།

ཁྱེད་ཀྱི་ཤ་དྲོད་འཇམ་པོའི་ཉེ་གམ་ནས།།

མཁའ་སྤྲིན་དྭངས་པ་བཞིན་དུ་ཡལ་ནས་སོང་།།

ང་ཡི་ངག་ལ་དར་གྱིས་བཟོས་པ་འདྲའི།།

རྒྱུ་སྤུས་ལེགས་པའི་ཡོལ་བ་ཞིག་ཡོད་ཀྱང་།།

ཁྱེད་ཀྱི་ཕྱི་ནང་གསལ་བའི་འདུ་བྱེད་ལས།།

རས་ཡུག་གཤགས་པ་བཞིན་དུ་རལ་ནས་སོང་།།

ང་ཡི་སྙིང་ལ་ལྕགས་ཀྱིས་བསླས་པ་འདྲའི།།

རྒྱ་གྲམ་བཀྲ་བའི་མདུད་པ་ཞིག་ཡོད་ཀྱང་།།

ཁྱོད་ཀྱི་སྙིང་ཆུང་འཕར་སྒྲའི་ཟིལ་ཤུགས་ལས།།

ཕྱག་རྒྱ་དཀྲོལ་བ་བཞིན་དུ་ཞིག་ནས་སོང་།།

ང་ཡི་མིག་ལ་རྫས་ཀྱིས་བྱས་པ་འདྲའི།།

ཡིན་མིན་འཇལ་བའི་དཔྱོད་ཤེལ་ཞིག་ཡོད་ཀྱང་།།

ཁྱེད་ཀྱི་མ་བཅོས་གཤིས་ཀྱི་རང་མདངས་ལས།།

མུན་པ་ཡལ་བ་བཞིན་དུ་བྲལ་ནས་སོང་།།

ང་ཡི་རྟོག་པར་གློག་གིས་ལས་པ་འདྲའི།།

འགྱུ་བ་རྒོད་པའི་བརྙན་རིས་ཤིག་ཡོད་ཀྱང་།།

ཁྱེད་ཀྱི་དུང་བའི་འཛུམ་མདངས་དཀར་པོ་ལས།།

ཉིན་མོའི་ཟླ་ཚེས་བཞིན་དུ་ནུབ་ནས་སོང་།།

ང་ཡི་དྲན་པར་ལྷ་ལས་བབས་པ་འདྲའི།།

སྙིང་ལ་སྡུག་པའི་མེ་ཏོག་ཅིག་ཡོད་ཀྱང་།།

ཁྱེད་ཀྱི་ལང་ཚོའི་དཔལ་གྱི་དྲི་བསུང་ལས།།

རྨི་ལམ་སངས་པ་བཞིན་དུ་བརྗེད་ནས་སོང་།།

ང་ཡི་དུང་བར་བཙའ་ཡིས་ཟིན་པ་འདྲའི།།

རྒས་ཤིང་འཁོགས་པའི་རྡུལ་བརྩེགས་ཤིག་ཡོད་ཀྱང་།།

ཁྱེད་ཀྱི་ན་གཞོན་སྣང་བའི་བྱབས་ཁྲུས་ཀྱིས།།

དྲི་མ་དག་པ་བཞིན་དུ་བསངས་ནས་སོང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1