ཁྱེད་རང་།

མགར་ཐར་བཀྲ་ཤིས་ཆོས་ལྡན རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28



ཞོགས་པར། ཁྱོད་ཀྱིས་ངོ་གདོང་གཙང་མར་བཀྲུས་ནས་ཆ་མེད་རྒྱུས་མེད་ཀྱི་རྒྱང་རིང་གི་ཡུལ་གྲུ་གང་ཞིག་ཏུ་བཞུད་པར་རྩོམ་དུས། བདག་ནི་སྨྲ་བསམ་བརྗོད་མེད་ཀྱི་ཞེད་སྣང་དང་འཁང་ར་རུམ་གང་བཟུང་ནས་ངུ་ཤུམ་གྱིས་བསྡད་པ་ལས། གང་དུ་ཆས་པར་འདོད་པའི་གཏམ་གླེང་དང་ཅིའི་ཕྱིར་བཞུད་པར་མོས་པའི་རྒྱུ་མཚན་བཅས་གླེང་བར་ལར་ནས་མ་སྤོབས། ཐ་ན། གྱེས་ཁར་ཀུན་སློང་གཙང་མས་སྐྱེལ་མ་ཙམ་ཡང་བྱེད་མ་ནུས་པར་ཁུ་སིམ་གྱིས་ལུས་དགོས་བྱུང་།

གྱེས་ཁར། ཁྱོད་ཀྱིས་ཕྱི་བལྟས་ཀྱི་མིག་མདངས་དེར་རེ་སྒུག་གི་ཕྱི་མིག་རེ་འཁོར་ཡོད་སྲིད་ནའང་། སྐབས་དེར་བདག་གི་སྙིང་རླུང་སྟོད་ལ་འཚངས་ཏེ་དབུགས་ཀྱི་འབྱིན་རྔུབ་ཀྱང་རྒྱུན་ལྡན་མིན་པར་ཆགས་ནས་ཡོད་སྟབས།

བཀྲ་ཤིས་པའི་སྐྱེལ་ཚིག་དང་དོན་འགྲུབ་པའི་ཁ་གཡང་བཅས་ཀྱི་ལམ་རྒྱགས་སྟེར་པའི་སྐལ་བ་མ་བྱུང་།

སེམས་དང་སེམས་བྱུང་ཐམས་ཅད་སྟོང་པའི་དབྱིངས་སུ་སིམ་པའི་སྐབས་དེའི་བདག་ལ་མཚོན་ན། འདུ་ཤེས་མེད་པའི་གནས་སུ་སྐྱེ་བ་བླངས་པ་ལྟར་དྲན་འཆར་དང་སྣང་ཞེན་གང་ཡང་མེད་པར་སྟོང་གཟུགས་རང་ག་པ་ཞིག་དང་གཉིས་སུ་དབྱེར་མེད་དོ།།

སྔུན་རྒྱབ་ཀྱི་འབོད་པ་དང་གཡས་གཡོན་གྱི་གྱེས་བརྡ་གང་ཡང་མ་ཐོས་ཤིང་མ་མཐོང་པར་རྫ་སྒང་དང་ལུང་ཁུག་གང་ཞིག་ཏུ་ཁེར་བུར་རྒྱུ་བའི་རི་དྭགས་བསེ་རུ་ཞིག་དང་མཚུངས་པར་བག་འཁུམས་ཀྱིས་འགྲེང་དགོས་བྱུང་།

གཏན་ནས་བརྗེད་དུ་མེད་པའི་ཉི་མ་དེར། ཞོགས་པའི་ཉི་ཟེར་གྱི་སྣང་བ་དབང་ཕྱོགས་ས་འཛིན་གྱི་ཕྲག་ཟུར་ནས་འཕགས་ཏེ། ནམ་མཁའི་མཐོངས་སུ་ཉི་མའི་དཀྱིལ་འཁོར་ཡོངས་སུ་མ་རྫོགས་པར། ཁང་པའི་ལྟག་རྒྱབ་ཀྱི་ས་འབུར་སྒང་ནས་མིག་ཟུང་མཆི་མས་བརླན་ཏེ། བྱ་འཕུར་བ་ཇི་བཞིན་རགས་པ་ནས་རྡུལ་ཕྲན་ལྟར་དུ་འགྱུར་བཞིན་པའི་ཁྱོད་ཀྱི་རླངས་འཁོར་དེའི་རྗེས་ཤུལ་ལ་ནན་གྱིས་བལྟས་པ་ཡིན།

དེ་མ་ཐག་ཏུ་། བདག་གི་མིག་ལ་ཐལ་རྡུལ་གྱི་འཚུབ་ཁ་རྒོད་པའི་བར་སྣང་སྟོང་པ་ཞིག་དང་ལྗང་མདོག་གི་གཟི་བྱིན་ཡལ་བའི་འཇག་མའི་འཇིག་རྟེན་ཞིག་ལས་ཅི་ཡང་མི་སྣང་། ཁྱོད་རང་མཐའ་ཡས་རྒྱ་མཚོའི་ཕ་རོལ་ལམ་ཧི་མ་ལ་ཡི་ཡང་རྩེ། ཡང་ན། སྣང་བ་འཇིག་རྟེན་འདིའི་ཚུར་རོལ་ལམ་མི་སྣང་བ་ཕྱི་མ་དེའི་ཕར་རོལ་གང་དུ་ཆས་ནའང་། རེ་སྙེག་པའི་རང་གཤིས་དེ་གཏན་ནས་བོར་མི་རུང་། རང་གཤིས་དང་འབྲེལ་བའི་བསྒྲགས་གཏམ་དང་དམ་བཅའ་དེ་དག་ཀྱང་མཐོན་པོའི་སྒང་ལ་བགྲེང་པའི་དར་ལྕོག་གི་སྣེ་མོ་ཇི་བཞིན་གཞན་དབང་གི་མནར་གཅོད་འོག་ནས་མི་ཟད་པར་སྨོན།

འགྲེལ་བཤད་དང་གཏན་ཚིགས་ཅི་ཡང་མེད་པར་ཁྱོད་རང་འདི་ལྟར་ལམ་ལ་ཆས་དགོས་པའི་གཏམ་འཆར་དེ་ངའི་རྣ་བའི་བུ་གར་ལྷུང་ནས་ཡུན་རིང་མ་འགོར་ནའང་། གཏན་ཁེལ་མེད་པའི་ངའི་རི་ཆུ་ནགས་གསུམ་ལ་ཁྱོད་རང་འགུག་པའི་སྟོབས་ཤུགས་ཀྱི་དཔུང་དང་ནུས་པའི་ཁུངས་མི་རྙེད་པས། ངས་གཞི་བདག་ལྷ་ཆེན་དཔང་ལ་བཙུགས་ནས་ཁྱོད་རང་གི་རྗེས་ཤུལ་འཚོལ་བའི་དམ་བཅའ་བཞག་ཡོད། ཁྱོད་རང་སོང་ཤུལ་ན་ངའི་རྣ་ལམ་དུ་འཁོར་ཡོང་བ་ནི་ཉེ་རྒྱང་གི་སྒོ་ཁྱིའི་ཟུག་སྐད་རེ་གཉིས་ལས། མཐོན་པོ་རྫ་ལམ་ཐོལ་གྱིས་གཤགས་པའི་འབྲོང་གཡག་དར་མའི་ཧུར་སྒྲ་མ་ཐོས་ཤིང་དམའ་མོའི་ཐང་ཆེན་བང་གིས་འཇལ་བའི་གྱི་ལིང་རྟ་མཆོག་གི་རྨིག་སྒྲའང་མ་ཚོར།

ཁྱོད་རང་སོང་ཟིན་པའི་ཉིན་ཞག་འདི་དག་ལ་ངའི་ཁོར་ཡུག་ལ་ཁ་བ་བསྟུད་མར་བབས་བྱུང་། ཁ་བའི་འདབ་མ་སྣ་ཚོགས་བདག་གི་སེམས་པའི་གཏིང་རུམ་ལ་ལྷུང་བྱུང་། ངས་ཁ་བ་ལྟ་བུའི་དག་གཙང་གི་སེམས་པ་འདིས་ལྷ་ཚོགས་ཀྱི་མདུན་དུ་སྐྱབས་འཇུག་བླ་མེད་ཅིག་ཞུས་ཡོད། རི་མཐོ་ས་གཙང་གི་རྩེ་མོར་འཛེགས་ནས་ལྷ་བསང་དང་རླུང་རྟ་ཡིས་བར་སྣང་གང་བར་བྱས་ཡོད།

དེ་རིང་ཡང་ཁྱོད་རང་དྲན་པའི་གདུང་ཡུས་ནག་པོ་ཞིག་གིས་སེམས་ལ་འཁྱག་སིབ་སིབ་ཀྱི་གྲང་ཆུ་བྱོ་བ་དང་མཚུངས་པར་སྐབས་དང་སྐབས་སུ་གཟན་པར་བྱས་ཤིང་། ལུས་པོ་ལྗིད་ཏིག་ཏིག་གི་ཁུར་གྱིས་མནན་པ་ཇི་བཞིན་ཡང་ནས་ཡང་དུ་དུབ་པར་བྱས། ངས་མི་རྟག་པའི་རང་འཚང་ལྷུག་པོར་བསྙད་པའི་གསུང་རབ་པོ་ཏི་འདི་དག་གི་ཕྱི་ནང་གསང་གསུམ་མྱུལ་བར་བྱས་ནའང་། མཛའ་བའི་སེམས་པ་ནི་སྔར་བཞིན་རང་སྐྱ་ཐུབ་པ་དང་རྟག་བརྟན་ཐེར་ཟུག་གི་རང་བཞིན་དུ་གྲུབ་པ་ཇི་བཞིན། གཡོ་འགུལ་དང་བྲེལ་འཚུབ་མེད་པར་རེ་སྙེག་དང་སྟོང་བསམ་གྱི་ཁམས་སུ་ལྡིང་བར་བྱས།

དེར་བརྟེན། འདི་ནས་ངས་ཆེས་མཐའ་མཇུག་གི་སྒྲོན་མེ་ཞིག་དང་ཡེ་ནས་མཚུངས་པའི་ཁྱོད་ཀྱི་དུས་གསུམ་ལ་བར་ཆད་མེད་པའི་སྨོན་འདུན་གཙང་མ་ཞིག་གཙང་པོའི་རླབས་རྒྱུན་ལ་འདྲེས་པར་བྱེད་པ་ལས་ཐབས་ཤེས་གཞན་མ་རྙེད།

ཁྱོད་རང་མེད་པའི་ལོ་ཟླ་འདི་དག་ལ་བདག་གིས་གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ་དང་ལུང་ཚན་བཅས་ནས་རང་གི་འདོད་པའི་འཛུམ་མདངས་དང་དགོད་སྒྲ་དེ་ནན་གྱིས་འཚོལ་ཞིང་བཙལ་པའི་མཐར། ལན་གྱིས་ལྡོག་པར་མི་ནུས་པའི་སུན་འབྱིན་ཞིག་དང་སྙིང་ནས་བཟོད་ཐབས་བྲལ་བའི་གཏམ་རྒྱུད་ཅིག་ལས་ཅི་ཡང་མ་རྙེད་ཅིང་གང་ཡང་མ་མཐོང་བས། ད་ནི་མཁའ་དབྱིངས་སུ་འཕུར་བཞིན་པའི་ཁྲུང་ཁྲུང་ཁྱུ་གཅིག་གི་ལས་དབང་ལ་ཡིད་སྨོན་བྱེད་པ་ལས་གཞན་ཅི་བྱ་གཏོལ་མེད་དུ་གྱུར།

ཁ་ཤས་ཀྱིས་ཁྱོད་རང་ནི་རྒྱང་རིང་གི་ཡུལ་གྲུ་དེར་བློས་བསླངས་དང་སྒྱུ་རྩལ་འབའ་ཞིག་གིས་བཞེངས་པའི་ལྷ་སྒྲུང་ནང་གི་མི་སྣ་ཞིག་ཏུ་གྱུར་པར་བཤད་ཀྱང་། ང་རང་གཏན་ནས་ཡིད་མ་ཆེས་པའི་རྒྱུ་མཚན་ནི་ཁྱོད་རང་མ་གཞི་ནས་མདུན་གྱི་འཇིག་རྟེན་འདིར་འཁོར་བའི་རྣམ་ཤེས་ཤིག་ཏུ་བསྒོམས་ནས་ཡོད་པས་ཡིན།

ནམ་དུའང་། ངའི་སྙན་ངག་གི་སྲོག་རྩ་ནི་ཁྱོད་རང་ཁོ་ནར་གྱུར་ཡོད་སྟབས། ཁྱོད་ཀྱི་གཞས་དབྱངས་དང་ངུ་སྐད། ལེ་བདའ་དང་སྨྲེང་གཏམ་མེད་དུས་བདག་གི་སྙན་ངག་ཀྱང་རྗོད་བྱེད་ཚིག་གི་རབ་བཏགས་འབའ་ཞིག་ཏུ་གྱུར་འགྲོ་བས། ངས་གཏན་ནས་ཁྱོད་རང་ལྷ་སྒྲུང་ནང་གི་མི་སྣ་ཞིག་ཏུ་བགྲང་འདོད་མི་འདུགལྷ་སྒྲུང་ནང་ནས་ཁྱོད་རང་འཚོལ་བའམ་ངལ་བ་འབྲས་མེད་ཅིག་ཏུ་སྙམ་ནས་ཡོད་པས། གྲོང་ངམ་གྲོང་ཁྱེར་རམ། དགོན་པའི་གནས་སོགས་གང་དུ་གནས་ཀྱང་ཁྱོད་ནི་ཆགས་སྡང་གིས་གྲུབ་པའི་ཚུར་མཐོང་རང་ག་ཞིག་ཡིན་པར་གཏན་ཁེལ་བྱས།

མདང་དགོང་ཡང་ཁྱོད་རང་གིས་གྱེར་མྱོང་པའི་སྲིད་པའི་གངས་རྒན་ཞེས་པའི་ལྷུག་རྩོམ་སྙན་ངག་དེ་མི་ཚོགས་མོད་པའི་རྨི་ལམ་གྱི་ངོགས་ནས་གྱེར་བ་ཐོས། འདི་ནི་ཕལ་ཆེར་རྨི་ལམ་གྱི་ཀློང་ནས་ཁྱོད་རང་མཇལ་ཐེངས་གསུམ་པ་ཡིན། དམ་པ་མང་པོའི་གསུང་རབ་དག་ཏུ་རྨི་ལམ་ནི་རྫུན་པ་དང་འཁྲུལ་སྣང་ཁོ་ནར་བསྒྲུབས་ཡོད་ཅིང་། ཡང་ལན་རེར་འགའ་ཞིག་གིས་ཚེ་སྔོན་མའི་སྨོན་ལམ་དང་ལྷ་སྲུང་། ཚེ་འདིའི་གསང་སྔགས་ཀྱི་ནུས་པ་སོགས་ཀྱིས་སྨིན་པའི་རྨི་ལམ་འགའ་ཞིག་བདེན་པའི་འཕྲུལ་དུ་བརྩི་ཆོག་པར་གསུངས་པས། མདང་དགོང་རྨིས་པའི་རྨི་ལམ་དེ་ནི་བདེན་པའི་རང་མཚན་ཞིག་ཏུ་བགྲང་འདོད་བྱུང་། དྲན་ཚུལ་ཞིག་ལ། ཁྱོད་རང་སྨུག་པའི་གསེབ་ཀྱི་རེས་གསལ་རེས་མོག་གི་ས་བདག་ཅིག་དང་ཀུན་ནས་མཚུངས། འདིར་བདག་གིས་སྒུག་བཞིན་པ་ནི་དངོས་གྲུབ་ཀྱི་ནོམ་པ་དེ་མིན་པར་བརྩེ་མདངས་ཀྱི་ལག་བརྡ་དེ་ཡིན་པས། ཇི་ལྟར་བྱས་ན་རྨི་ལམ་ནང་ནས་ཁྱོད་ཉིད་རང་མཚན་པ་དེ་མཐོང་པའི་སྐལ་བཟང་ལྡན་ནམ། འདི་ནི་རྨི་ལམ་མ་ཡིན་པའི་རྨི་ལམ་ཞིག་གི་གཏམ་རྒྱུད་དངོས་མ་ཞིག་ཏུ་ཡིད་ཆེས་ཡོད།།

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1