ཁྱེད་ལ་ཁྲེལ་མེད་གནང་མི་སྲིད་པ་ནི་དཔེ་ཀློག་ཁོ་ན་ཡིན།

གཙང་ཞོགས་སྤྲིན། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


འཇིག་རྟེན་གཏམ་གྱི་ཁ་དཔེ་ལ། གྲོགས་པོ་བརྒྱ་ཡོད་ན་ཉུང་བ་དང་དགྲ་བོ་གཅིག་ཡོད་ན་མང་བ་ཡིན་ཞེས་ཤོད་སྲོལ་ཡོད་པ་བཞིན། མ་གཞི། འཇིག་རྟེན་པར་གྲོགས་པོ་ཅི་ཙམ་མང་ན་དེ་ཙམ་བཟང་བ་དང་དགྲ་བོ་ཅི་ཙམ་ཉུང་ན་དེ་ཙམ་བཟང་བ་ཡིན། འོན་ཀྱང་། འཇིག་རྟེན་འདིར་སྔོན་ནས་ད་བར་དུ་གཏན་ནས་བསླུ་སེམས་མེད་པའི་གྲོགས་པོ་ཞིག་རྩ་བ་ནས་མེད་དེ། ཕན་ཚུན་གྱི་མཛའ་བརྩེ་ཅི་ཙམ་ཟབ་ཀྱང་སྐབས་སྐབས་སུ་རང་གི་ཁེ་ཕན་དང་གནས་སྐབས་ཀྱི་བདེ་བའི་ཆེད་དུ། རང་གི་ཆེས་བཟང་བའི་གྲོགས་པོ་ལའང་མགོ་སྐོར་གཏོང་བ་དང་བསླུ་བྲིད་བྱེད་པའི་གཏམ་རྒྱུད་ཡོད། དེ་ནི་མི་སྒེར་བ་གཅིག་གཉིས་ཤིག་གི་སྐྱོན་མ་ཡིན་པར་འཇིག་རྟེན་འཁོར་བའི་ཡུལ་ན་ཉོན་མོངས་པས་ཡོངས་སུ་དཀྲིས་པའི་སེམས་ཅན་ཐམས་ཅད་ལ་ཁྱབ་མཉམ་དུ་གནས་པའི་མ་རིག་པའམ་རྨོངས་པ་ཞིག་ཅི་ལ་མིན། མ་རིག་པའི་རྨོངས་པ་དེའི་དབང་གིས། འཇིག་རྟེན་པ་མང་པོ་ཞིག་གིས་རང་གི་གྲོགས་པོ་ལྟ་ཞོགཐ་ན་ཕ་མ་དང་བུ་ཕྲུགཡང་ན་ཆུང་མ་དང་ཁྱོ་ག་སོགས་ལ་མགོ་སྐོར་གཏོང་བ་དང་ཁྲེལ་མེད་བྱེད་པའི་ལོ་རྒྱུས་མང་ལ། དེ་ལས་ཀྱང་སྐྱུགས་བྲོ་བ་ནི་དགོས་པ་ཡོད་ཚེ་ཕ་མ་དང་བུ་ཕྲུག་སོགས་གསོད་པའི་སྣང་ཚུལ་ཡང་བྱུང་མ་མྱོང་བ་གཏན་ནས་མིན། དེ་བས། ཁྱེད་རང་ཆེས་བརྩེ་བ་ལྡན་པའི་གྲོགས་པོ་ཡིན་ཡང་། སྐབས་སྐབས་སུ་ཁྱེད་ལ་ཁྲེལ་མེད་བྱེད་མི་སྲིད་པ་ནི་ག་ལ་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ནས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས་ཀྱང་། གྲོང་དང་དགོན་པ་རི་ཁྲོད་ལ་སོགས་པ། །གང་དུ་སྡོད་ཀྱང་སྒོས་མཛའ་མི་འཚོལ་ཞིང་། །སུ་དང་འགྲོགས་ཀྱང་མི་མཛའ་མི་འཁོན་པར། །རང་ཚུགས་འཛིན་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་ང་ཚོ་ལ་རིན་ཆེན་གསེར་གྱིས་མི་ཁུག་པའི་གདམས་ངག་ཅིག་བསྩལ་ཡོད་པ་མ་ཡིན་ནམ།

འོ་ན། ང་ཚོ་ལ་སུ་ཞིག་གིས་བསླུ་བྲིད་གནང་མི་སྲིད། ཡང་ན་ཅི་ཞིག་གིས་ང་ཚོ་ལ་ཁྲེལ་མེད་གནང་མི་སྲིད། དྲི་བ་འདི་ནི་ང་ཚོས་ཅིས་ཀྱང་བསམ་གཞིག་ནན་ཏན་བྱེད་དགོས་སའི་གནད་དོན་ཞིག་ཏུ་ཆགས་འདུག དྲི་བ་འདི་སངས་རྒྱས་ཆོས་ལུགས་ཁས་ལེན་པའི་བླ་མ་ཞིག་གམ་ཡང་ན་དེའི་དད་འབངས་སུ་གཏོགས་པའི་དད་ལྡན་སུ་ཞིག་ལ་དྲིས་ཀྱང་། བསླུ་བ་མེད་པ་ནི་དཀོན་མཆོག་རྣམ་གསུམ་ཡིན་ནོ་ཞེས་ཁ་ཚོན་གཅད་སྲིད་པ་དང་། དེ་ཡང་དོགས་པ་དང་ཐེ་ཚོམ་ཅི་ཡང་མེད་པའི་སྒོ་ནས་སྤོབས་པ་གཟེངས་སུ་བཏེགས་ཏེ་བཤད་སྲིད། དེ་རིང་ཁ་སང་གི“རྟོག་གེ་བ”འགའ་ཞིག་གིས་དེ་ནི་རྨོངས་དག་ཅིག་གམ་མ་རྟོག་མ་དཔྱོད་པའི་སྐད་ཆ་ཞིག་ཏུ་འདོད་པའམ་བཤད་སྲིད་ལ། ཁོ་ཚོ་ལའང་རང་ཉིད་ཀྱི་རྒྱུ་མཚན་དང་གནས་ལུགས་རི་རབ་ཙམ་རེ་བཤད་རྒྱུ་ཡོད་ངེས་ལ། རྒྱུ་མཚན་དང་གནས་ལུགས་དེའང་བརྟག་དཔྱད་དང་ཞིབ་འཇུག་ལས་བྱུང་བར་ཁས་འཆེས་པ་རེད། འོན་ཀྱང་། རང་ཉིད་ལ་མཚོན་ན་སྔར་བཞིན་སྔ་མ་དེའི་རྗེས་སུ་འབྲངས་ཏེ་འཇིག་རྟེན་དུ་མི་བསླུ་བ་ཞིག་ཡོད་པ་ནི་དཀོན་མཆོག་རྣམ་གསུམ་ཡིན་ཞེས་ཁས་ལེན་བྱེད་འདོད། དེ་ཡང་དད་པ་དང་བཤད་སྒྲོས་ཁོ་ན་ཙམ་གྱི་རྗེས་སུ་འབྲངས་བ་མ་ཡིན་པར། རང་གི་རིག་པའི་རྩལ་གྱིས་འདང་ཚོད་ཀྱིས་ཞིབ་འཇུག་དང་བརྟག་དཔྱད་ཡུན་རིང་བྱས་པ་ལས་བྱུང་བར་འདོད།

གལ་ཏེ། མི་ཞིག་གིས་ང་ལ་འཇིག་རྟེན་ན་དཀོན་མཆོག་རྣམ་གསུམ་ལས་གཞན་པའི་མི་བསླུ་བའམ་ཁྲེལ་མེད་མི་གནང་མཁན་ཞིག་ཡོད་ན་ཁྱོད་ཀྱིས་ཅི་ཞིག་འཇོག་སྲིད་ཅེས་དྲི་བ་ཞིག་བཏོན་ན། ངས་འདི་ལྟར་ལག་འདེབས་སྲིད་དེ། གལ་ཏེ་འཇིག་རྟེན་དུ་དཀོན་མཆོག་རྣམ་གསུམ་ལས་གཞན་པའི་མི་བསླུ་བའམ་ཁྲེལ་མེད་མི་གནང་མཁན་ཞིག་ཡོད་ན། དེ་ནི་ཁྱེད་ཀྱི་ཆེས་བཟང་བའི་གྲོགས་པོ་དེ་མ་ཡིན་པར་རང་ཉིད་ཀྱི་དགའ་ཕྱོགས་ལྟར་དཔེ་ཀློག་བྱེད་པ་ཁོ་ན་ཡིན་སྲིད་ཅེས་ལན་འདེབས་ངེས། རྒྱུ་མཚན་ཅི་ཡིན་ནམ་ཞེ་ན། དཔེ་ཆ་ཀློག་པ་ནི་མ་གཞི་ནས་རང་ཉིད་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་ཉག་གཅིག་ཡིན་པས། འདིས་ཁྱོད་ཀྱི་གཟུགས་བཟང་ངན་དང་ཐོབ་མཐོ་དམན། རྒྱུ་ཡོད་མེད་ལ་མི་བལྟ་བར། ཁྱེད་ཀྱིས་ཕར་ལ་ཅི་ཙམ་བློ་གཏད་བྱས་ན་དེས་ཁྱེད་ལ་དེ་མཚུངས་ཀྱི་རིག་གནས་ཤེས་བྱ་སྩོལ་ཡོང་ལ། ཁྱེད་ཀྱིས་ཕར་ལ་ཅི་ཙམ་བརྩེ་བ་བཅངས་ན་དེས་ཁྱེད་ལ་དེ་ཙམ་གྱི་དྲོད་ཁོལ་དང་བྱམས་བརྩེ་གནང་སྲིད། ཁྱེད་ཀྱིས་ཅི་ཞིག་ཤེས་པར་འདོད་པའམ་གང་ཞིག་སྦྱོང་བར་འདོད་ན། དེའི་སྐོར་གྱི་དཔེ་ཆ་ཀློག་འདོན་དང་སློབ་སྦྱོང་བྱས་ཏེ་འབད་བརྩོན་དང་རྒྱུན་སྐྱོང་གི་ལས་ལ་རོལ་ན། དེས་ཁྱོད་ལ་མཚུངས་ལྡན་གྱི་གྲུབ་འབྲས་སམ་རིག་གནས་ཤེས་བྱ་གང་དེ་སྩོལ་ཡོང་ཁོ་ཐག་ཡིན་པས། དེས་ནམ་ཡང་ཁྱོད་ལ་ཁྲེལ་མེད་གནང་མི་སྲིད་ལ། དེས་ནམ་ཡང་ཁྱོད་ལ་བསླུ་བྲིད་གཏོང་མི་སྲིད། དྲང་མོར་བཤད་ན། དེ་ནི་མིག་མཐོང་ལག་ཟིན་གྱི་རྒྱུ་འབྲས་རྣམ་བཞག་ཅིག་ཀྱང་ཅི་ལ་མིན་ཏེ། ཁྱེད་ཀྱིས་རྒྱུ་ཅི་ཙམ་བསགས་ཡོད་ན་དེ་ཙམ་གྱི་འབྲས་བུ་སྨིན་ཡོང་བ་ནི་བཟློག་ཏུ་མེད་པའི་འཇིག་རྟེན་ཆོས་ཉིད་ཅིག་ཡིན་ནོ། །ད་ལྟ་ཀུན་གྱིས་ཁས་ལེན་པའི་མཁས་པ་རྣམས་ཀྱང་དཔེ་ཀློག་དང་སློབ་སྦྱོང་ཁོ་ནར་བརྟེན་ནས་གྲགས་པ་ཡིན་ཏེ།ཨ་མའི་མངལ་ནས་མར་བཙས་མ་ཐག་ཏུ་མཁས་པར་གྱུར་སོང་བ་ནི་ཤིན་ཏུ་དཀོན། གལ་ཏེ་ཁར་ཁེར་རེ་ཡོད་པའི་དབང་དུ་བཏང་ནའང་དེ་ནི་ཉིན་མོའི་སྐར་མ་ཙམ་ལས་མ་འདས། དེ་བས། དཔེ་ཀློག་ནི་ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་གྲོགས་པོ་བློས་ཐུབ་དེ་ཡིན་ལ། ཁྱེད་ལ་ཁྲེལ་མེད་གནང་མི་སྲིད་པའི་གྲོགས་པོ་གཅིག་པུའང་ཡིན་ནོ། །

འོན་ཀྱང་། དེ་རིང་ཁ་སང་གི་ན་གཞོན་ཚོའི་གྲས་ན་དཔེ་ཀློག་བྱེད་མཁན་ནི་ཤིན་ཏུ་ཉུང་བས། ནམ་རྒྱུན་འཇིག་རྟེན་གྱི་གྲོགས་པོ་ཁོ་ན་བཙལ་ཏེ་དགའ་སྐྱོ་ཆགས་སྡང་གི་ལས་ལ་གཞོལ་གྱིན་རང་ཉིད་རང་གིས་དམའ་འབེབས་དང་མཐོང་ཆུང་བྱས་ཏེ། མཐར་འཇིག་རྟེན་དུ་འཚོ་བར་དོན་སྙིང་མེད་པ་དང་མི་ཚེ་སྟོང་ཟད་དུ་གཏོང་བ་ལྟ་བུ་ཞིག་གི་གནས་སུ་འགྱུར་བཞིན་ཡོད། དེ་ནི་ད་ལྟའི་སྤྱི་ཚོགས་སུ་མིག་མཐོང་ལག་ཟིན་དུ་གྱུར་བའི་དོན་དག་ཅིག་སྟེ། རང་རང་གི་ཉེ་འགྲམ་གྱི་མི་རྣམས་ལ་གཞིག་ནའང་བགྲང་གིས་མི་ལང་བ་ཞིག་ཡོད་སྲིད། དང་ཐོག་སློབ་གྲྭ་ན་ཡོད་དུས་སམ་སློབ་གྲྭ་ལས་མཐར་ཕྱིན་ཁར་ཀུན་གྱིས་མཐེ་བོང་སྒྲེང་སའི་ཤེས་ཡོན་པའམ་དཔེ་ཀློག་ལ་དགའ་མཁན་ཞིག་ཡིན་ནའང་། སྤྱི་ཚོགས་སུ་གོམ་པ་སྤོས་རྗེས་ཁོར་ཡུག་གིས་བསྒྱུར་བའམ་རང་ཚུགས་མ་ཟིན་པའི་དབང་གིས། ནམ་ཞིག་འཁྱམ་ཉུལ་ཁོ་ནའི་དབང་དུ་སོང་ནས་རང་རྒྱུད་ཀྱི་ཤེས་རིག་ཐམས་ཅད་ཀྱང་རྩ་བརླག་ཏུ་གཏོང་གིན་ཡོད་པ་རེད། དེ་ནི་དངོས་འབྲེལ་སྐྱོ་འོས་པའམ་ཡིད་ཕངས་པའི་དོན་དག་ཅིག་ཡིན་ཏེ། མ་གཞི་རང་ཉིད་ཀྱི་ཤེས་རིག་དང་ལྷག་བསམ་ལ་བརྟེན་ནས་གཞན་ཕན་གྱི་བྱ་བ་སྒྲུབ་ཐུབ་པའི་མི་སྣ་ཞིགའདི་ལྟར་རང་ཉིད་རང་གིས་བརླག་སྟེ་གཞན་པ་ལྟ་ཅི། ཐ་ན་རང་གི་མདུན་ལམ་ཙམ་ཡང་མི་རྙེད་པའི་ཚད་དུ་ལྷུང་སོང་ན། དེ་ནི་རང་ཉིད་ཙམ་མ་ཡིན་པར་སྤྱི་ཚོགས་དང་དུས་རབས་འདིའི་ཕམ་ཁ་ཞིག་ཅི་ལ་མིན།

ཡིད་ཕངས་པའི་གནས་སྟངས་འདིའམ་སྐྱོ་འོས་པའི་ཉམས་རྒུད་འདི་ལ། མཁན་པའི་དབང་པོ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་འདི་ལྟར་གསུངས་མྱོང་སྟེ། རང་གཤིས་བདུད་རྩིའི་རྫིང་བུ་ནི། །སྣོན་མེད་ངང་གིས་འགྲུབ་པ་ལ། །བླུན་པོས་ཅི་མི་སེམས་ན་ཡང་། །བློ་ལྡན་བློ་ནི་འཇིགས་པའི་གནས། །ཞེས་པའོ། །གསུང་ཚིག་འདི་ནི་དངོས་འབྲེལ་ད་ལྟའི་སྤྱི་ཚོགས་ཁྲོད་ཉམས་རྒུད་དུ་འགྱུར་བཞིན་པའི་ན་གཞོན་ཚོའི་གནས་སྟངས་ལ་སྐྱོན་བརྗོད་ཐེངས་གཅིག་ཡིན་ཏེ། འདི་ལས་ང་ཚོས་རང་སྐྱོན་རང་གིས་ངོས་ཟིན་པ་བྱས་ནས་རང་ཉིད་མཐོར་འདེགས་སུ་གཏོང་དགོས་སྙམ། དེ་ཡང་ལོས་ཡིན་ཏེ། རང་ཉིད་མཐོར་འདེངས་སུ་གཏོང་བ་ནི་ལུས་ཕུང་གི་མཐོ་ཚད་མཐོར་འདེངས་སུ་གཏོང་བ་ཙམ་མ་ཡིན་པར། རང་རྒྱུད་ཀྱི་ཤེས་རིག་དང་ཡོན་ཏན་མཐོར་འདེགས་སུ་གཏོང་བ་དེ་ཡིན། ཤེས་རིག་དང་ཡོན་ཏན་མཐོར་འདེགས་སུ་གཏོང་དགོས་ན། དཔེ་ཀློག་དང་སློབ་སྦྱོང་ལ་འཇུག་པ་ལས་གཞན་གང་གིས་ཀྱང་ནུས་པ་མི་ཐོན་པས། དཔེ་ཀློག་དང་སློབ་སྦྱོང་ལ་ཅི་ཙམ་བརྩོན་པ་བྱས་ན་ཁྱོད་རང་དེ་ལྟར་དུ་ཤེས་རིག་དང་ཡོན་ཏན་ཅན་དུ་འགྱུར་སྲིད། ཤེས་རིག་དང་ཡོན་ཏན་ཇི་ལྟར་མཐོ་ན་གཞན་གྱི་མཐོང་ལམ་གྱི་ཁྱེད་ཀྱང་དེ་ཙམ་གྱི་མཐོན་པོར་གནས་ཐུབ། དེ་བས། མཐར་གཏུགས་ན། དཔེ་ཀློག་ཁོ་ནས་ཁྱེད་ལ་ཁྲེལ་མེད་གནང་མི་སྲིད་པས། ཁྱེད་རང་ནམ་ཡང་དཔེ་ཀློག་དང་ཁ་མི་འབྲལ་བ་གནང་རོགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1