རི་རྐྱང་ཤ་བ་ཡུ་མོ།

བོད་ཚྭ་ཁུ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


སེམས་པ་ཁྲལ་དུ་ཤོར་རུང་སྐྱོ་བ་ཞིག་མེད་ཀྱང་།།

ཁྲལ་ལ་བདག་པོ་མེད་ན་སྡོད་ཐབས་ཤིག་མི་འདུག།

ལང་ཚོ་མི་ཁར་ངོམ་ཡང་རང་དབང་ཞིག་ཡིན་ཡང་།།

མི་ཁ་རྒོད་པོ་བྱུང་ན་ཅི་བྱ་ཞིག་མི་འདུག།

སེམས་པ་རྟ་མཆོག་རྐྱང་ཡག་བདག་པོ་ཞིག་དགོས་ཀྱང་།།

བདག་མེད་ཉག་ག་བཅད་ནས་སྨུག་པ་དང་འགྲོགས་ན།།

རི་རྐྱང་ཤ་བ་ཡུ་མོར་གློ་བ་ཞིག་བསྒྲིགས་ཀྱང་།།

ཤ་བ་ར་རིང་ཞིག་གི་བཞེས་ཕོར་ནི་ཆག་འགྲོ།།

གཞོན་པའི་སྣང་བ་བསམ་ནས་ཁྲ་ཁྲ་རེ་བྱས་ཀྱང་།།

རྒས་པའི་མི་དང་མཇལ་ཚེ་ཞེན་ཀོག་ཅིག་ཆེ་བས།།

སྒང་པ་བོད་ཀྱི་མི་རྣམས་འདྲི་འདྲ་ཞིག་ཡིན་པས།།

མི་ཚེ་དགའ་བའི་སྐྱེལ་བ་ཉེ་ས་ནས་མི་རྙེད།།

ཨ་ཁུ་བགྲེས་པོ་ཞིག་གི་གོམ་སྟབས་ལ་བཏེགས་ཚེ།།

གཞོན་པའི་རི་མོ་འབྲི་བའི་ཐུགས་བློ་དང་འགལ་འགྲོ།།

མི་ཚེ་རླུང་གི་མར་མེ་གཉོམ་པོ་ཞིག་ཡིན་པས།།

རི་ལ་འགྲོ་ཐབས་བྲལ་བའི་འུ་ཐུག་རེ་སྐྱེ་ཡོང་།།

ཐོས་པ་ལམ་དུ་ཁྱེར་བའི་དེ་རིང་གི་གྲོགས་ལ།།

སང་ཉིན་གཞན་ལ་འཕྲད་པའི་དོགས་པ་ཞིག་འདུག་པས།།

རྨི་ལམ་ཅི་ཙམ་རྨིས་པའི་མཐའ་མཇུག་གི་ཁ་ན།།

ཟས་ཁ་སུ་དང་མཉམ་འགྲོ་སེམས་པ་ཞིག་ཤོར་སོང་།།


རྩོམ་ཡིག་སྔོན་མ།
ཉི་ནུབ་དང་སྨྲེང་བ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1