མཚན་ལམ་རིང་མོའི་རྨི་ལམ།

བསོད་ནམས་སྐྱིད། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


གཉིད་མི་ཁུག་པའི་མཚན་མོ་རེ་རེར།

ངའི་སྙན་ངག་ལ་དབུ་ཁྱུད་འགོད་མགོ་བརྩམས།

དོ་དགོང་།

སྐར་ཚོགས་དང་ཟླ་འོད་གང་ཡང་མི་འདུག

ཕྱི་རོལ་ན།

ཆར་བ་འབབ་འཚམ་ད་དུང་བཞག་མེད།

ངའི་དབུགས་རིང་གཅིག་གི་འབྱིན་རྔུབ་བར་ནས།

སྤྱི་ཚོགས་དང་འཚོ་བ།

བདེན་པ་དང་རྫུན་མ།

ད་དུང་།

འགྲན་རྩོད་དང་རྒྱལ་ཕམ།

ཡོད་ཚད་བློ་ལ་ཐེངས་གཅིག་ཤར་བྱུང་།

ནར་སོན་གྱི་ལོ་ཟླ་དེ་དག་ནི།

རྟ་མཆོག་གིས་འདྲུད་བཞིན་པའི་ཤིང་རྟ་བཞིན།

ང་དང་ཁ་ཐག་ཇེ་རིང་ནས་ཇེ་རིང་དུ་བཞུད་འགྲོ།

བསམ་ཞིང་བསམ་ན།

ང་ནི་འཇིག་རྟེན་འདིར་གསོན་པའི་ལྷག་མ་དེ་ཡིན་པ་འདྲ།

དྲི་བ་དང་ལེ་བརྡ་གང་ཡང་མེད་པར།

ལྷིང་འཇགས་ཀྱི་གནས་འདིར།

ཁ་རོག་གེར་གསོན་འདུག

ཁྱེད་ཀྱིས་ངའི་བདེན་པ་ལབ་ཆོག་ལ།

ངའི་གཡོ་སྒྱུ་དང་བཅོས་མའང་བཤད་ཆོག

ངས་སྔར་བཞིན་འཁང་ར་སོགས་གང་ཡང་གནང་མི་སྲིད།

རྒྱུ་མཚན་ནི་ཁྱེད་ལྟད་མོ་བ་ཡིན་པའི་ཕྱིར།

ཁྱེད་ཚོ་ནམ་ཡང་ངའི་འཚོ་བའི་ཁྲོད་ཀྱི།

ལུས་ངག་ཡིད་གསུམ་གྱི་གྲུབ་ཆ་མ་ཡིན་པའི་ཕྱིར།

ཁྱེད་ཀྱིས་ངའི་མིག་ཆུ་མཐོང་མི་སྲིད་ལ།

དགོད་སྒྲའང་ཐོས་མི་སྲིད།

འདི་ནི་འཚོ་བ་སྟེ།

དགའ་སྐྱོ་འདྲེས་མའི་གཞི་གྲུབ་རེད།

འདི་ནི་སྤྱི་ཚོགས་ཏེ།

མདུན་ཕྱོགས་གཡང་གཟར་ཡིན་རུང་།

ཤུགས་ཀྱིས་འདེད་བཞིན་འདུག

གནས་འདིར་སླེབས་དུས།

རང་ཉིད་ཁོ་ན་ལས་སུ་ཡང་མི་འདུག

འོ། ཕྱི་རོལ་གྱི་ཆར་བ་འཇགས་ཟིན།

ད་ནི་ངལ་གསོ་ཅུང་ཙམ་མ་བྱས་ན།

སང་ཉིན་ཡང་མགོ་བོ་བཏེགས་ནས་ལམ་ལ་ཆས་དགོས།


རྩོམ་ཡིག་རྗེས་མ།
ལན་ཆགས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1