ཉི་ནུབ་དང་སྨྲེང་བ།

ན་ཟུག (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


སྲོག་ཆགས་ཕྲ་བའི་དབུགས་ནི་འཆད་ལ་ཉེ།།

སྐྱེ་བ་གསར་པར་ལེན་པའི་སྟ་གོན་གྲུབ།།

ཚེ་ཡི་ཚད་ནི་ཉིན་གཅིག་ཡུན་ལ་འཚམས།།

ཨ་ཙི་ཅི་འདྲའི་སེམས་ཅན་གྲངས་མང་བ།།

ནུབ་ཁའི་མཚམས་སྤྲིན་དེ་ཡི་ངོས་བཤམས་སུ།།

སྐྱོ་བ་བརྒྱ་ཡིས་བཙག་པའི་མིག་ཆུ་བརྡོལ།།

སྔར་ཀྱི་ལན་ཆགས་དེ་ཡི་གྲིབ་སོ་ཞིག།

ལེ་ལན་མ་སོད་ད་དུང་འཁྱམས་པ་འདྲ།།

མཚན་མོར་མ་གྲུབ་དགོང་གའི་ལྷིང་འཇགས་དེ།།

མུན་པའི་ཟས་སུ་གྱུར་པས་ཡི་རེ་མུག།

ཁང་ཆག་སྟོང་དང་ཁྲི་ཡི་བར་གསེང་དུ།།

རྣམ་ཤེས་བྲལ་བའི་བེམ་གཟུགས་གཅེར་རྒྱུག་བཏང་།།

ཉི་ནུབ་གོས་སུ་བཀླུབས་པའི་རྫི་བོ་དེ།།

རྩྭ་ལྗང་ཕོན་པོ་གམ་དུ་སྡོད་པ་དེ།།

སྨྲེང་བའི་ཆར་འབྲུ་ལུས་ཀྱིས་རེག་པ་ན།།

ཡིད་ལ་ཚུགས་ཀ་བདེ་བའི་སྙན་ངག་བབས།།

བསིལ་གདུགས་ལྟ་བུའི་ནམ་ཟླ་ཕྱི་དྲོ་ལ།།

སེམས་པ་ལྷོད་ཅིང་ཡིད་ཁམས་དྭངས་པ་ན།།

ཁྱོད་ལ་བྲིས་པའི་སྙན་ངག་ཡག་ཤོས་ཤིག།

ནུབ་ཁའི་ལ་མགོའི་ཕྱོགས་སུ་མི་སྣང་གྱུར།།

ས་གནམ་འདྲེས་པའི་མཚམས་སུ་མིག་གཏད་དེ།།

ཡིད་ཀྱི་བུ་ཆུང་གར་ཡང་མ་བཏང་སྟེ།།

ཤེད་ཀྱིས་འདང་ཞིག་བརྒྱབ་པའི་མཐར་ཐུག་ན།།

ཅི་ཞིག་མཐོང་ལ་ཅི་ཞིག་མ་མཐོང་འདྲ།།

ཕ་གི་ཉག་ཁའི་ཉི་ནུབ་སེར་པོ་དེ།།

སྨྲེང་བ་ཆུ་ལ་ཤད་པའི་གྲོགས་སུ་གྱུར།།

ང་ནི་ཞེན་པ་སྟོང་གིས་བཅིངས་གྱུར་ན།།

དེ་ཡི་ཚེ་ན་ཁྱོད་ནི་ན་ཟུག་ཅིག།

རབ་ཏུ་བདེན་པའི་ཚིག་ཅིག་ཡོད་གྱུར་ན།།

ཁྱེད་ཀྱིས་བཤད་པའི་གནའ་གཏམ་དེ་ཡིན་སྙམ།།

ཚེ་ཡི་འདི་སྣང་མ་ཡལ་བར་དུ་ནི།།

ཁོ་མོའི་གཏམ་དེའི་ཡང་སྙིང་འཚོལ་བར་བྱ།།

དྲི་ཟའི་གླིང་བུ་སྙན་པར་འགྲན་བཙུགས་པ།།

ཁྱེད་ཀྱིས་བླངས་བའི་གཞས་དེ་ཨེ་ཡིན་སྙམ།།

གཞས་ཀྱི་གདངས་དབྱངས་ང་སར་ཕྱོགས་པ་ན།།

ཡིད་འགུལ་ཐེབས་པའི་དྲན་པ་རྡོ་བར་ཟུག།

མིག་གིས་ཕ་མཐའ་རིག་པ་མི་བདེན་ཡང་།།

སེམས་ཀྱིས་འཚོས་པ་དེ་ནི་ཅིའི་ཕྱིར་རྫུན།།

སྤྲིན་པ་འཁོར་ཕྱོགས་དེ་རུ་རླུང་བུ་གཡུག།

མེ་ཏོག་རྐང་གཅིག་རླུང་གིས་འཇིགས་སྐྲག་སྦྱིན།།

ལྷ་མོ་མི་ཡི་གཟུགས་སུ་སྤྲུལ་སྒྱུར་བྱས།།

མི་དེ་ཡིད་འོང་མ་ཞིག་ཡིན་རྒྱུ་ན།།

ཚེ་རབས་སྟོང་གི་ཞེན་ཆགས་མོད་པོ་དེ།།

མིག་ཆུ་ཟེགས་མ་གང་གི་དོད་པོ་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1