སློབ་མ་ཆོས་སྐྱོང་།

འཇམ་དབྱངས་ནོར་བུ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


རྒྱུན་དུ་གཞན་གྱིས་སྐྱོང་དགོས་པའི། །

མི་དེ་ནམ་ཡང་ཉམས་པར་འགྱུར། །

(ཁ་བྱང་དང་འབྲེལ་བའི་སྐད་ཆ། )

སྔོན་ཆད་སྔོན་ཆད་ཅིག་ལ། སྟག་ལུང་གྲོང་རྡལ་གྱི་ཁྱིམ་ཚང་ཞིག་ལ་བྱིས་པ་མ་བཙས་པར་སེམས་སྡུག་བསྔལ་གྱིས་མནར་བའི་བཟའ་མི་གཉིས་ཡོད། ཁོ་གཉིས་ཀྱིས་འཁོར་བ་བཟུང་ནས་ལོ་ངོ་བཅུ་ཕྲག་གཅིག་འགོར་ཡང་ཁྱིམ་རྒྱུད་འཛིན་པའི་བུ་ཕྲུག་གཅིག་ཀྱང་མ་སྐྱེས་པས། བཟའ་མི་གཉིས་སེམས་སྡུག་གིས་ཁེངས་ནས་ཅི་བྱ་གཏོལ་མེད་དུ་གྱུར་བའི་སྐབས་ཤིག་ལ། སྟག་ལུང་དགོན་པའི་སྤྲུལ་སྐུ་འཇིགས་མེད་སེང་གེ་ཡིས་ད་ལོ་ཁྱེད་གཉིས་ཀྱིས་ཧུར་ཐག་འབད་བརྩོན་གྱིས་དགེ་སྒྲུབ་སྡིག་སྤོང་ལ་འབད་ན་བུ་ཞིག་སྐྱེ་ཁོ་ཐག་རེད་ཅེས་ལུང་བསྟན་ཐོབ། ཁོ་བཟའ་མི་གཉིས་ཀྱིས་ཞལ་གསུང་ནོར་བུ་འདྲ་བོ་དེ་ཐོས་རྗེས་སེམས་རབ་ཏུ་དགའ་ནས། སྐོམ་པ་ཆུ་ཡི་གདུང་བ་བཞིན་ཟླ་བ་གཉིས་གསུམ་ཙམ་དུ་ཡར་དཀོན་མཆོག་ལ་མཆོད་པ་དང་མར་དབུལ་བོ་ལ་སྦྱིན་པ་བྱེད་ཞོར་དུ་ཁ་ཏོན་དགེ་སྦྱོར་གྱི་མཚམས་མ་ཆད་པར་དུས་གཞོལ་ནས་ཁྱིམ་ཚང་གི་རྒྱུ་ནོར་ཕྱེད་ཙམ་ཚར་ལ་ཉེ་བའི་སྐབས་ཤིག་ལ། དངོས་ནས་སྤྲུལ་སྐུས་གསུངས་པ་ནང་བཞིན་ཆུང་མ་ལྷ་སྐྱིད་ལ་མངལ་སྦྲུམ་ནས་ཁོ་བཟའ་མི་གཉིས་ཀྱིས་ཡུན་རིང་ལ་རེ་སྒུག་བྱས་པའི་དོན་དག་དེ་བདེ་ལེགས་ངང་འགྲུབ་པའི་ལྟས་བཟང་བོ་མིག་མཐོང་ལག་ཟིན་དུ་གྱུར་སོང་། དེ་ནས་ཁོ་བཟའ་མི་གཉིས་ཀྱིས་ཕྲུ་གུ་དེ་སྐྱེ་རག་བར་དུ་བསྒུགས་མི་ཐུབ་པ་ལྟ་བུའི་སེམས་ཁྲལ་བྱེད་ཞོར་ཆུང་མ་ལྷ་སྐྱིད་ཀྱིས་ཟླ་དགུ་ཞག་བཅུ་ལུས་ལ་ཁུར་ནས་ཉིན་བཟང་སྐར་བཟང་ཞིག་ལ་འཇིག་རྟེན་དུ་སླེབས་བྱུང་། ཕྲུ་གུ་དེ་སྐྱེས་ནས་ཉིན་བདུན་འགོར་རྗེས་ཆུང་མ་ལྷ་སྐྱིད་ཀྱི་ཁྱོ་གས་རང་ལ་འབྱོར་ཚད་ཀྱི་ཁ་བཏགས་དཀར་བོ་ཡུག་གཅིག་དང་ཞོ་གསར་བ་འོ་ཟེའུ་གང་ཁྱེར་ནས་སྤྲུལ་སྐུ་འཇིགས་མེད་སེང་གེ་ཚང་ལ་བུ་སྐྱེས་པའི་གཏམ་བཟང་དང་བུ་ལ་མིང་ཞིག་འདོགས་པའི་དོན་དུ་སོང་། སྤྲུལ་སྐུས་གཏམ་དེ་ཐོས་རྗེས། ཨ་སྐྱིད་ལ་སྐྱིད་ལ་ད་བསམ་དོན་འགྲུབ་སོང་ནི་རེད། ཅེས་གསུང་ཞོར་དུ་ཐུགས་བསམ་ཞིག་བཏང་ནས་བུ་ལ་ཆོས་སྐྱོང་མགོན་པོ་ཞེས་མིང་ཐོགས་གསུངས། ད་དུང་དེར་མཐུད་ནས་ཨ་ཁུས་བུ་འདི་དཀོན་མཆོག་དང་ཆོས་སྐྱོང་གིས་ཁྱོད་ལ་གནང་བ་ཞིག་ཡིན་ཞེས་གསུང་བྱུང་། དེ་ནས་ཡོན་བདག་ཧ་ཅང་དགའ་སྟེ་གཉའ་དམའ་དམའ་དང་ལག་པ་མཉམ་མཉམ་བྱེད་ཞོར། ལགས་སོ། ། ལགས་སོ། །ཚང་མ་སྤྲུལ་སྐུ་ཁྱེད་ཀྱི་ཐུགས་རྗེ་རེད་ཅེས་ཟེར་ཞོར་གཟིམ་ཁང་གི་སྒོ་ལ་བུད་ནས་ཕྱིར་རང་ཁྱིམ་དུ་ལོག་པའི་ལམ་བར་དུ་ཁོའི་སེམས་ལ་བུ་འདི་ངོ་མ་བཟང་བོ་ཞིག་ཡིན་ཐག་ཆོད་རེད། སྐྱེས་ནས་ཉིན་བདུན་མ་གཏོགས་འགོར་མེད་ན་ཡང་ངེད་བཟའ་མི་གཉིས་ཀྱི་སེམས་ངོ་མ་ཅིག་སྐྱིད་ཀི་བསམ་ཞོར་བསམ་གཞིག་རབ་རིབ་ཅིག་དང་མཉམ་དུ་རང་ཁྱིམ་དུ་ཐོན་བྱུང་། ཆུང་མ་ལྷ་སྐྱིད་ཀྱིས་བུ་ཆུང་ལ་མིང་ཇི་འདྲ་ཞིག་བཏགས་ཡོད་པ་ལ་རེ་བས་སྒུག་ལ་ཁྱོ་ག་ཐོན་མ་ཐག་ཏུ་དཀའ་ལས་དང་ལམ་ཚེགས་ཀྱི་བདེ་སྡུག་ཅི་ཡང་མི་འདྲི་བར་བུ་ཆུང་གི་མིང་ལ་ཅི་ཟེར་ཞེས་སྤྲོ་ལྷང་ལྷང་གིས་དྲིས། ཁྱོ་གས་གདུང་ལ་འཛུམ་མདངས་ཤིག་མངོན་ཞོར་སྤྲུལ་སྐུའི་གསུང་ཇི་མ་ཇི་བཞིན་ཆུང་མ་ལ་དབུགས་ཐེངས་གཅིག་གིས་ལབ། ཆུང་མ་དགའ་ཐག་ཆོད་ནས་སེམས་རབ་ཏུ་མྱོས་ཏེ་ཁ་ནས་ཨ་སྐྱིད་ལ་སྐྱིད་ལ་ཞེས་ཟེར་ཞོར་བུ་ལ་ནུ་མ་ལྡུད་འགོ་བརྩམས་བྱུང་། དེ་ནས་ཁོ་བཟའ་མི་གཉིས་ཀྱིས་རང་ནུས་ཅི་ལྕོགས་དང་འབད་བརྩོན་ལྷོད་མེད་ཀྱིས་ཤ་ལས་ཆད་པའི་བུ་ཆུང་ཆོས་སྐྱོང་མགོན་པོ་ལ་ཟས་གང་ཞིམ་དང་གོས་གང་འཇམ། གནས་གང་སྐྱིད་ཐ་ན་མི་འདོད་པའི་ཚིག་རྩོད་ཙམ་ཡང་མ་བྱས་པར་ཕོ་བྲང་ནང་གི་རྒྱལ་སྲས་གཉོར་བ་ལྟར་བྱས་ནས་ཉི་མ་རེ་རེ་དང་ཟླ་བ་རེ་རེ་ལོ་རེ་རེ་བཞིན་ཤེས་མེད་ཚོར་མེད་དུ་འདས། བུ་ཆུང་ལོ་ངོ་བདུན་ལ་སླེབས་བྱུང་། དེ་ནས་རྒྱལ་ཁབ་ཀྱི་ལོ་དགུའི་འགན་བབས་སློབ་གསོའི་དགོངས་དོན་དང་མཐུན་པར། རང་ཉིད་ཀྱི་བུའི་ལོ་ཚོད་ཀྱང་ཤེས་རིག་སློབ་པའི་དུས་ལ་སླེབས་པས་གཅེས་ཕྲུག་ཆོས་སྐྱོང་མགོན་པོ་སློབ་གྲྭར་མི་སྐྱེལ་ཀ་མེད་བྱུང་། ཁོ་བཟའ་མི་གཉིས་ཀྱིས་ཉིན་བཟང་སྐར་བཟང་ཞིག་བདམས་ནས་བུ་ཆུང་ལ་སློབ་སྦྱོང་གི་ཡོ་བྱད་མ་ཚང་བ་མེད་པ་བསྒྲིགས་ནས་སློབ་གྲྭར་མངགས། ཁོ་དང་མཉམ་དུ་འཛོམས་པའི་གསར་ཞུགས་ཀྱི་སློབ་བུ་ལྔ་བཅུ་ལྷག་ཙམ་ཡོད་པ་དེ་འཛིན་གྲྭ་གཅིག་ཏུ་བྱས་ནས་འཛིན་བདག་ཀྱང་ལོ་ངོ་ཉི་ཤུ་ཙམ་ལ་ཉམས་མྱོང་ལྡན་པའི་དགེ་རྒན་གཞན་ཕན་ཟེར་བ་དེ་བཞག་ནས། མ་འོང་བའི་རེ་བ་ལ་བདག་སྐྱོང་བཟང་བོ་བྱེད་པར་ཉིན་མཚན་དབྱེར་མེད་དུ་འབད་བརྩོན་བྱེད་དང་བྱེད་མུས་སུ་མཆིས། དེ་ལྟར་ལོ་ངོ་གསུམ་ལྷག་མིག་རྡེབ་དབང་ཙམ་གྱིས་འདས་པ་ན་སློབ་གླིང་དེར་སྐད་གྲགས་ཆེ་བའི་འཛིན་གྲྭ་ནི་ཆོས་སྐྱོང་འཛིན་གྲྭ་ཡིན་ལ་ཆོས་སྐྱོང་མགོན་པོ་ནི་སློབ་སྦྱོང་ལ་བཟང་བ་དང་སློབ་གྲོགས་ལ་མཐུན་པ། གཙང་སྦྲ་ལ་དགའ་བ། དགེ་རྒན་ལ་གུས་པ་ཆེ་བའི་སློབ་བུ་ཡ་རབས་ཤིག་རེད་ཟེར་ནས་བྱིས་པ་དེའི་མིང་འཛིན་གྲྭའི་མིང་ལ་ཡང་ཐོགས་བྱུང་། དེ་ལྟར་བུ་ཆུང་དེས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས་འབད་པའི་འབྲས་བུར་དགེ་སློབ་དང་ཕ་མ་མི་སུ་ཡིན་རུང་སེམས་འགུལ་ཐེབས་ནས་ཧོན་ཐོར་ཧང་སངས་སུ་བཅུགལོ་ངོ་གཉིས་ཙམ་འགོར་བ་ན་སློབ་བུ་ཆོས་སྐྱོང་མགོན་པོ་ནི་དགེ་རྒན་གྱིས་བཀུར་བ་དང་ཕ་མ་ཡིས་ཧ་ཅང་གཅེས་པའི་སྟབས་ཀྱིས་ཁོ་ནི་འཇིག་རྟེན་འདིའི་མི་ཡོད་ཚད་ཀྱི་གཅེས་ཕྲུག་ཡིན་པའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས། ལེ་ལོ་དང་རྣམ་གཡེང་ལ་རོལ་ཅི་ཐུབ་བྱེད་པའི་བསམ་བློ་འགོག་མེད་དུ་སྐྱེས་ནས་སློབ་ཁྲིད་ལ་རྗེས་ལུས་ཁུར་བ་དང་སྒྲིག་ལམ་ལ་དོ་སྣང་མེད་པར་རང་སྣང་གང་ཤར་གྱིས་བྱ་བ་སྒྲུབ་པ་མ་གཏོགས་དགེ་རྒན་ལ་གུས་བཀུར་དང་ཕ་མ་ལ་ཁ་ལེན་མི་བྱེད་པའི་མི་གོ་མེད་ཅིག་ཏུ་གྱུར་འདུག་པར་མ་ཟད། ད་དུང་རང་སེམས་ལ་གནོང་འགྱོད་ཅུང་ཙམ་མེད་པར་སློབ་གྲྭའི་སྒྲིག་ལམ་ལ་ཁ་ཡ་མི་བྱེད་པར་བྱ་ངན་དག་བསྟུད་མར་བསྒྲུབ་ཅི་ཐུབ་བྱེད་པ་མ་གཏོགས་རང་སྐྱོན་བཅོས་བསྒྱུར་དང་སྐྱོན་ངན་གཙང་སེལ་བྱེད་པའི་བསམ་བློ་དང་འདུ་ཤེས་ཡེ་ནས་མེད་པར་ཁར། སློབ་གྲྭ་ནས་བྱ་བ་ངན་བསྒྲུབས་ན་ཡང་སློབ་སྦྱོང་ལ་བཟང་བའི་སྟབས་ཀྱིས་འཛིན་བདག་དགེ་རྒན་གཙོ་བྱས་བསླབ་བྱ་གཞན་དག་གི་དགེ་རྒན་རྣམས་གྱིས་ཀྱང་ཁོའི་བྱ་ངན་ཡོ་བསྲངས་བྱེད་པ་དང་ཕྱིར་ཁྱིམ་ལ་སླེབས་ཀྱང་ཕ་མ་གཉིས་ཀྱི་བུ་གཅིག་པུ་ཡིན་སྟབས་ཅི་འདོད་དང་གང་བཟང་བྱེད་པ་མ་གཏོགས་སློབ་གསོ་དང་ཁ་ཏ་ཅི་ཡང་མི་བྱེད། ད་དུང་ཁོ་རང་དགའ་སའི་གྱོན་པ་ཚོང་རྟགས་ཅན་དང་། ལྷམ་ཚོང་རྟགས་ཅན། ཁ་པར། འཕྲུལ་རྟ། བརྙན་འཕྲིན། རྩེད་ཆས་སོགས་ཅི་འདོད་པ་ཐམས་ཅད་སེར་སྣ་དང་ཚོད་འཛིན་མེད་པར་ཆོས་སྐྱོང་ལ་མཁོ་སྤྲོད་བྱས། དབྱར་གནང་དང་དགུན་གནང་གི་དུས་ཀྱང་ཤེས་མེད་ཚོར་མེད་ངང་འདའ་བར་བྱེད་བཞིན་ཡོད། སློབ་བུ་ཆོང་སྐྱོང་ནི་ངན་ལངས་སྐྱག་ལངས་ལ་ཤོར་བའི་སློབ་མ་འཇོན་མེད་ཞིག་ཏུ་འབད་མེད་ངང་གིས་གྱུར་འདུགལོ་ཞིག་གི་དབྱར་ཁར་སློབ་བུ་ཆོང་སྐྱོང་དམའ་འབྲིང་ནས་ཤེས་བྱ་དང་ཡོན་ཏན་བསླབས་ནས་སློབ་མཐར་མ་ཕྱིན་ཀྱང་། དུས་ཚོད་དང་ལོ་ཚོད་ལོང་ནས་སློབ་མཐར་མི་ཕྱིན་ཀ་མེད་བྱུང་སོང་། ཡིད་ཕངས་པ་ཞིག་ལ་མཐོ་འབྲིང་དུ་འགྲིམ་པའི་སྐར་གྲངས་མ་ལོན་པའི་ཁར་དམའ་རིམ་སློབ་གྲྭ་ནས་ཐོན་པའི་ལག་འཁྱེར་འཛིན་རྟགས་ཡང་མེད་པར་ལག་སྟོང་མཆན་ལ་བཙུར་ནས་ཕྱིར་ཁྱིམ་དུ་སླེབས་ཡོད། ཁོས་ཕ་མ་གཉིས་ལ་བཤད་རྒྱུའི་སྐད་ཆ་ནི་ད་དམའ་རིམ་སློབ་གྲྭ་ནས་མཐར་ཕྱིན་ཚར་ནི་རེད་མ་འོངས་པ་ན་མཐོ་རིམ་སློབ་གྲྭ་ལ་འགྲོ་དགོས་ནི་རེད། དེ་དུས་སློབ་གྲྭའི་སློབ་ཡོན་ཡང་ཧ་ཅང་མཐོ་བས་ཕལ་ཆེར་སློབ་གྲྭ་འདོན་ཐུབ་རྒྱུ་མ་རེད། འོན་ཀྱང་བུ་ཆུང་ང་ཕོ་ལོ་བཅོ་བརྒྱད་ལ་སོན་ཡོད་པས་ད་ཁྱེད་ཕ་མ་གཉིས་ཀྱིས་སེམས་ཁུར་གཏན་ནས་བྱེད་མི་དགོས། རྗེས་ཕྱོགས་དོན་དག་ཚང་མ་ང་རང་གིས་ཐག་གཅད་ཆོག་ནི་རེད་ཅེས་ལོས་བདེན་འདོད་པའི་སྐད་འགའ་བཤད་ནས་ཕ་མ་གཉིས་ལ་འགན་ཁུར་ཅི་ཡང་མེད་པའི་གཏམ་ཡག་འགའ་རེས་མགོ་བསྐོར་བཏང་། དེ་ནས་ཟླ་གཉིས་དང་ཉིན་འགའ་འགོར་རྗེས་ཁོའི་སློབ་གྲོགས་ཚང་མ་མཐོ་འབྲིང་སློབ་གྲྭ་ལ་བུད་སོང་། ཁོ་རང་སློབ་ཞུགས་བརྡ་སྦྱོར་མེད་པས་སློབ་གྲྭར་འགྲོ་བའི་ལམ་བུ་བྲལ་ལ་ཟླ་གཅིག་ཙམ་ལ་གར་འགྲོ་འདིར་འགྲོ་མེད་པར་རང་ཁྱིམ་ནས་ལྷགཕ་མ་གཉིས་ཀྱིས་རང་གི་བུ་ཆུང་གི་གནས་ཚུལ་མཐའ་དག་སྡེ་དཔོན་གྱི་ཁ་ནས་ཐོས་རྗེས་ཆོས་སྐྱོང་ལ་ཕ་མ་གཉིས་ཀྱིས་ཤེས་ཚོད་ལྟར་ཁ་ཏ་ཞིག་བྱས་ཀྱང་། བུ་ཆོས་སྐྱོང་གིས་གཅིག་མི་བཤད་གཉིས་མི་བཤད་ཁྱོད་ཚོས་ཅི་ཡང་ཤེས་ནི་མ་རེད་། དུས་རབས་འདིར་ཡོད་ཚད་རང་དབང་ཡིན་ནི་རེད། ང་སློབ་གྲྭ་ལ་འགྲོ་མི་འགྲོ་ཡང་རང་དབང་རེད། ཁྱོད་གཉིས་ཀྱིས་ཅི་ཡང་བཤད་མི་དགོས། སློབ་གྲྭར་སོང་ན་ཅི་ཞིག་ཤེས་ནི་རེད། ཐོབ་བྱ་གང་ཞིག་ཡོད་ནི་རེད། གལ་ཏེ་མ་འོངས་པར་ལས་དོན་གང་ཞིག་རག་ན་ཡང་ཚང་མའི་གཡོག་པོ་རེད། ཁྱོད་་གཉིས་ཀྱིས་རང་གི་བུ་མི་གཞན་གྱི་གཡོག་པོར་འཇོག་འདོད་ནི་ཨེ་རེད་ཅེས་རང་གི་རྫུན་གཏམ་གྱི་གནོང་འགྱོད་དང་བཅས་པའི་སེམས་ཀྱི་ཞེ་སྡང་དེ་མ་གནོན་པར་སྐད་གསང་མཐོན་པོས་བཤད། ཕ་མ་གཉིས་ལ་ཡོན་ཏན་དང་རིག་གནས་སློབ་པའི་མཉམ་མྱོང་ཅི་ཡང་མེད་སྟབས་ངོ་མ་བདེན་པའི་སྣང་བ་ཞིག་འགོག་མེད་དུ་ཤར་ནས་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་སྐད་ཆ་ལ་ལན་འདེབས་རྒྱུ་མ་རྙེད་པར། དེས་ན་ད་ཁྱེད་ཀྱིས་ཅི་བྱེད་རྒྱུ་ཡིན་དྲིས་ཚེ་འདང་རྒྱག་ཅི་ཡང་མེད་པར་ང་དགོན་པ་ལ་སོང་ནས་གྲྭ་བ་བྱེད་རྒྱུ་ཡིན། མ་འོངས་པ་སེམས་ཅན་ལ་ཆོས་བཤད་ནས་དགེ་བའི་ལམ་ལ་སྦྱོར་རྒྱུ་ཡིན་ཞེས་ཐོགས་པ་མེད་པར་བཤད། ཨ་མ་ལྷ་སྐྱིད་རང་གི་བུ་ཆོས་སྐྱོང་ལ་ཡིད་ཧ་ཅང་ཆེས་པར་མ་ཟད་སྤྲུལ་སྐུ་འཇིགས་མེད་སེང་གེ་ཡིས་སྔོན་ནས་གསུངས་བའི་གཏམ་དེ་རང་དབང་མེད་པར་ཡིད་ལ་དྲན་བཞིན་བུ་ཆུང་གིས་བཤད་པ་ཇི་བཞིན་བསྒྲུབ་ན་འགྲིག་འདུག་ཅེས་སྐད་ཆ་འཛེམ་བག་མེད་པར་བཤད། ཆོས་སྐྱོང་གི་ཨ་ཕ་བྱ་བ་དེ་ལྟར་བསྒྲུབ་རྒྱུར་དེ་འདྲའི་འཐད་པ་མེད་ཀྱང་། གནས་ལུགས་དང་སྐད་ཆ་བཤད་རྒྱུ་མེད་པར་མ་བུ་གཉིས་ཀྱི་འདོད་ཐོག་ལ་མི་འཇོག་ཐབས་མེད་བྱུང་སོང་། དེ་ནས་ཡང་བུ་ཆུང་གི་འདོད་པ་ལྟར་ཉིན་བཟང་སྐར་བཟང་ཞིག་ལ་ཕ་ཡུལ་དང་ཐག་མི་རིང་བའི་བཀྲ་ཤིས་ལྷ་ལྡན་དགོན་པར་གྲྭ་བ་བྱེད་དུ་མངགས། ཆོས་སྐྱོང་མགོན་པོ་དགོན་པ་ལ་མངགས་རྗེས་སྔར་བསྒྲུབས་ཀྱི་བྱ་བ་ལ་འགྱོད་པ་ཅུང་ཟད་སྐྱེས་ཞོར་ཆོས་ལུགས་ཀྱི་ཆོ་ག་སྦྱོང་བར་ལོ་གཉིས་ཙམ་ལ་འབད་བརྩོན་ལྷོད་མེད་བྱས་མཐར་དགོན་པའི་ནང་གི་འདོན་པ་འདོན་སྟངས་དང་གཏོར་མ་བཟོ་ལུགས། མདོར་ན་གྲྭ་བ་ཞིག་ལ་ཚང་དགོས་པའི་འབུད་རྡུང་དཀྲོལ་གསུམ་སོགས་ཆ་རྐྱེན་མ་འཛོམས་པ་མེད་པ་ཞིག་ཏུ་གྱུར། དགོན་པ་དེའི་དགོན་དཔོན་གང་ལ་རིམ་གྲོ་བསྒྲུབ་ཏུ་འགྲོ་ན་ཁོ་ཏག་ཏག་ཁྲིད་ནས་འགྲོ་བས། ས་དེ་གའི་མི་ཚང་མས་ཁོ་མི་ཤེས་པ་གཅིག་ཀྱང་མི་འདུག་ལ། ཡོན་བདག་ཚང་མ་ཡང་ཆོས་སྐྱོང་མགོན་པོ་ལ་དགའ་ཞེན་ཧ་ཅང་ཆེ།

མི་ལོ་ལྔ་དྲུག་ཙམ་རྨི་ལམ་ཡག་པོ་ཞིག་རྨིས་པ་ལྟར་སྐད་ཅིག་ཉིད་ལ་འདས་སོང་། ཉིན་ཞིག་ལ་དགོན་དཔོན་དང་ཁོ་གཉིས་མཉམ་དུ་ཨ་རིག་སྡེ་བའི་ཁྱིམ་ཚང་ཞིག་ལ་བཀའ་ཆོས་ཀློག་འདོན་བྱེད་དུ་བྱོན་པ་ན་ཁྱིམ་ཚང་དེ་ནི་ཨ་མཆོད་ལ་ཧ་ཅང་བཟང་བར་མ་ཟད་གདན་གང་འཇམ་བཏིང་བ་དང་ཟས་གང་ཞིམ་འདྲེན་པའི་ཁྱིམ་ཚང་ཡ་རབས་ཤིག་ཡིན། ཁྱིམ་ཚང་དེ་ལ་ཁ་ངོ་སྐྱེས་གཟུགས་ཧ་ཅང་ཡག་པའི་བུ་མོ་གཉིས་ཡོད་ལ་བུ་མོ་ཆུང་བ་དེས་ནམ་རྒྱན་དུ་ཁོ་ལ་འཛུམ་མདངས་ཀྱིས་བསུ་བ་དང་མིག་མདའ་བར་མེད་དུ་འཕངས་པས། ཁོ་ཡང་ཅི་ཡིན་འདི་ཡིན་མེད་པར་བུ་མོ་དེའི་འཛུམ་ཞལ་མཐོང་མ་ཐག་ཏུ་སེམས་ལ་སྨྲ་མི་ཤེས་པའི་ཚོར་བ་སྐྱེན་པོ་ཞིག་གིས་མནར་ནས་བུ་མོ་དེ་ལ་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་རུང་སྔོན་ནས་ལོབས་པའི་བརྩེ་བ་ལྷད་མེད་ཅིག་ཡོད་པ་འདྲ་སྟེ། རང་སེམས་འགོག་མེད་དུ་བུ་མོའི་སྟེང་དུ་ཆགས་ནས་བཀའ་ཆོས་འདོན་ཀློག་མི་བྱེད་ཅིང་། དགོན་དཔོན་ལ་ཡང་རམ་འདེགས་ཅི་ཡང་བྱེད་མི་འདོད་པར་སེམས་པའི་ཁ་ཕྱོགས་ཡོངས་སུ་གྱུར་ཏེ་བུ་མོ་མཛེས་མ་དེ་ལ་རྩེད་མཚར་བཤད་ཀྱིན་བཤད་ཀྱིན་དངོས་གནས་ཁོ་གཉིས་ཀྱི་བར་ལ་བརྩེ་འདང་ལྷད་མེད་པ་ཞིག་ཆགས་སོང་། ཆོས་འདོན་ཀློག་གི་ཉི་མ་དག་བྱ་འཕུར་བ་ལྟར་ཚར་རྗེས་ཁྱིམ་ཚང་དེ་ནས་ཕྱིར་ལོག་མི་འདོད་པའི་བསམ་པའི་རྣམ་རྟོག་ཅིག་སྐྱེས་ཞོར་དགོན་དཔོན་དང་མཉམ་དུ་ཕྱིར་དགོན་པར་འབྱོར། ཡིན་ནའང་ཟླ་བ་བཞི་ལྔ་ཞིག་ལྷོད་ཀྱིས་འདས་ནས་རི་གྲོང་གི་དགོན་པ་དེ་སྔར་བཞིན་དབེན་པར་གནས་ཀྱང་ཁོའི་སེམས་སུ་ནམ་ཡང་བརྗེད་རྒྱུ་མེད་པ་ནི་བུ་མོ་དེས། ང་ཚེ་ཐོག་འདིར་ཁྱོད་དང་ལྷན་དུ་འདུག་ཐུབ་ན་དེ་ལས་ཅི་ཡང་དགོས་པ་མེད་ལ། ངས་ཁྱོད་མཐོང་མ་ཐག་ནས་ཁྱོད་ལ་དགའ་སོང་བ་དེ་ཕལ་ཆེར་སྔོན་བསགས་ཀྱི་ལས་དབང་ཡིན་རྒྱུ་རེད། དེ་མིན་ན་འཇིག་རྟེན་འདིར་སྐྱེས་པ་དེ་འདྲ་མང་བོ་ཞིག་ཡོད་ཀྱང་ཁྱོད་མ་གཏོགས་ང་མི་གཞན་པ་ལ་དེ་འདྲ་ཞིག་གཏན་ནས་དགའ་མ་མྱོང་། ཨ་མའི་ཤ་ཞེས་མནའ་ཚིག་དང་བཅས་ཏེ་བཤད། བུ་མོ་དེ་ངོ་ཤེས་པ་ནས་བཟུང་ཁོ་ལ་དགའ་བ་ཡོད་ལ་སྐྱོ་བ་ཡང་ཡོད་ཁར་ཅི་ཞིག་བོར་སོང་བ་ལྟ་བུའི་ཚོར་བ་རབ་རིབ་ཅིག་གིས་མནར་ནས་ཅི་ཡིན་འདི་ཡིན་མེད་པར། ཉིན་མཚན་དུས་དྲུག་ཏུ་དྲན་ཡོང་བ་ནི་བུ་མོ་དེའི་འཛུམ་པའི་ཞལ་རས་དང་ལྷོད་འཇམ་གྱི་དབྱངས་འགྲོས་དང་བཅས་པའི་སྙིང་གཏམ་ཐ་ཐོར་དེ་ཡིན་པར་མ་ཟད། མཚན་མོའི་རྨི་ལམ་དུ་ཡང་ཁོ་མོ་དང་འགྲོགས་ཏེ་སྤྲོ་བསང་ལ་འགྲོ་བ་དང་ཕན་ཚུན་ལ་རི་གླུ་འཐེན་རེས་བྱེད་པ། རྩྭ་ཐང་ནས་མེ་ཏོག་གི་མགུན་རྒྱན་སྣ་ཚོགས་བཟོས་ནས་ལག་སྐྱེས་སུ་སྟེར་བའི་སྣང་བ་རྫུན་མ་དེ་དག་རེད། རང་སེམས་འཛིན་མེད་དུ་བསམ་བློ་ཡང་དག་ཅིག་སྐྱེས་ཡོང་བ་ནི་བུ་མོ་གཞོན་ནུ་མ་དེ་དང་མཉམ་དུ་མཛེས་པའི་འཁོར་བ་དང་། སྐྱིད་པའི་འཇིག་རྟེན་སྐྱོང་བའི་བསམ་བློ་བཅོས་མིན་ཞིག་ངང་ངམ་ཤུགས་ཀྱིས་རང་སེམས་ལ་སྐྱེས་ནས། སྔོན་ཆད་ཕ་མ་ལ་བཤད་པའི་སྐད་ཆ་དང་རང་སེམས་ལ་བཞག་པའི་དམ་བཅའ་དེ་ནམ་མཁའི་འཇའ་ཡལ་བ་ལྟར་མེད་པར་གྱུར་པས་དགོན་པ་ནས་ཕྱིར་རང་ཁྱིམ་དུ་མི་ལོག་ཀ་མེད་བྱུང་སོང་། དངུལ་དཀར་གྱི་རང་མདངས་དང་ལྡན་པའི་ཁ་བ་དཀར་བོ་ཞིག་གིས་སྟག་ལུང་གྲོང་བའི་ཁོར་ཡུག་ཡོངས་སུ་གཡོགས་ནས་ཡོད་ཚད་ལྷིང་འཇགས་སུ་གནས་པའི་ཉིན་དེར་ཨ་མ་ལྷ་སྐྱིད་ཀྱིས་ལྭ་བ་ཅུང་མཐུག་པོ་ཞིག་གྱོན་ནས་སྒོ་འགྲམ་གྱི་ཁ་བ་ཕར་ལ་འདེད་སྐབས་རང་གི་བུ་ཆུང་ཆོས་སྐྱོང་མགོན་པོས་སྐྱ་ལྭ་སྤུས་གཙང་ཞིག་གྱོན་ནས་རྒྱ་སྒོའི་ལྕགས་ལུང་སིལ་སྒྲ་དང་བཅས་ཡར་ནང་ལ་འཛུལ་ནས་ཁྱིམ་དུ་སླེབས་བྱུང་། ཨ་མ་ལྷ་སྐྱིད་རང་གི་མིག་ལ་ཡང་ཡིད་མ་ཆེས་པར་ཡུད་ཙམ་ཞིག་ལ་ཧད་ནས་བསྡད། བུ་རང་གི་ཉེ་འགྲམ་དུ་བཅར་བ་ན་ཡིད་ལ་བཀྲ་མི་ཤིས་པའི་ཚོར་སྣང་ཞིག་གིས་ཤུགས་ཀྱིས་བརྡུང་ཡང་ཁ་ནས་ཨ་མའི་ཆོས་བྷོ་ཁ་བའི་ནང་ལ་ཨེ་འཁྱག་ཐལ་ཞེས་ཟེར་ཞོར་ངག་འཇམ་གྱིས་ཁམས་བདེ་དྲིས། བུ་ཆུང་གིས་ཁ་གཅིག་ཀྱང་མི་གྲག་པར་ཁྱིམ་དུ་སོང་ནས་གནོང་སེམས་དང་བློ་འགྱོད་ཅི་ཡང་མེད་པར་ཐབ་རྩ་ནས་ཁ་ལག་བསྲོས་ནས་བསྡད། དུས་དེར་ཕ་རྒན་ཉལ་ས་དྲོན་མོའི་ནང་ནས་ཡར་ལངས་ཞོར་དུ་ཆུང་མ་ལྷ་སྐྱིད་ལ་འུ་ཚང་ལ་སུ་ཐོན་ཐལ་ཞེས་དྲིས། ཚེ་ལྷ་སྐྱིད་ཀྱིས་ཞི་ལུ་ཁྱིམ་ལ་ཐོན་ཐལ་ཞེས་སྐད་ལན་བྱིན་པ་ན་ཁོས་གསལ་ལ་མི་གསལ་བའི་སྐད་ཆ་འགའ་བཤད་ཞོར་ཉལ་ས་ལས་ལངས་ཏེ་བུ་ཡི་གམ་དུ་ཕྱིན་ནས་ཅུང་ཙམ་མི་དགའ་བའི་རྣམ་འགྱུར་སྟོན་བཞིན་ད་རེས་ཁྱོད་ལ་སུ་ཞིག་གིས་རང་དབང་མ་ཕྱིན་ནི་རེད་ཅེས་སྡུག་དམོད་བྱེད་མགོ་བརྩམས། ཨ་མ་ལྷ་སྐྱིད་ཀྱིས་ད་ཆོག་གི། བྱ་བ་བསྒྲུབ་ཚར་རྗེས་ལེ་བདའ་དང་འཁང་ར་བྱས་ན་འཕྱི་སོང་ནི་རེད། ཡང་གཅིག་བཤད་ན་རང་གི་བུ་ཆུང་འདི་དང་པོ་མ་སྐྱེས་པའི་སྡུག་བསྔལ་མི་དྲན་ནམ། གཙོ་བོ་ཁོ་ལ་ནད་དང་སྡུག་སྣ་ཚོགས་ཀྱིས་མ་མནར་བར་བདེ་མོ་གནས་ན་ད་དེ་གཙོ་བོ་ཡིན་ནི་རེད་ཅེས་བཤད། ཁོ་ཕ་བུ་གཉིས་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་རྒྱུ་མེད་པར་དལ་ཅག་གེར་བསྡད། དེ་ནས་ཆོས་སྐྱོང་གི་ཕ་མ་གཉིས་ཡིད་ཆད་དང་སྐྱོ་གདུང་གིས་མནར་ནས་ཉིན་བཅུ་ཕྲག་ཙམ་འདས་རྗེས་འཁང་སེམས་དང་བློ་འགྱོད་ཀྱིས་བསམ་པའི་རྔམ་ཁ་ཅུང་ཙམ་ཇེ་སྲབ་ཏུ་གྱུར་ནས། བསམ་པའི་བློ་ཁ་ཕྱོགས་གཅིག་ཏུ་བསྡུས་ནས་གྲོས་ཀ་བྱས་པ་ནི་བུ་ཆུང་ཆོས་སྐྱོང་མགོན་པོ་ལ་སྤྲོ་སྐྱིད་ལྡན་པའི་ཁྱིམ་གཞི་གསར་བ་ཞིག་བསྐྲུན་རྒྱུ་དང་། ཕ་མ་གཉིས་མ་ཤི་བར་དུ་རང་ནུས་ཅི་ལྕོགས་ཀྱིས་བུ་ལ་སྲི་ཞུ་བསྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དེ་རེད། འོན་ཀྱང་དེ་ལས་ལྡོག་པའི་བྱ་བ་ཞིག་ཡོད་པ་ནི་སྟག་ལུང་གྲོང་རྡལ་གྱི་ཕོ་མོ་རྒན་གཞོན་ཚང་མས་དུས་རྒྱུན་ལབ་གླེང་བྱེད་ཡུལ་ནི་གྲྭ་ལོག་ཆོས་སྐྱོང་མགོན་པོའི་ཆུང་དུས་ཀྱི་སྐྱུག་བྲོ་བའི་མཛད་མེད་ཀྱི་ལོ་རྒྱུས་རིང་མོ་དེ་ཡིན་ལ། མཐར་ན་བྱིས་པ་ལོ་བརྒྱད་ཙམ་ཡིན་ཡང་གྲྭ་ལོག་ཆོས་སྐྱོང་གི་ལས་བྱེད་མི་རུང་ཞེས་ངན་དཔེ་རུ་འདྲེན་བཞིན་ཡོད་སྟབས། ཆོས་སྐྱོང་མགོན་པོས་མི་ཁ་དེ་ལ་གཡོལ་གབ་བྱེད་པའི་ཆེད་དུ་དགོན་པ་ན་ཡོད་པའི་སྐབས་སུ་ངོ་ཤེས་པའི་བུ་མོ་དེ་དང་ལྐོག་ནས་གྲོས་བྱས་ཏེ་ས་ཆ་ཐག་རིང་ཞིག་ལ་འགྲོ་རྒྱུའི་དམ་བཅས་ནས་ལྷིང་འཇགས་ཀྱི་མཚན་མོ་ཞིག་ལ་མི་ཁྱི་གཉིས་ཀྱིས་མི་གོ་བར་བྱས་ཏེ་སྟོད་ཉི་མ་ལྷ་སར་ཆས། ལམ་བར་དུ་དཀའ་ཁག་དང་སྡུག་བསྔལ་མང་བོ་ཞིག་མྱོང་མཐར་ལྷ་སར་འབྱོར་ནས་གཞི་སྡོད་བྱེད་སའི་ཁང་བ་དང་ཟ་སྣ་སྒྲིག་པའི་འཆར་གཞི་འཐེན་ཡང་རང་ཁྱིམ་ནས་ཁུར་ཡོང་བའི་སྒོར་མོ་ཚང་མ་ཚར་ནས་སྒོར་ཉིས་བརྒྱ་ལྷག་ཙམ་མ་གཏོགས་ལྷག་མེད་པས། ཅི་བྱ་གཏོལ་མེད་དུ་གྱུར་ནས་དགའ་རོགས་ཀྱི་སྐེ་ལ་བཏགས་པའི་བྱུ་རུ་རྩ་ཆེན་དང་གསེར་གྱི་རྣ་ལུང་ཆ་མ་དངུལ་གྱི་གེའུ་རྡུང་མ་དག་རེ་རེ་བཞིན་གནས་སྐབས་འདུག་ཐབས་སུ་རིན་གོང་སླ་མོ་བྱས་ནས་མི་བཙོངས་ཐབས་མེད་དུ་གྱུར་སོང་། ཡིན་ནའང་ཁོ་གཉིས་ཕྱི་རོལ་གྱི་སྤྱི་ཚོགས་ལ་ཆ་རྒྱུས་ཡེ་ནས་མེད་ཅིང་ལག་དངུལ་དག་ཚར་རག་བར་དུ་ལས་ཀ་དང་ཡོང་སྒོ་གཅིག་ཀྱང་མ་བཙལ་བར་བདེ་མོ་སྐྱིད་པོའི་ངང་འཚོ་བར་རོལ་ནས་ཡུན་རིང་མ་འགོར་བར་སྒོར་མོ་ཡོངས་རྫོགས་ཟད་ནས་མཚན་ལ་ཉལ་ས་དང་ཉིན་དཀར་ཟས་ཟ་རྒྱུ་མ་རག་པར་ཁྱི་སྡོམ་གྲོང་ལ་ཉུལ་བ་དང་འདྲ་བར་འཚོ་བ་སྡུག་པོ་ལག་པས་བླངས་ཏེ་ཐོད་ལ་མི་གླན་རང་དབང་མེད་པར་གྱུར། མཚན་མོ་ལ་ལྷ་སའི་བར་སྐོར་དང་ཉིན་མོ་ལ་ལྷ་སའི་ཇོ་བོའི་མདུན་ནས་སྒོར་མོ་འགའ་རེ་རྐུ་རྒྱུ་ཨེ་རྙེད་བྱེད་པའི་ལས་ལ་འབད་ནས་ཉི་མ་བཅོ་ལྔ་ཙམ་འགོར་བའི་མུན་ནག་གི་མཚན་མོ་ཞིག་ལ་གནམ་ནས་ཁ་བ་ལྷབ་ལྷུབ་བབས་ནས་ས་ཐམས་ཅད་ཁ་བས་གཡོགས་ལ་བརྩེ་དུང་གི་མཛའ་བརྩེའི་ཕྱི་ཐག་རིང་བའི་ཕོ་མོ་ཆ་དེ་གཉིས་པོ་ཏ་ལའི་ཐང་ཆེན་ནས་ཅི་ཞིག་ལ་སྒུག་འདུག་པ་ལྟར་ཡུན་རིང་ཞིག་ལ་གནས་དེ་ནས་མི་འདུག་ཐབས་མེད་དུ་གྱུར། མཚན་མོའི་ཆུ་ཚོད་བཅུ་གཅིག་ཡས་མས་སུ་གནས་དེའི་མི་ཐམས་ཅད་རང་རང་གི་ཁྱིམ་དུ་རྨི་ལམ་གྱི་ཞིང་ཁམས་འགྲིམས་ནས་ཡོད་ཚད་འཇམ་ཅག་གེར་འདུགཁོ་གཉིས་སྲང་ལམ་ཞིག་དེད་ནས་སོང་སོང་མཐར་ཟམ་པ་ཞིག་གི་འོག་ཏུ་གནས་མལ་བཅོལ་ནས་ཕན་ཚུན་ལ་ཕར་ཁེན་ཚུར་ཁེན་བྱས་ནས་ཡུད་ཙམ་ལ་བསྡད་རྗེས་ཆོང་སྐྱོང་གི་དགའ་མ་ཧ་ཅང་ཐང་ཆད་ཡོད་པས་མགོ་བོ་ཆོས་སྐྱོང་གི་པང་ལ་བཞག་ནས་གཉིད་སོང་། ཆོས་སྐྱོང་ནི་ཆུང་དུས་ནས་སྡུག་ཅུང་ཙམ་ཡང་མཐོང་མ་མྱོང་བར་བདེ་སྐྱིད་ངང་འཚར་ལོངས་བྱུང་སྟབས་གཉིད་གཏན་ནས་མ་ཁུག་པར་བསམ་གཞིགས་ཀྱི་ཀློང་ལ་མགོ་བོ་འཁོར། སྐྱེས་ནས་ད་ལ་ཐུག་གི་བར་དུ་ཇི་ལྟར་ཡོང་བར་མནོ་བསམ་བཏང་མཐར་ཆེས་འགྱོད་སེམས་སྐྱེ་ས་དང་འཁང་ར་བྱེད་ས་ནི། ཆུང་དུས་ནས་སློབ་གསོ་མི་བྱེད་པའི་ཕ་མ་གཉིས་དང་སློབ་གྲྭ་ནས་གཅེས་ལངས་བཏང་བའི་དགེ་རྒན་དག་གི་སྙིང་རྗེ་ཡི་བྱ་སྤྱོད་རྫིག་པོ་དེ་ཡིན་པ་གཞི་ནས་རྟོགས་ཏེ། འདུག་ན་འདུག་མི་བཟོད་པ་དང་སོང་ན་འགྲོ་མི་བཟོད་པ་ལྟ་བུའི་སྙིང་རླུང་སྟོད་ལ་འཚང་ཞོར་ཟམ་པ་དེའི་འོག་ནས་གྲང་རེག་གི་མཚན་མོ་དེ་མི་སྐྱེལ་ཐབས་མེད་དུ་གྱུར་ལ། ཕ་མ་དང་དགེ་རྒན་དགོན་དཔོན་སོགས་ཀྱིས་གཅེས་ལངས་ལ་བཏང་བའི་མི་བུ་ཆོས་སྐྱོང་མགོན་པོའི་མི་ཚེ་དེ་ལྟར་སྡུག་བསྔལ་དང་ལེ་བདའ་ཡིས་ཁེངས་ནས་ཟད་པར་གྱུར་ཏོ། ། ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1