གལ་སྲིད་སྐྱེ་བ་གཞུག་མ་ཞིག་ཡོད་ན་སྡོང་བོ་ཞིག་བྱ་རྒྱུ།

སྟོང་ཉིད་མ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


ལོ་ཐོག་ཟླ་བརྩེགས་བྱེད་པའི་དུས་ཚོད་ནང་། ཆོས་ཉིད་དང་གོ་ལྡོག་པའི་འཚོ་བར་མཚན་མོའང་འུག་པ་བཞིན་མུན་པ་སྟུག་ས་ནས་ལྷིང་འཇགས་ལ་རེ་བར་གོམས་སོང་བའི་ང་ལ་མཚོན་ན། འདི་ལྟ་བུའི་སྙན་ཚིག་རེ་གཉིས་ནང་སེམས་ཀྱི་གཡོ་འགུལ་དང་སྟབས་གཅིག་ཏུ་སྐྱོམ་པའི་ཚེ། མཛའ་བོ་ལྟ་བུར་བཅིངས་པའི་བརྩེ་དུངས་དེའང་ཁ་ཡིས་ལབ་པ་ཙམ་ལས། དོན་ལ་དེ་ནི་མུན་ནག་དང་ཆགས་ཞེན་གྱིས་སྤྲད་པའི་ལན་ཆགས་ཁོ་ནའོ། །

དོ་དགོང་གི་མཚན་ལྗོངས་ཧ་ཅང་ལྷིང་འཇགས་རེད། སྔས་འགྲམ་གྱི་གློག་སྒྲོན་ལ་ཕྱི་སྐོར་བསྐྱར་སྐོར་བྱེད་ཀྱིན་པའི་ཕྱེ་ལེབ་དེའི་ངང་ཚུལ་དང་། ངའི་ནང་སེམས་ཀྱི་འགལ་འདུ་གཉིས་ནི་ཅི་འདྲའི་འདྲ་བ་ལ་ཨང་། ཕྱེ་ལེབ་འོད་ལ་ཆགས་པའི་ཨུ་ཚུགས་དེས་གཤོག་པ་ལ་བརྡབ་གསིག་དང་ཐོ་ཅི་ཙམ་བརྒྱབ་ནའང་ཕྱིར་འཁོར་ནས་ལྷིང་འཇགས་ཀྱི་མཚན་མོ་ལ་རོལ་བར་མི་དགའ་བ་བཞིན། ངས་ཀྱང་བསམ་གཞིག་གི་མཐའ་རྒྱ་ཅི་ཙམ་བསྐྱེད་ན། ནང་སེམས་ཀྱི་ན་ཟུག་དེ་ལྟར་ཇེ་དྲག་རེད། དེ་བཞིན་མཚན་མོའི་ལྷིང་འཇགས་ལ་འཁྱུད་དེ་གཉིད་རྒྱུ་ལ་མི་དགའ་མཁན་མེད་མོད། ཡིན་ནའང་ང་སད་རྒྱུ་མེད་པར་གཏན་དུ་གཉིད་འགྲོ་བར་ཧ་ཅང་སྐྲག དེ་བས་ངས་ཡང་དང་བསྐྱར་དུ་རང་ཉིད་ལ་མནར་གཅོད་གང་མང་ཞིག་མྱོང་དུ་འཇུག་དགོས་བྱུང་། སྤྱི་ཚོགས་ཞེས་པའི་ངོ་གདོང་རྫོབ་པོ་འདི་དང་གཤིབ་པ་ནས་བཟུང་། བཟོ་བཅོས་དང་འཚང་ཁ་མི་དགོས་པར། ཆར་རླུང་དང་ཙག་སེར་གྱིས་མ་ཐུབ་པར་གནམ་ས་བར་ན་ཀེར་རེར་འགྲེང་བའི་སྡོང་བོ་ཞིག་ཡིན་པར་སྔོན་ཞིག་ནས་སྨོན་པ་ཤོར་མྱོང་།

དོ་དགོང་སྐར་ཚོགས་ལྷགས་པའི་སྒྲོམ་དུ་ཚུད་མི་འདུག་པར་རྩེ་དགོད་ཀྱི་འཛུམ་ཞལ་གསལ་ཆེམ་མེར་མངོན་འདུག་པ་ཧ་ཅང་གསལ་བས། གཙང་འགྲམ་དང་ཟམ་པའི་གཡས་གཡོན་ཀྱི་གློག་སྒྲོག་དག་ཀྱང་སྐྱེངས་ནས་ཡོད་པ་ལྟར་སྣང་ཞིང་། སྡོང་མགོའི་ལོ་མའི་གཟུགས་རིས་ས་ལ་ཕབ་པ་དེ་ནི་ངོ་ཚར་བྱོལ་ཆེད་བསམ་གཟས་ནས་གཡོལ་གྱིན་པ་དང་ཀུན་ནས་མཚུངས། འདི་ལྟར་ལྷིང་འཇགས་ཀྱི་མཚན་གཞུང་ཞིག་ལ་སེམས་ཀྱིས་མྱོང་དུས། ངའི་སེམས་པ་ས་ཧ་རའི་བྱེ་ཐང་གི་རྡོ་ཟེགས་ཤིག་དང་མཚུངས་ཤིང་། ལྷགས་རླུང་གིས་དེད་པའི་དངངས་འཚབ་ཅིག་དང་མཉམ། གནས་དེ་རུ་འཚོ་བ་དང་མི་ཚེ་བརྩེ་བ་ལ་བཅོལ་བའི་ཁྱོ་ཤུག་གཉིས་ཀྱི་འདས་སོང་ལ་རྟོག་བཏགས་སྣ་ཚོགས་ཤིག་བྱས་པའི་མོད་ལ། མོའི་སྐྱེ་བ་གཞུག་མ་སྡོང་བོ་ཞིག་བྱ་རྒྱུ་ཞེས་པའི་རྩོམ་ཐུང་དེར་ཧད་ནས། ངས་ཡང་དང་བསྐྱར་དུ་“སྡོང་བོ་ཞིག་ཡིན་རྒྱུ་ན། རྟག་ཏུ་བརྟན་པོར་འགྲེང་ཞིང་། དགའ་སྡུག་གི་བཟོ་ལྟ་མེད་པར། ཕྱེད་ཀ་ས་འོག་ཏུ་བག་ཕབ་ཅིང་ཕྱེད་ཀ་རླུང་ཁྲོད་དུ་གཡོམ་པ་དང་། ཕྱེད་ཀ་ཉི་འོད་ལ་ཕྱོགས་ཤིང་ཕྱེད་ཀ་གྲིབ་བསིལ་ལ་གཏད།” ཞེས་ངག་ནས་ཟློ་བཞིན། དེ་ལྟར་ན་ཁ་ཁུ་སིམ་པོ་ཡོད་ཀྱང་ངའི་མགོ་བོ་ང་རྒྱལ་གྱིས་དགྱེ་ཆོག་ལ། ཁེན་ས་དང་བརྟེན་ས་མི་དགོས་ལ། ཅི་ཞིག་མ་ཐོབ་པའི་སྡུག་བསྔལ་དང་རེ་ཆད་མི་དགོས་པར་བསམས་ནས་སྨོན་པ་ཡང་ཡང་ཤོར།

དེའང་། བྲག་གཟར་གྱི་ངོ་དང་ས་འདམ་གྱི་འོབས། ཆུ་བོའི་རྒྱུད། གཞིས་ཀའི་ལོགས། གང་ཞིག་ནས་སྐྱེས་ཀྱང་ཆོག་པའི་སྡོང་བོ་ཞིག་བྱ་བར་འདོད། ཡིན་ནའང་སྒྲིག་གཞི་དམ་པའི་རྒྱ་གྲོང་གི་ལམ་འགྲམ་ནས་གྲལ་སྒྲིག་པ་དང་གཡས་བྲེགས་གཡོན་གཏུབ་བྱས་པའི་བཅོས་མ་ཞིག་བྱ་རྒྱུ་ལ་ནི་ཧ་ཅང་ཞེད། རྒྱང་རིང་རྒྱང་རིང་གི་རི་གྲོང་དུ། ཡལ་གའི་སྐྱེ་འཆི་ལ་རང་དབང་ཐོབ་པའི་སྡོང་བོ་ཞིག་བྱས་ཏེ། དྲོ་དུས་བསིལ་གྲིབ་དང་འཁྱག་དུས་ཆར་རླུང་གཡོལ་ཏེ། ཚང་མེད་ཀྱི་འདབ་ཆགས་དཔག་མེད་ཅིག་ལ་དྲོད་ཁོལ་གྱི་གནས་མལ་བསྩལ་ནས། བུ་ཚའི་རབས་རྒྱུད་སྤེལ་བའི་ཚུལ་ལ་དགའ་བཞིན་དགོད་ཀྱིན། བསིལ་རླུང་གིས་ལོ་འདབ་ལ་བྱིལ་བའི་ཤག་སྒྲ་དེས། ང་གར་ཡོད་སར་རོལ་མོ་ཡོད་པར་བྱ་རྒྱུ་ན་ཅི་འདྲའི་དགའ།

སྡོང་བོ་ཞིག་ཡིན་ན། ཆུང་ནས་ཆེ་རུ་གྱུར་ཀྱང་རུང་། སྔོན་པོ་ནས་སྐྱ་བོར་གྱུར་རུང་ཆོག་ལ། དགའ་སྐྱོའི་གནས་གང་ལ་འཕྲད་ཀྱང་། ང་ནམ་ཡང་ཁྱེད་ཀྱི་འགྲམ་དུ་འགྲེང་ངེས་ལ་ཁྱེད་ཉིད་སྲུང་། དེ་དུས་ངས་ཁྱེད་ལ་ཆར་བ་གཡོལ་ལ། རླུང་བུ་འགོག འགྲོ་ཞོར་མཐོང་ན་སྐྱེལ་མ་དང་ངལ་བས་དུབ་དུས་གནས་ཚང་བྱ།

སྐབས་དེར་ང་ལ་མིང་མི་དགོས་ལ། མེ་ཏོག་ལྟ་བུའི་མཛེས་པའང་མི་དགོས། ཡིན་ནའང་ང་ནི་འགྱུར་མེད་ཀྱི་སྡོང་བོ་ཞིག་ཡིན་པ་ཁྱེད་ཀྱིས་ཤེས་པར་བྱོས་དང་། འགྱུར་བར་མི་ངེས་ལ་ཡལ་བར་མི་སྲིད་པས། ཁྱེད་ཀྱིས་བཙལ་མི་ཐུབ་དུས་མེད། ང་སྡོང་བོ་ཞིག་ཡིན་ན་ཁྱོད་བྲལ་འགྲོ་དུས་སེམས་གཅོང་མེད་ལ། ཁྱེད་ལོག་འདོད་དུས་བོར་འགྲོ་སའང་མེད། དུས་གཏན་ནས་གཏན་དུ་རང་ཚུགས་ཀྱིས་འགྱིང་ངེས། ང་རྒྱལ་གྱིས་གསོན་ངེས།

སྡོང་བོ་དེར་གླེན་ཞན་ཅུང་ཟད་ཡོད་ལ་བརྟན་ཚུགས་ཀྱང་ཆེ། རྒྱུ་མཚན་ནི། དམ་བཅའ་མང་པོ་མེད་ཀྱང་ཕྱི་ཐག་རིང་། བཤད་པ་ཉུང་ཡང་ལས་ལ་འཐུས་ཤོར་མེད། དེ་བས། གལ་སྲིད་སྐྱེ་བ་གཞུག་མ་ཞིག་ཡོད་ན། ང་སྡོང་བོ་ཞིག་བྱ་རྒྱུ་ལ་འཐད་པར་ཤོག དེ་ལྟར་ན་ངས་ནམ་ཡང་ཁྱེད་ལ་སུན་སྣང་གི་གདུང་བ་ཡོད་དུ་མི་འཇུག་ལ། ནམ་ཞིག་ང་ཉིད་མཁོ་མེད་མ་ཆགས་བར། ངས་གནས་དེ་ནས་སྒུག་ཆོག

སྡོང་བོ་ཞིག་བྱ་རྒྱུའི་འདུན་པ་འདིས་གཞི་ནས་ངའི་སེམས་ཀྱི་གདུང་བ་དང་གྱེས་བྲལ་གྱི་ན་ཟུག ཅི་ཆ་མེད་པའི་ལས་དབང་གི་རྩེད་མཚར་དག་ལ་སེམས་གསོ་ཅུང་ཙམ་ཐོབ་པ་འདྲ། གང་ལྟར་སྐྱེ་བ་གཞུག་མ་ཞིག་ཡོད་ན། ང་སྡོང་བོ་ཞིག་བྱ་ཐུབ་པར་ཤོག ཁྱེད་རང་བརྒྱུད་པའི་ལམ་ཁ་དེ་ནས། ངས་ཁྱེད་ཁོ་ནར་སྒུག་ངེས་ལ། གྱེས་བྲལ་ལ་སྡུག་ཡུས་དང་ཐོབ་ཤོར་ལ་དགའ་སྡུག་བྲལ་བའི་སྡོང་བོ་ཞིག་བྱས་ཏེ། ཚེའི་དུས་བྱས་པའི་ལན་ཆགས་ལ་བྱས་ཉེས་བཤགས་པའི་གོ་སྐབས་ཐེངས་ཤིག་ཡོད་པར་ཤོག །


རྩོམ་ཡིག་སྔོན་མ།
ཁྱེད་རང་།
རྩོམ་ཡིག་རྗེས་མ།
སློབ་མ་ཆོས་སྐྱོང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1