ཁྱོད་དང་བརྩེ་དུང་གི་བར་ཐག

སྒོ་རང་གྲོལ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


གཅིག

འཚོ་བའི་བར་གསེང་ནས་ང་ཚོས་གཅིག་མཐུན་གྱིས་སྙེག་པ་ནི་བདེ་སྐྱིད་ཡིན་ཡང་། རྙེད་པ་ནི་བདེ་སྡུག་འདྲེས་མའི་འཇིག་རྟེན་ནས་ངུ་མ་དགོད་ཀྱི་འཚོ་བ་ཞིག་ཡིན་པ་དེ་མི་མང་ཆེ་བའི་ཚོར་ཤེས་ཀྱི་ཁམས་སུ་འབྱུང་སྲིད་པ་དང་འབྱུང་བཞིན་པ་རེད། ཕྱི་ནང་ལུས་སེམས་ཀྱི་འགྱུར་གཤིས་དང་སྤྱི་ཚོགས་ཁོར་ཡུག་གི་བསླངས་རྐྱེན། ཉེ་རིང་ཆགས་སྡང་གི་བསམ་སྤྱོད་སོགས་ཀྱིས་མི་ཡུལ་ཁམས་འདི་འུར་འུར་ཆེམ་ཆེམ་ཞིག་ཡིན་ལ། རང་དབང་གི་འབོད་ཚིག་དང་ལས་གཞི་མ་ཡལ་བར་འདོད་པའི་འཇིག་རྟེན་ནས་དོན་ངོ་མར་རང་དབང་ཙམ་ཡང་མེད་པར་བསམ་བློའི་འདུ་སྣེའི་ཕུང་བོ་ཆེན་པོར་གྲུབ་ཅིང་། མི་འདོད་པ་དག་མི་བསམ་བཞིན་ཐོག་དུ་འོང་ཞིང་། འདོད་པ་དག་བསམ་བཞིན་དུ་རྒྱང་དུ་ཡལ་བ་ཡང་མི་གཤིས་སྒེར་གྱི་ངོས་ནས་ཆེས་གལ་ཆེ་བའི་རང་དབང་ཞིག་མ་ཡིན་ནམ།

གཉིས།

ལྷག་པར་དུ་བརྩེ་དུང་གིས་བསྐྲུན་པའི་གཏམ་རྒྱུད་ཆེ་ཆུང་གང་ཞིག་ནི་རང་དབང་གི་སེམས་པ་བོར་བའི་སྐྱོ་གར་མཇུག་མེད་པ་དག་ཡིན་ཞིང་། བརྩེ་དུང་གིས་སེམས་པར་ཚགས་རྒྱག་པ་ཉུང་ཉུང་ཡིན་ལ། བརྩེ་དུང་གིས་སེམས་པ་དམར་གསོད་བྱེད་པ་མང་པོ་རེད། འོན་ཀྱང་། བརྩེ་དུང་ནི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ཁམས་ཤིག་ཡིན་ན། དེ་རུ་མི་མང་པོ་ཧ་ཅང་བགྲོད་པར་འདོད་ལ། བགྲོད་ཟིན་པ་ན་ད་གཟོད་དེ་ནི་ཆེས་བགྲོད་པར་དཀའ་བའི་ལམ་བུ་ཞིག་ཡིན་པ་གཞི་ནས་རྟོགས་སྲིད། དེའི་རྐྱེན།མི་མང་པོ་ཞིག་གི་བརྩེ་དུང་གི་མཐའ་གནས་ནི་མ་འགྲུབ་པ་རྐྱང་བ་ཡིན། ངའི་དང་བ་འདྲེན་པའི་བརྩེ་དུང་ཞིག་གི་བརྒྱུད་རིམ་དེ་དཀའ་སྡུག་གི་ལོ་ཟླ་ལ་བརྒྱུས་པའི་ཡིད་སེམས་སྒུལ་བའི་རྙོག་འཛིང་གི་འགྲོ་སྟངས་ཤིག་ཡིན་ན་ཧ་ཅང་རན་མོད། མཐའ་མཇུག་གི་དབང་ཡུལ་དེ་གཞན་དབང་དང་སྒོར་མོ། དེ་བཞིན་སེམས་འགྱུར་སོགས་ཀྱིས་གྲུབ་ན། དེ་ནི་བརྩེ་དུང་གི་ནང་སྙིང་བོར་བའི་ཕྱི་ཚུལ་ཙམ་ལ་མིག་ཁྲ་ཧྲིག་གེར་བལྟས་པ་ཙམ་ལས། བརྩེ་དུང་གི་འགན་འཁྲིའི་འདུ་ཤེས་དང་རྒྱུ་འབྲས་ཀྱི་ལྟ་བ་ནི་སེམས་ཀྱི་ཟུར་ཙམ་དུ་ཡང་ལོན་མེད་པར་སྣང་འདོད།

བརྩེ་དུང་ནི་འཇིག་རྟེན་གྱི་གྲུབ་ཆ་གཙོ་བོར་གཉུག་མའི་ངང་དུ་གནས་ཤིང་། ཕོ་མོའི་དགའ་བ་དང་འདོད་པ་ཡང་སེམས་ཅན་གྱི་ལུས་སེམས་སུ་ལྷན་སྐྱེས་སུ་གནས་པའི་སྐྱོན་ཡོན་གཉིས་ལྡན་གྱི་ནུས་པ་ཞིག་རེད་ལ། དེ་ཉིད་སྔོག་འདོན་ཡང་དག་ཐུབ་ན་ད་གཟོད་བརྩེ་དུང་གིས་དྲི་མ་མ་ཡལ་བའི་འཇིག་རྟེན་དེ་གྲུབ་ཐུབ་པ་དང། དེ་ཉིད་འཐུས་ཤོར་དུ་སོང་ན་ད་གཟོད་བརྩེ་དུང་ནི་གང་ཞིག་གི་བློ་ཡི་བཀག་རྡོ་དང་སུ་ཞིག་གི་དམྱལ་བའི་ཁམས་སུ་འགྱུར་སྲིད་པ་རེད། དེའི་རྐྱེན། འཇིག་རྟེན་གྱི་འཕེལ་རྒྱས་ལྟ་བའི་བྱ་བ་ཆེ་མ་ཆུང་གསུམ་གང་ཡང་ཕྱི་ནང་ལྡན་པའི་བརྩེ་དུང་ཞིག་གི་རྨང་གཞིའི་སྟེང་ནས་རིམ་བཞིན་སེམས་ནང་དུ་བརྡོལ་བ་རེད་ཅིང། གཉུག་མ་ནས་བརྩེ་དུང་ནི་དྲི་མ་དག་པའི་ཡིད་སེམས་གློད་ས་དང་ཡང་ན་འཇིག་རྟེན་འཚོ་བའི་གྲུབ་ཆ་གཙོ་བོ་ཞིག་ཏན་ཏན་ཡིན་པ་རེད།

གསུམ།

བརྩེ་དུང་ལ་ཡང་ཡང་དག་པའི་འདུ་ཤེས་འཛིན་དགོས་ལ། བརྩེ་དུང་གི་འདུ་ཤེས་ཕྲ་བ་ནས་བརྩེ་དུང་གི་ལམ་ཁ་རུ་མི་སྒེར་དང་ཉེ་མི།ཐ་ན་སྤྱི་ཚོགས་ལ་ཡང་རྙོག་དྲ་འབྱུང་སྲིད་པ་རེད། མི་རིགས་རིག་གནས་དང་དད་མོས་རང་དབང་ལ་ཁ་གཡར་ནས་བྱ་སྤྱོད་གཏུམ་པོ་སྤེལ་བ་དང་། རང་ཉིད་ཀྱི་དཔལ་འབྱོར་འཚོ་ཚིས་གཉེར་བ་སྟེ། མི་རིགས་ཀྱི་འདུ་ཤེས་དབུལ་བ་དག་གི་བྱ་སྤྱོད་ངན་རུལ་དུ་གྱུར་ནས་མཐར་མི་རིགས་སྤྱི་ཚོགས་སུ་ངན་རུལ་གྱི་བྱ་སྤྱོད་དག་འཕེལ་རྒྱས་ཀྱི་ཀག་ཏུ་གྱུར་བ་ནང་བཞིན། བརྩེ་དུང་གི་འདུ་ཤེས་ཆེན་པོ་དབུལ་བས་བརྩེ་དུང་གི་ལོ་རྒྱུས་གང་རུང་དུ་སེམས་མ་དག་པ་དང་། བྱ་སྤྱོད་མ་དག་པ་དང་། ལམ་ལུགས་མ་དག་པ། རིམ་བཞིན་དམིགས་འདུན་ལ་བཟུང་བའི་ལྟ་སྟངས་འཆོལ་ཉོག་དུ་གྱུར་བ། མཐར་བརྩེ་དུང་གི་ཞིང་ཁམས་གང་དུ་སུ་ཡང་བགྲོད་པར་དཀའ་བའི་ཚད་དུ་ཐོན་པ་རེད། ཁྱབ་ཆེ་ས་ནས་ལབ་ན། འཇིག་རྟེན་གྱི་ཆེས་རྩ་བའི་འབྲེལ་ཆགས་བྱེད་ཀྱི་མ་ལག་ལྟ་བར་ཆགས་པའི་བརྩེ་དུང་དེ་ཆད་མ་ལྷག་དུ་བཞག་ནས། འུད་སྒྲོག་གིས་བཏེགས་པའི་འཇིག་རྟེན་ཞིག་སྟེ། འུད་ཆེར་སྨྲ་བའི་འབྱོར་བ་དང་ཆེས་ཆེར་འཕེལ་བའི་འགྲན་རྩོད། ལྷག་བསམ་དབུལ་བའི་བྱ་སྤྱོད། མདོར་ན་སྒེར་འཛིན་གྱི་རྣམ་པ་དྲག་པོ་དང་། གྲགས་པ་ཆེད་དུ་གཉེར་བའི་དུས་རབས་ཀྱི་འཕོ་འགྱུར་ངན་པ་དང་སྤྱི་ཚོགས་ཀྱི་ངད་ངན་ཆེས་ཆེར་འཕེལ་བའི་སྐབས་འདིར། ང་ཚོས་མནོ་བསམ་ཞིབ་དུ་བཏང་ནས་བརྩེ་དུང་གི་སྒྲ་ཚིག་ངག་ལ་སྐྱོར་ཞིང་བརྩེ་དུང་གི་ནུས་འཕེལ་གང་ལ་ཡང་བསམ་བློ་མི་གཏོང་བའི་གོམས་གཤིས་དང་། བག་ལ་ཞ་བའི་བརྩེ་དུང་གི་ལེགས་ཆ་དག་བསམ་པའི་རྒྱུད་དུ་ཡང་དག་པའི་སྒོ་ནས་ལེན་མི་ཤེས་པའི་ངན་གཤིས་འདི་དག་ལ་ཐུགས་ཁུར་གནང་ནས། འཇིག་རྟེན་གྱི་ཆེས་གཙང་བའི་བརྩེ་དུང་གི་མཁའ་དབུགས་སུ་བག་ཡོད་ཀྱིས་རྒྱུ་བར་རེམ་ན་ཆེས་བདེ་བར་སྣང་།

བཞི།

བརྩེ་དུང་ལ་ཆེས་དྭངས་གཙང་གི་སེམས་པས་ལྟ་དགོས་ཤིང་། ལམ་ཀ་དེ་ནས་བསམ་པའི་ཕྱི་ནང་ལ་གད་བདར་དང་ནོར་འཆུག་ཡོད་མེད་ལ་གཟབ་ནན་ངེས་པར་བྱ་དགོས། རང་རེའི་སངས་རྒྱས་ཀྱི་ཐུགས་རྟེན་གྱི་མཆོད་རྟེན་ཞིག་བཞེངས་ན། དེ་ལ་ཆེས་བཟང་བའི་དད་འདུན་དང་ཆེས་བཟང་བའི་རྒྱུ་དངོས། ཆེས་ཞིབ་དུ་ཐོན་པའི་ལས་ཀ་སོགས་གཙང་མ་དག་པ་དྲི་མེད་པ་ཞིག་དགོས་པ་ནང་བཞིན། བརྩེ་དུང་ལ་ཡང་ཁྱོད་ཀྱི་ཆེས་རྣམ་པར་བཀྲ་བའི་ནང་སེམས་དང་སྤྱོད་ལམ། ཤེས་རབ་ཀྱིས་ལྟ་དགོས་ངེས་ཅན་ཡིན་པ་རེད། དེ་ལྟ་བའི་ཕྱི་ནང་གསང་གསུམ་ལ་ཡང་དག་པའི་ལྟ་སྐྱོང་ངམ་བློ་གཏད་བྱས་ན། བརྩེ་དུང་ནི་ཆེས་མཛེས་པའི་ཞིང་ཁམས་ཤིག་དུ་བསྐྲུན་ཆོག་པ་ཡིན་ལ། རིམ་བཞིན་མྱང་ན་དེ་ནི་ཞིམ་མངར་ལྡན་པའི་སྦྲང་ཆང་ཞིག་དང་གཉིས་སུ་མེད།

ལག་པ་བྲང་ལ་བཞག་ནས་ཞིབ་འདང་ནན་གྱིས་བརྒྱབ་ན། བདེ་སྐྱིད་ལ་འཚོལ་སྙེག་ཆེན་པོ་བྱེད་པའི་འཇིག་རྟེན་འདིའི་སྒང་ནས། ཕོ་མོའི་བརྩེ་དུང་དག་མ་ཞིག་གི་སྣེ་ནས་བཟུང་ཞིང་རིམ་བཞིན་གཏན་དུ་ཆགས་ཐུབ་པར་བྱ་བ་ནི་ཆེས་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་ཡིན་པ་རེད། དེ་ལ་མཁོ་བ་ཡང་མི་གཞི་ཚད་ལྡན་དང་སེམས་བྱུང་རྣལ་མ་དེ་ཡིན་ཞིང། ཁྱོད་ཀྱིས་ཕན་ཚུན་ཕྱོགས་གཉིས་སུ་བཟུང་བའི་བསམ་པའི་ཕུགས་སུ་དྲི་མ་གོས་མེད་པའི་བརྩེ་དུང་ཞིག་གི་རྩ་བ་ཞིག་འཚོལ་རྙེད་བྱས་ན། བརྩེ་དུང་གི་ཡལ་གའི་མེ་ཏོག་ཀྱང་བཀྲག་མདངས་འཚེར་བ་ཡིད་ལ་མཛེས་པ་ཞིག་འོང་ཐག་ཆོད་ཡིན་ལ། མེ་ཏོག་ལ་གཅེས་སྤྲས་ཚད་ལྡན་བྱེད་དགོས་པ་ནང་བཞིན་བརྩེ་དུང་ལ་ཡང་སྲུང་སྐྱོང་མཐར་ཐུག་བྱས་ན་གཏམ་རྒྱུད་དང་མཇུག་འབྲས་ཡིད་ལ་འཕྲོག་པ་ཞིག་མིག་མདུན་དུ་བཤམ་ཡོང་སྲིད་ཐག་ཆོད་རེད། མ་ཟད་ཁྱོད་དང་འཇིག་རྟེན་བར་གྱི་བཤད་པ་གང་ཞིག་དང་ཡང་ན་བྱ་བཞག་གང་ཞིག་ལེགས་འགྲུབ་ཡོང་བར་ཆེས་བཟང་བའི་སྟ་གོན་ཡང་རེད།

ལྔ།

ཁྱོད་ཉིད་མི་ཞིག་ལ་དགའ་བ་ནས་བརྩེ་དུང་ཡང་གྲུབ་ཚར་བ་གཏན་ནས་མིན་ལ། མི་མང་ཤོས་ཤིག་གིས་རང་ཉིད་སུ་ཞིག་ལ་དགའ་བ་དེ་བརྩེ་དུང་དང་། རང་ཉིད་སུ་ལ་དགའ་བ་དེ་ཉིད་རང་ལ་མི་དགའ་བ་དེ་སྡུག་བསྔལ་ཆེན་པོར་འདོད་ཀྱིན་ཡོད། བརྩེ་དུང་ནི་རང་བཞིན་གྱིས་ཁྱོད་ལ་འཁོར་ཐུབ་པ་ཞིག་མིན་པའི་ངེས་པ་མེད་ཀྱང་། ཁྱོད་ཀྱིས་དེ་ནི་ཧ་ཅང་དཀོན་པོ་ཞིག་ཡིན་པ་ཤེས་དགོས་ལ། འཇིག་རྟེན་གྱི་ཕོ་མོའི་བརྩེ་འདང་གི་ཉིང་བཅུད་ལས་གྲུབ་པའི་བརྩེ་དུང་ཞེས་པ་ནི་ཤིན་དུ་རིན་ཐང་བྲལ་བ་ཡང་རྟོགས་དགོས། བརྩེ་དུང་ནི་དོན་དམ་པར་དུས་ཚོད་ངེས་ཅན་ཞིག་དང་བརྒྱུད་རིམ་ངེས་ཅན་ཞིག་གི་མཐའ་ནས་ད་གཟོད་བསྐྲུན་ཐུབ་པ་ཞིག་ལས། ལས་སླ་མོས་ཁྱོད་ཀྱིས་དེ་ཉིད་དཔལ་དུ་ལོན་པ་ཞིག་གཏན་ནས་མིན་པ་རེད། དེ་བས་སྡུག་བསྔལ་མིན་པ་དག་རང་ཉིད་ཀྱི་སྡུག་བསྔལ་དུ་འདོད་པ་ནི་རང་ཉིད་ཀྱིས་བརྩེ་དུང་ཞེས་པའི་ངོ་བོ་མ་རྙེད་པས་རེད་ལ། དེ་ལས་ཀྱང་ནོར་འཁྲུལ་ཚབས་ཆེན་བཟོས་པ་ནི། ཁྱོད་ཀྱིས་དྲི་མས་མ་གོས་ཤིང་མཛེས་ཤིང་དག་པར་གནས་པའི་བརྩེ་དུང་དེ་སྡུག་བསྔལ་ཆེན་པོར་བལྟས་པས། མི་མང་པོ་ཞིག་གིས་ཀྱང་བརྩེ་དུང་ནི་སྡུག་བསྔལ་ཙམ་ལས་ཅི་ཡང་མིན་པར་སེམས་པའི་ངེས་ཤེས་ངན་པ་སྤྲད་པ་དེ་རེད། དེ་བས་ང་ཚོས་ངེས་པར་ཤེས་དགོས་པ་ནི། བརྩེ་དུང་ནི་རང་བཞིན་གྱི་མིག་དབང་སྒུལ་བའི་རྩེད་ར་ཞིག་དུ་ཕྱིན་ནས་ཕྱིར་ཡོང་བ་དང་གཏན་ནས་མི་འདྲ་ལ། དེ་ནི་ཆེས་བགྲོད་པར་དཀའ་བའི་ཡུལ་གྲུ་མཚར་སྡུག་ལྡན་པ་ཞིག་དང་ཧ་ཅང་འདྲ་བ་ཡང་ཤེས་དགོས།

བརྩེ་དུང་ཁ་རུ་སྐྱོར་བཞིན་བྱ་བ་ཐ་ཤལ་བསྒྲུབ་པ་དང་། རྫུན་གྱིས་མགོ་སྐོར་བཏང་བ། ཐ་ན་ཁྲག་གི་འཁོར་ལོ་བསྐོར་བ་སོགས་ཀྱང་བརྩེ་དུང་གི་འདུ་ཤེས་ཞན་པ་དང་ངོ་བོ་མ་རྟོགས་པས་རེད། ཕོ་མོའི་བར་གྱི་གཏམ་རྒྱུད་བཟང་ངན་གང་རུང་ནི་མི་སུ་ཞིག་གི་བརྩེ་དུང་གི་ལོ་རྒྱུས་བསྒྱུར་དུ་མེད་པ་དེ་ཡིན་ལ། ཁྱོད་ཉིད་བརྩེ་དུང་གི་ལམ་ཀ་རུ་ཞུགས་ནས་བྱ་བ་མ་རུང་བ་གང་ཞིག་བསྒྲུབ་པ་ནི་རང་ཉིད་ཀྱི་བརྩེ་དུང་གི་ལོ་རྒྱུས་སུ་རང་ཉིད་ཀྱིས་གནག་ཐིག་ཕབ་པ་དང་དྲི་མ་བགོས་པ་རེད་པས། ཁྱོད་ཀྱི་རྒྱུ་འབྲས་ཟེར་བ་ཡང་ངོ་མ་སྐྱག་རྫུན་དུ་འགྱུར་བ་རེད། དེ་ལས་ཀྱང་ཡིད་ཕམ་པ་ནི། འཇིག་རྟེན་སྲིད་པའི་ཁམས་སུ་རིན་ཐང་དང་གནས་ལུགས། རྒྱུ་འབྲས་ཀྱིས་ཕྱུག་པའི་བརྩེ་དུང་ཞེས་པ་དེ་ཉིད་ཁྱོད་ཀྱིས་ཐོས་མྱོང་བ་ཙམ་ལས། མྱངས་རོལ་བྱེད་མ་མྱོང་བ་དང་། ཐ་ན་འཚོལ་སྙེག་ཡང་དག་ཅིག་ཀྱང་བྱེད་མ་མྱོང་བ་དེ་རེད། དེའི་རྐྱེན་གྱིས་ང་ཚོས་བརྩེ་དུང་སྡུག་བསྔལ་དུ་འདོད་མི་ཆོག་ཅིང་། རང་ཉིད་ཀྱི་བྱ་ཐབས་ནོར་བ་དང་དེ་ནས་སྡུག་བསྔལ་བྱུང་བ་ནི་བརྩེ་དུང་གིས་ཁྱོད་ལ་སྤྲད་པ་ཞིག་གཏན་ནས་མིན་པར། ཁྱོད་རང་ལ་བརྩེ་དུང་གི་ངེས་ཤེས་ཕྲ་བ་མ་ཟད། ལྟ་རྟོགས་མེད་པར་ལས་གཞི་ལོག་པར་བསྒྲུབ་པ་དང་བསམ་སྦྱོར་ངན་པར་ཕྱོགས་པའི་བསྐྱེད་འབྲས་རེད།

དྲུག

དུས་སྐབས་འདི་ལྟ་བུར་ང་ཚོས་སེམས་པར་ཕྱི་དོར་ཐེངས་ཤིག་བྱེད་རན་རེད་ལ། ཁྱོད་ཉིད་མི་ཞིག་ཡིན་པ་དང་། ཡང་ན་ཕོ་མོའི་བརྩེ་དུང་གི་ལམ་ཀ་དེ་རུ་ཞུགས་དགོས་པ་ནས་བཟུང་། འདི་ལ་ཡང་དོ་ཁུར་དང་ཐུགས་ཁྲལ་མཛད་ནས་བྱ་ངན་སྤྱོད་ངན་དང་སྡུག་བསྔལ་ཞེས་པ་དེ་དག་ཀྱང་ཇེ་ཉུང་དུ་འགྲོ་བར་འབད་བརྩོན་བྱེད་དགོས་ལ། ཆོས་ལུགས་ཟབ་མོ་ཉམས་སུ་ལེན་པ་དང་ཚན་རིག་སྟོབས་ཆེན་ལག་ལེན་བྱེད་དགོས་པ་ནང་བཞིན། བརྩེ་དུང་གི་འདུ་ཤེས་ཆེན་པོ་དང་བསམ་པའི་འཕེལ་ཕྱོགས་ལ་ཡང་ངེས་པར་དུ་འདང་རྒྱག་དགོས་སོ།


རྩོམ་ཡིག་སྔོན་མ།
ལན་ཆགས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1