ཁྱོད་རང་སྙན་ངག་པ་ཞིག་བྱེད་འདོད་དམ།

ཚྭ། (མགོ་ལོག) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


གལ་ཏེ་ཁྱོད་རང་དངོས་གནས་སྙན་ངག་པ་ཞིག་བྱེད་འདོད་ན།  ཐོག་མར་ཁྱོད་ཀྱིས་འཚོ་བའི་གདུགས་རྩུབ་རྙེད་པར་གྱིས། དེ་ནི་རང་གི་རྣམ་ཤེས་ཀྱི་དྭངས་གཙང་སྲུང་སྟངས་ཡག་ཤོས་དེ་ཡིན། དེ་ལྟར་ན་ཁྱོད་ཀྱིས་ད་གཟོད་ཁེར་རྐྱང་གི་སེམས་ཁམས་ཤིག་རྙེད་སྲིད། ཁེར་རྐྱང་གི་སེམས་ཁམས་དང་སྐྱོ་གདུང་ནི་སྙན་ངག་པ་ཞིག་ལ་མཚོན་ནས་བཤད་ན་བསམ་བློའི་ཉམས་རྟོག་འཕེལ་བའི་རྒྱུ་གཙོ་བོ་ཞིག་ཡིན། ཁེར་རྐྱང་ལ་རིགས་མང་པོ་ཞིག་གི་དོན་འདུ།༼ དཔེར་ན་བསམ་བློའི་ཁེར་རྐྱང་དང་སྐད་ཆའི་ཁེར་རྐྱང་།ལྟ་བུ།༽ཁེར་རྐྱང་གི་མྱོང་བ་ཟབ་མོ་མེད་མཁན་དག་གིས་དུས་ནམ་ཡང་ཁེར་རྐྱང་གི་གོ་བ་མི་ལོན། ཡང་ན་ཁེར་རྐྱང་འགྲེལ་ཐབས་མེད། དེས་རང་གི་མི་ཚེ་རང་གི་བསམ་པའི་རྗེས་སུ་ཁྲིད། དེ་ལྟར་བྱས་ན་ཁྱོད་ཀྱིས་མི་ཚེའི་སྤྲོ་སྣང་རྙེད་ཐུབ། མི་ཚེའི་སྤྲོ་སྣང་གིས་ཁྱོད་ལ་རང་གི་ཕུགས་བསམ་གྱི་ཆེད་དུ་མི་ཚེ་བློས་གཏོང་བྱེད་པའི་སྙིང་སྟོབས་ཀྱི་ངར་ལྡུད་ངེས། སྐད་ཆ་འདི་ལྟར་བཤད་ཚེ་ཁྱོད་ཀྱིས་དྲི་བ་ཞིག་འདྲི་སྲིད། དེ་ནི་སྙན་ངག་པ་ཚང་མ་འདི་འདྲ་ཞིག་ཡིན་ནམ་ཞེས་པའི་དྲི་བ་དེ་ཡིན་ངེས། འོན་ཀྱང་དེ་ཡིན་པའི་ངེས་པ་གཏན་ནས་མེད། ཅིའི་ཕྱིར་ཞེ་ན་དེང་སང་ཐོབ་དང་གྲགས་པ། སྐྱིད་འདོད་དང་འབྱོར་བ་དམིགས་ཡུལ་ཏུ་བཟུང་བའི་སྙན་ངག་པ་རྫུན་མ་མང་པའི་ཕྱིར། སྙན་ངག་པ་རྣལ་མ་ཞིག་ཡིན་མིན་ནི་མི་ཚེར་རྣམ་འགྱུར་འཛིན་སྟངས་དང་ཁེར་ཚུགས་ཀྱི་བསམ་བློའི་གདེངས་དཔའ་ཡོད་མེད་ལ་རག་ལས་ཡོད། འོན་ཀྱང་དེ་ལྟ་བུའི་སྙན་ངག་པ་ནི་ནམ་ཡང་དུས་དང་ཡུལ་ལས་འགོངས་ཡོད་པས་གུ་དོག་པའི་མིའི་རིགས་ཀྱི་བསམ་བློ་ཡིས་བཅུམ་ནས་ཡོད། དཔེར་ན་རི་མོ་སྐད་གྲགས་ཅན་ཧྥན་ཀོ་དང་རྩོམ་པ་པོ་གྲགས་ཅན་ཨན་ཐོའུ་ཧྲིན་ལྟ་བུ། ཁོང་གཉིས་ཀྱི་མི་ཚེ་ནི་དབུལ་ཞིང་ཕུངས་ན་ཡང་རང་གི་རྨི་ལམ་ནམ་ཡང་མ་དོར་བ་མ་ཟད་འཚོ་བའི་སྐྱིད་འདོད་བློས་གཏོང་གནང་བ་ལྟ་བུ། དེ་ལྟ་ན་ཡང་འཚོ་བཞེས་ཀྱི་དུས་རབས་ནང་ངོས་མ་ཟིན་པ་ནི་མིའི་རིགས་ཀྱི་བསམ་བློའི་གུ་དོག་དང་སྒྱུ་རྩལ་བའི་བསམ་བློའི་ཉམས་རྟོག་གི་བར་ཁྱད་ཆེ་ཤོས་དེ་གྱུར་འདུག མཚམས་ལན་རེར་ངས་བསམ་ན་དོན་དམ་གྱི་སྙན་ངག་པ་མང་ཤོས་ནི་གཏན་ནས་གྲགས་མ་ཐུབ་པར་ཚེ་འཕོས་ཟིན་པའམ་ཡང་ན་མཚན་སྙན་མེད་པར་གནས་གང་རུང་རེ་ན་ཁེར་རྐྱང་ངང་ལྷག་འདུག འཛམ་གླིང་ན་སྐད་གྲགས་ཆེ་བའི་སྙན་ངག་པ་དག་ནི་སྙན་ངག་པ་རྣལ་མ་དང་གཤའ་མ་ཡིན་ནམ་ཅེ་ན་དེ་ཡང་ཡིན་པའི་ངེས་པ་མེད། དེ་དག་ཁྲོད་ན་ཡང་སྙན་ངག་པ་རྫུན་མ་མང་པོ་འདུག

 གལ་ཏེ་ཁྱོད་རང་སྙན་ངག་པ་ཞིག་བྱེད་འདོད་ན། སྙན་ངག་པའི་རྒྱལ་ཁ་ནི་ཅི་ཞིག་ཡིན་ཞེས་པའི་དྲི་བ་དེ་འདྲ་ཞིག་འདྲི་སྲིད། མང་མང་གིས་བྱ་དགའི་ཆེ་ཆུང་དང་མང་ཉུང་གིས་ཐག་གཅོད་སྲིད། འོན་ཀྱང་དེ་ནི་ནོར་བའོ། ངས་བལྟས་ན་སྙན་ངག་པའི་རྒྱལ་ཁ་ནི་སྙན་ངག་དང་ཁ་འབྲལ་ཐབས་མེད་པའི་སེམས་གཤིས་དྭངས་མ་ཞིག་ཆགས་ཐུབ་མིན་ལ་རག་ལས། གལ་ཏེ་ཁྱོད་ལ་དེ་ལྟ་བུའི་སེམས་གཤིས་དྭངས་མ་ཞིག་དངོས་གནས་ཆགས་ཐུབ་ཡོད་ཚེ་དེ་ནི་ད་བཟོད་སྙན་ངག་པའི་རྒྱལ་ཁ་ཆེ་ཤོས་ཤིག་རེད། སེམས་ཁམས་དེས་ཁྱོད་རང་དུས་གཏན་དུ་སྲུང་ཐུབ་ངེས་ལ། དེ་ལྟར་གསོན་པ་ནི་ང་རྒྱལ་དང་ལྡན་པ་ཞིག་ཀྱང་རེད།

གལ་ཏེ་ཁྱོད་རང་སྙན་ངག་པ་ཞིག་བྱེད་འདོད་ན། ཁྱོད་རང་བས་མཐའ་བ་ཞིག་ཡིན་འོས། བས་མཐའ་ནི་རླབས་ཆེན་གྱི་སྐྱེས་བུ་ཚོའི་མཐར་ཐུག་གི་གནས་མལ་ཡིན། བས་མཐའ་ནི་ཡིད་ཆད་དང་རྒོལ་བས་སྤྱི་ཚོགས་ཁྲོད་གནས་ས་ཡེ་ནས་མེད་པའི་དོན་དང་ཉེ་ན་ཡང་། དེ་ཡི་ཤུགས་སུ་བྲང་ཁོག་ཡིད་ཆེས་དང་དཔའ་སྤོབས་ཀྱིས་ཁེངས་བའི་དོན་ཡང་འདུས། དེ་བས་སྡར་གཤིས་དང་ལྡན་པའི་མི་རྣམས་དུས་གཏན་དུ་བས་མཐར་ལྷུང་མི་སྲིད། བས་མཐར་གནས་པ་མཐའ་དག་དཔའ་བོ་ཁོ་ན་ཡིན།

མདོར་ན་སྙན་ངག་པའི་ནང་སེམས་ནི་སྐྱོ་གདུང་གི་མེ་རི་ཞིག་ཡིན། དེའི་རང་གཤིས་ནི་མི་འཇགས་པ། མི་བསྙེངས་པ། མི་བསྟུན་པ། དུས་ཚོད་ཀྱི་དྲག་ཆར་བཟོད་པ། མི་འཇིག་པ། ནམ་ཡང་འཕྱུར་འཕྱུར་དུ་ཡོད་པ། དུས་དང་རྣམ་པ་ཀུན་ཏུ་ཚ་གཟེར་གྱི་རང་བཞིན་སྲུང་བ། རང་གཤིས་ཀྱི་འོད་དང་ལྡན་པ། འཚོ་བའི་གདུག་རྩུབ་ལ་དཔུང་གཤིབ་ཐུབ་པ། ངོ་བོ་དང་ལྡན་པ་ཞིག་ཡིན་འོས།རླབས་ཆེ་བའི་སྒྱུ་རྩལ་བརྩམས་ཆོས་མཐའ་དག་གི་འབྱུང་ཁུངས་ནི་བསམ་བློ་དེ་འདྲ་མངའ་བའིསྙན་ངག་པའི་སྙུག་འོག་ནས་འཁྲུངས་པ་རེད།


རྩོམ་ཡིག་སྔོན་མ།
ཁྱོད་དང་བརྩེ་དུང་གི་བར་ཐག
རྩོམ་ཡིག་རྗེས་མ།
གཞས་དེ་སུས་བཏང་བ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1