ཕྱག་ལ་། (སྙན་ཚོམ།) ཕྱག་ལ་། (སྙན་ཚོམ།)

ས་དམར་གྲགས་པ། (ལྷ་ས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


ལྷོ་སྒོ།

ངས་རྡོ་བའི་ས་བོན་ཞིག་རང་གི་ནང་ཁོག་ཏུ་བཏབ།

རུས་པ་རྡོ་རུ་འགྱུར་བར་བསྔོ་སྨོན་བྱས།

ར་མ་སྒང་གྲུ་ཁ་ནས་མིག་གིས་མ་ཟིན་པའི་འཇའ་ཡི་ལག་པ་ཞིག་བཙལ།

སྤྲིན་པ་རླུང་དང་འཕྲད་པར་ཡུན་རིང་བསྒུག

གསེར་གྱི་བྱེ་མ་དག་ལས་ཡི་གེ་འཁྲུངས་པར་ལོ་ཚིགས་བྲིས།

ས་ཁྲའི་ངོས་ནས་ཁྲུང་ཞུ་མ་ཞིག་དྲན།

ངས་མཆོད་ཁང་ནང་དུ་པེ་ཁཱ་སོ་ཡི་རི་མོ་བཤམས།

ལྷ་སར་ཆར་པ་འབབ་པར་རེ་ལྟོས་བྱས།

ཁྲུང་ཁྲུང་གཉིས་མཉམ་དུ་རྒྱང་ལ་འཕུར།

གྲིབ་མ་གསུམ་ས་ལ་དཔར།

ལྷ་ས་ནི་སྙན་ངག་ཅིག་གོ།

མི་ཡི་དཀྱིལ་འཁོར་ཞིག་གོ།

འཕྱོངས་རྒྱས།

བསང་རྡུལ་གྱི་ཁྲབ་རྨོག་གྱོན་པའི་ནམ་མཁའ་རུ།

སོག་སྐད་ལས་རྒྱ་ཡན་དུ་ཤོར་བའི་གཞས་གདངས་ཤིག་འཁོར་འདུག

རུས་མཛོད་ཀྱི་མིང་ཚིག་འགྲེལ་བྱེད་ཀྱི་སྒྲོག་གུ་དཀར་པོ་ཞིག

ལུས་ཀྱི་ཁང་སྟོང་ཉུལ་བའི་གྲིབ་མ་ཞིག་ཏུ་གྱུར།

དངུལ་དཀར་གའུ་དེ་དྲན་བྱུང་ངམ། དོ་བདག་ཆང་མ་དེ་དྲན་བྱུང་ངམ།

ཁྲུང་རྐྱན་ནང་གི་ལོ་ཚིགས་ལ་ཤོད་རྒྱུའི་སྐད་ཆ་དེ་དག

མཆོད་པ་འབུལ་བའི་ཚུལ་གྱིས།

ལྷ་སྐུ་ཞིག་ལ་བཅོལ་ཟིན།

རྡོ་བ་དཀར་ནག་གི་ཚོན་རྩི་མ་ཕོག་པའི།

འཁོར་བའི་བློས་བསླངས་ནང་གི་མི་དེ་གང་དུ་ཕེབས་སོང་།

ངག་ལ་གཞས་གདངས་གསོས་པའི།

ཚིག་གི་རུས་པ་སྲ་མོ།

ཡར་ལྷ་ཤམ་པོ།

སེང་གེའི་རལ་བ་ལྟ་བུའི། གཡུ་འབྲུག་གི་སྒལ་བ་ལྟ་བུའི།

སྟོབས་ཀྱིས་འགྱིང་བའི་ཡར་ལྷ་ཤམ་པོ།

གོས་དཀར་ཉི་མས་ཚིག་འདྲའི་རི་རྒྱུད་འདི་རུ།

ཁྱོད་ཀྱི་རུས་པ་གྲང་མོར་ལུས་ཡོད་དམ།

སྤོབས་པ་གནམ་ལ་མི་ཤོང་བའི་བྱ་རྒོད་ཀྱི་ཚོགས་དག

རྫ་གསེང་གི་རྩྭ་ཟིལ་ལས་གཙང་བོར་འདྲེས་རྗེས།

གངས་རིའི་ཤུལ་དུ་རྡོ་བ་འབུས་སོང་ངམ།

ང་རང་ཨ་མདོ་བ་ཞིག་སྟེ།

རུས་གསེང་དུ་ཁྱོད་ཀྱི་གངས་ཆབ་བཞུར་མྱོང་བའི།

ཐག་རིང་མགྲོན་པོ་ཞིག་གོ།

ལྷུན་རྩེ་རྫོང་།

རྐང་པ་ཆེ་རུ་ཕྱིན་འདུག་གམ། ལྷམ་མགོ་ཆུང་དུ་ཕྱིན་འདུག་གམ།

མིག་གི་མཐའ་རུ་བཏབ་པའི་ཕྲ་རྒྱན་འདི་དག

ངའི་མིང་གི་ཕྱེད་ཀ་དང་འདྲ་བའི།

བསྔོ་སྨོན་གྱི་སྣེ་ལ་འཇུས་པའི་སྤྲིན་པ་དཀར་ནག་དེ་རེད་དམ།

བཅོལ་གདམ་གྱི་རྭ་ལས་ཤོར་བའི་ལུས་ཀྱི་ངལ་བ་འདི་དག

དེ་རིང་ངས་གཞི་ནས་ཁྱོད་བཅོལ་ཐུབ་པ་བྱུང་།

ང་རྒྱལ་གྱིས་འགྱེལ་མ་མྱོང་བའི་རྟ་བ་དེ་དག

གཉལ་གཞུང་གི་སྙེ་མ་འདི་དག་གོ།

ཡང་རྩེ་དགོན།

བྱ་རྒྱལ་འཕུར་ལམ་གསལ་ཡང་།

ཤི་བོའི་རྣམ་ཤེས་བདེའམ།

སེམས་ཀྱི་སྨྱུག་ཁ་ནས་བབས་པའི་ཆར་བ་འདི་དག་གིས།

ཅི་ཞིག་འཚེམ་བཞིན་འདུག་གམ།

ཁྱུང་རྭར་ཉི་འོད་བྱུགས་པའི་རྒོད་པོ་ཨང་།

ཉིན་དེ་ནས་གང་དུ་འཕུར་སོང་།

ཕྱག་ལ།

རྫ་སྨུག་པ་གཉི་གའི་དཀྱིལ་ནས།

ཤ་རུས་པ་གཉི་ག་རྙེད་ཐལ།

མྱེ་མཆུ་འབུད་མཁན་དག་ཕར་ལ་སོང་ཤུལ་དུ།

སྒྲ་ཡི་ལྕེ་རྩེར་ཁ་བ་ཆགས་པ་མཐོང་ཡང་།

ཆང་མ་གཉིད་ལ་ཤོར་པས།

མཆོད་ཆང་ས་རུ་ཐིམ་སོང་།

ངས་བཀྲ་ཤིས་པའི་ཚུལ་གྱིས་ཚངས་དབྱངས་རྒྱ་མཚོ་དྲན་བྱུང་།

མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དྲན་བྱུང་།

ཆང་ཧུབ་གང་དྲན་བྱུང་།

ཙ་རི།

ཉི་ནུབ་ཀྱི་ཟླ་འོད་དེ་མཐོང་མ་སོང་།

ཚིག་གི་རལ་བ་བསླེས་མ་དེ་སྐམ་སོང་སྐད།

མཚན་ལ་རི་ནས་བབས་པའི་རླུང་གི་ངག་སྒོ་ཁོ་ན།

ཙ་རིའི་རི་ན་ལུས་འདུག

རལ་གྲི་བོར་བའི་ལག་པ་དེ།

སྙིང་རྗེ་བོ་འདུག


རྩོམ་ཡིག་སྔོན་མ།
ལྷ་དང་མི།
རྩོམ་ཡིག་རྗེས་མ།
ལམ་གྱི་རི་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1