ཉིན་མོ་དང་མཚན་མོ་སྐྱ་འཐབ་པའི་ཆ་ནས་འཚོ་བ་ལ་ལྟ་བ།—— སྒྲུང་ཐུང《ལམ་གྱི་ཉི་འོད།》ཀྱི་ཀློག་སྟངས་ཤིག

འཕགས་སྐྱེས། (པེ་ཅིན།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


【 ནང་དོན་གནད་བསྡུས།】 དཔྱད་རྩོམ་འདིར་ཉིན་མོ་དང་མཚན་མོའི་མི་སྣ་དང་ཁོར་ཡུག་གི་སྣང་བརྙན་གྱི་ཆ་ནས་འཚོ་བ་ལ་ལྟ་བ་དང་། ཉིན་མོའི་སྣང་བརྙན་དེ་མཚན་མོའི་སྣང་བརྙན་ལ་འཐིམ་པའི་ཆ་ནས་འཚོ་བ་ལ་ལྟ་བ་ཞེས་པའི་དོན་ཚན་གསུམ་གྱི་སྒོ་ནས་ལྷ་བྱམས་རྒྱལ་གྱི་སྒྲུང་ཐུང《ལམ་གྱི་ཉི་འོད》ལ་དབྱེ་ཞིབ་བྱས་ཡོད།

【 བརྡ་ཆད་གཙོ་བོ།】 ཉིན་མོ། མཚན་མོ། འཚོ་བ། ལམ་གྱི་ཉི་འོད།

སྔོན་འགྲོ།


ལྷ་བྱམས་རྒྱལ་གྱི་སྒྲུང་ཐུང《ལམ་གྱི་ཉི་འོད》 (སྤྱི་ལོ2010ལོའི《 སྦྲང་ཆར》དེབ་དང་པོའི་སྟེང་དུ་བཀོད་ཡོད)ཅེས་པ་ཡང་ནས་བསྐྱར་དུ་བཀླགས་ཏེ་ཞིབ་འཇུག་གི་ལས་ལ་རོལ་པ་ན། སྒྲུང་གཏམ་གྱི་གཏམ་རྒྱུད་ནི་ཚན་སྐོར་མི་འདྲ་བ་གཉིས་ཀྱིས་གྲུབ་འདུག་ལ།  གསར་རྩོམ་གྱི་ལས་ལ་འཇུག་སྐབས།  ཉིན་མོའི་ཁྲོད་ན་འཚོ་བའི“ལྷ་ཀླུ་ཟམ་ཁ”རུ་ལས་སྒུག་བྱས་ནས་སྡོད་པའི་མི་རྣམས་དང་མཚན་མོའི་ཁྲོད་ན་འཚོ་བའི“ནོར་བཟང་ནང་མ་ཁང”གི་སྐྲ་སེར་ཕྱི་གླིང་པ་རྣམས་ཀྱིས་མཚོན་པའི་མགྲོན་པོ་རྣམས་ལྷན་དུ་སྡེབ་པ་ལས་གཞན། ཉིན་མོ་དང་མཚན་མོ་གཉིས་ཀར་འཚོ་བའི་སྦྱིན་བདག་འཇིགས་མེད་དང་བུ་མོ་ལས་སྒུག་པ་ལྷ་མཛེས་གཞི་རྐང་དུ་བཟུང་སྟེ་བྱུང་རིམ་མདུན་ལ་དེད་པ་ན།  “ལྷ་ཀླུ་ཟམ་ཁ”ཡི་གཞོན་ནུ་ཕོ་མོ་གཉིས་ཀྱི་བརྩེ་དུང་ལ་ཐེབས་པའི་གོད་ཆགས་དེ་ཉིན་མོ་དང་མཚན་མོ་སྐྱ་འཐབ་པའི་འཚོ་བ་རིགས་གཉིས་ལ་བརྟེན་ནས་མངོན་པར་མཚོན་པ་འདྲ་ལ། འདི་ནི་དཔྱད་བརྗོད་མང་པོ་ཅན་གྱི《ལམ་གྱི་ཉི་འོད》ཀྱི་ཀློག་སྟངས་གཞན་ཞིག་མ་ཡིན་ནམ།

 དང་པོ། ཉིན་མཚན་གྱི་མི་སྣའི་སྣང་བརྙན་གྱི་ཆ་ནས་འཚོ་བ་ལ་ལྟ་བ།

“སྒྲུང་གཏམ་སྒྱུ་རྩལ་གྱི་དམིགས་ཡུལ་ནི་མི་སྣའི་རང་བཞིན་གསར་བཟོ་བྱེད་པ་བརྒྱུད་ནས། གཟུགས་བརྙན་གྱི་མ་ལག་ཅིག་ཡོངས་སུ་གྲུབ་པར་བྱས་ཏེ། སྤྱི་ཚོགས་འཚོ་བ་མཚོན་པ་དང། ཡིད་དུ་འོང་ཞིང་བླ་ན་མེད་པའི་ཡིད་ཀྱི་རྣམ་འགྱུར་དང་བསམ་པའི་གནས་ལུགས་གཏིང་ཟབ་མོ་བསྟན”ཞེས་པ་ལྟར། མི་སྣའི་སྣང་བརྙན་བཞེངས་སྐྲུན་གྱི་སྒྱུ་རྩལ་གྱི་ཆ་དེ་ནི་བརྩམས་སྒྲུང་གི་བརྗོད་བྱའི་ཡང་སྙིང་མཚོན་པའི་ཆ་ཤས་གལ་ཆེན་ཞིག་ཏུ་འདོད། དེ་བས་མི་སྣའི་སྣང་བརྙན་ཅི་འདྲ་ཞིག་བཞེངས་སྐྲུན་བྱས་ཡོད་པ་ལ་མཉམ་འཇོག་བྱེད་རྒྱུ་ནི་གནད་དུ་བཟུང་ནས། འདིར“ལྷ་ཀླུ་ཟམ་ཁ”ཡི་མི་སྣའི་སྣང་བརྙན་དང་དང“ནོར་བཟང་ནང་མ་ཁང”གི་མི་སྣའི་སྣང་བརྙན་གཉིས་ཀྱི་ཆ་དེ་ནས་འཚོ་བའི་ཁྲོད་ཀྱི་མི་ག་འདྲ་ཞིག་མཚོན་གྱིན་ཡོད་པ་ལ་དཔྱད་པར་བྱ།

གཅིག ཉིན་མོའི་མི་སྣའི་སྣང་བརྙན་གྱི་ཆ་ནས་འཚོ་བ་ལ་ལྟ་བ།

སྒྲུང་ཐུང་འདིར་ཉིན་མོའི་ཁྲོད་དུ་མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱས་པ་ནི་ཤིན་ཏུ་མང་། དེ་ཡང་སྒྲུང་ཐུང་འདིའི་ཡང་སྙིང་རྟོགས་པའི་ཆེད་དུ་རྩོམ་པ་པོའི་སྨྱུག་ཁ་མང་པོ་དེ་ལ་ཕྱོགས་པ་རྟོགས་ཐུབ་སྟེ། “ལྷ་ཀླུ་ཟམ་ཁར”མི་རྣམས་ནི་ལྷ་སའི་ཉི་འོད་འོག་ཏུ་ཉོབ་ནས་སྡོད་པ་ནི“ཁོ་ཚོའི་གོམས་སྲོལ་ཡིན”པ་དང་དེ་ནི“ཁོ་ཚོའི་ལས་ཀ”ཡང་ཡིན་པ། དེ་མིན་རྩོམ་པ་པོས《ལམ་གྱི་ཉི་འོད》ཀྱི་རྩོམ་མགོ་འཛིན་དུས། “ལྷ་ཀླུ་ཟམ་ཁ་ནས་ལངས་སྡོད་དུས། གར་ཡོང་མི་ཤེས་པའི་ལྷ་སའི་ལུང་ཁོག་གི་རླུང་བུ་ལྡོམ་པོ་ཞིག་གིས། ལྷ་མཛེས་ཀྱི་ཞྭ་མོ་དམར་པོ་དེ་བསམ་དབང་དྲན་དབང་མེད་པར་ཟམ་འོག་གི་རྒྱུག་ཆུའི་ནང་ཁུར་སོང”ཞེས་པ་ལས། གལ་སྲིད་ཉི་འོད་ཀྱིས་གཙེས་པའི་དབང་གིས་ཉོབ་ནས་བསྡད་མེད་ན“ཞྭ་མོ་དམར་པོ”དེ“རླུང་བུ་ལྡོམ་པོ”དེས་ཁུར་མི་སྲིད་ལ། ཉོབ་ནས་སྡོད་པའི“ཕུན་རྣམ”གྱིས་ཀྱང“ལྷ་མཛེས”ཀྱིས་ཞུ་བ་བྱས་པ་བཞིན། ཆུ་ནང་དུ་འཁུར་བཞིན་པའི“ལྷ་མཛེས”ཀྱི“ཞྭ་མོ་དམར་པོ”དེ་ཡར་བླངས་ཡོད་སྲིད། སྣང་བརྙན་དེ་དག་ལས་ལྷ་སའི་ཉི་འོད་འོག་ཉོབ་ནས་སྡོད་པའི་མི་རྣམས་ཀྱི་འཚོ་བ་ལ་སྒུལ་ཤུགས་མེད་པ་དང་། སྒུལ་ཤུགས་མེད་དོན་ཡང་འཚོ་བའི་ལས་གནས་དང་འབྲེལ་བ་དམ་པོ་ཡོད་པས། འཚོ་བ་འཕེལ་རྒྱས་སུ་ཕྱིན་པའི་དུས་སྐབས་འདི་འདྲ་ཞིག་ལ། བོད་ཀྱི་འཚོ་བའི་ཆ་ཞིག་སྟེ། ལྷ་སའི་ཁྲོམ་གཞུང་དུ་ལས་གཡོག་རེ་བྱེད་པར་སྒུག་ནས་སྡོད་པའི་དེང་དུས་བོད་མི་ཡི་འཚོ་བའི་གྲུ་ཟུར་གྱི་མཁའ་དབུགས་དག་གསོན་ཉམས་ལྡན་པས་བཞེངས་སྐྲུན་བྱས་འདུག

དེ་མིན“ཞྭ་མོ་དམར་པོ”ཆུས་ཁུར་སོང་བ་ནི་སྒྲུང་ཐུང་འདིའི་བྱུང་རིམ་གྱི་རྒྱུན་ཐག་ལྟ་བུར་གྱུར་ཡོད་པས། “ལྷ་སའི་ཉི་འོད་ལ་ཐོགས་སྒྲིབ་ཅི་ཡང་མེད་པར་ལམ་དུ་འཕྲོས་ཡོང”དུས། “ལྷ་མཛེས”ཀྱིས“སྔོན་མར་ཕོ་བྲང་ཕོ་ཏ་ལའི་ཁང་མིག་ཅིག་ལ་ཨར་ཀ་གཅོག་པའི་གཡོག་ལས་སུ་ཕྱིན་ནས་ཐོབ་པའི་ཡོང་འབབ་ཀྱིས་ཉོས་པ”ཡི“ཞྭ་མོ་དམར་པོ”དེ་ཆུས་ཁུར་སོང་བས། “ལམ་གྱིས་ཉི་འོད་ཀྱིས་ལྷ་མཛེས་ཀྱི་གདོང་བར་ཁབ་གཙག་བྱེད་པ་ནང་བཞིན། མོའི་དཀར་ལ་དམར་མདངས་བཀྲ་བའི་བཞིན་གྱི་ནེམ་ཤ་རིམ་གྱིས་སྐེམ་པར་བྱེད”པ་དང་། “ཤེམ་ཤ་དང་དམར་མདངས་ནི་དུས་ཀྱི་འགྲོས་དང་བསྟུན་ནས་ཡལ་བཞིན་འདུག”པས། “ལྷ་མཛེས་ཀྱིས་ཞྭ་མོ་དམར་པོ་དེ་བློས་ཐོངས་ཀྱིན་མི་འདུག” ཡང་ཅིག་བཤད་ན། “ལྷ་མཛེས”དང“ཕུན་རྣམ”ནི“ལྷ་སའི་ཉེ་འདབས་ཀྱི་གྲོང་ཚོ་ཞིག་ནས་མཉམ་དུ་འདིར་ཡོང་བ་ཡིན་ཅིང་། འཁོས་ཀ་ཞན་པའི་ཁྱིམ་ཚང་ཞིག་གི་བུས་ཕྲུག་འབའ་ཞིག”ཡིན་པས། ལས་གཡོག་ཐེངས་གཅིག་གི་ཡོང་འབབ་ཡོངས་ཀྱིས་ཉོས་པའི“ཞྭ་མོ་དམར་པོ”དེ་ཁོ་མོར་མཚོན་ན་ཅི་འདྲའི་རྩ་ཆེན་ཞིག་དང་། “ལྷ་ཀླུ་ཟམ་ཁར་ལངས་སྡོད་དུས། ལྷ་མཛེས་ཀྱིས་གཞི་ནས་མཐོ་གཞོངས་ཀྱི་ཉི་འོད་ནི་དེ་ལྟར་སུན་སྣང་ཆེ་བ་ཞིག་ཡིན་པ་ཚོར”བས།  “ལྷ་སའི་ལམ་གྱི་ཉི་འོད་འོག་ཏུ། མོར་མཚོན་ན་ཞྭ་མོ་དམར་པོ་དེ་ཅི་འདྲའི་གོ་ཆོད་ཅིག་དང་སྙིང་དུ་སྡུག་པ”སོགས་ཀྱི་སྣང་བརྙན་བཞེངས་སྐྲུན་ལས་མི་སྣའི་ལས་ཀྱི་རྣམ་འགྱུར་དང་སེམས་ཁམས་ལས། ཕྱི་ཡི་དངོས་པོའི་མཐུན་རྐྱེན་སོགས་ཆ་རྐྱེན་ཕུན་སུམ་ཚོགས་པར་གྱུར་བའི་དུས་དུས་རབས་ཉེར་གཅིག་གི་དུས་སྐབས་འདི་ལྟ་བུ་ཞིག་ལ། “ལྷ་ཀླུ་ཟམ་ཁ”རུ་ལས་སྒུག་བྱས་ནས་སྡོད་པའི་གཞོན་ནུ་མ་ཞིག་གི་ནང་སེམས་ཀྱི་གཏིང་རིམ་དུ་ཉར་བའི་སེམས་རྒྱུ་དེའང་རང་ཉིད་ཀྱི་ཁོར་ཡུག་དེ་ནི་ཧ་ཅང་མི་སྡུག་པ་དང་ཡིད་མགུ་མེད་པའི་ནང་སེམས་ཀྱི་འགྱུར་རྟོགས་ཐུབ་འདུག

དེ་མིན“ལྷ་མཛེས”ལ་སྔོན་མར། “ཕུན་རྣམ་གྱིས་སྤུས་ཀ་ཞན་པའི་ཐ་མག་རྐང་ཞིག་ལ་མེ་བསྒྲོན”ནས། “རྗེས་མ་ང་ཕྱུག་པོ་ཆགས་ན་རང་ལ་ཞྭ་མོ་དམར་ཞིག་ཉོ་ཡོང”ཞེས་པ་དང་། “ཕྱུག་པོ་ཆགས་པ་ནི་སྐྱེ་བ་ཕྱི་མ་ཡིན་ན་ཅི་བྱ་ཨང”ཅེས་པའི“ལྷ་མཛེས་ཕུན་རྣམ་ལ་སེམས་པ་ཤོར་བ་ཡང་ཕུན་རྣམ་གྱི་སྐད་ཆ་ཚིག་དེ་ལན་པ”ཡི་གཏམ་གླེང་དང་། “ལྷ་སའི་ཉི་འོད་ཀྱི་འོག་ཏུ་ཕུན་རྣམ་གྱི་སྨུག་མདོག་གི་གདོང་པའི་དགོད་འཛུམ་ནི་གཡང་དག་ཅིང་སོ་ཕྲེང་དཀར་པོ་དེ་འོད་ལམ་ལམ་བྱེད”པའི“ཕུན་རྣམ”གྱི་གདོང་ནི“ཉི་འོད”ཀྱིས་གཞི་ནས་གཞོམ་པར་བྱས་ཡོད་ཀྱང་། “ལྷ་མཛེས”དང་མི་འདྲ་བར“ཕུན་རྣམ”གྱི་ནང་སེམས་ནི་ཧ་ཅང་དགའ་སྐྱིད་ཀྱིས་ཁེངས་པས་དགོད་འཛུམ་གཡའ་དག་ཅིག་ཡིན་པས། “ལྷ་ཀླུ་ཟམ་ཁ་རུ་ལངས་སྡོད་མཁན་དག་ནི་དེ་ལྟར་ལངས་སྡོད་པ་ལས་ལས་ཀ་ཅི་ཡང་མེད་པ”སོགས“ཉིན་མོ”ཡི་ཉི་འོད་ཀྱིས་གཙེས་པའི་མི་དག་གི་ཁྲོད་ཀྱི་བོད་པའི་གཞོན་ནུ་གཉིས་ཀྱི་ནང་སེམས་ཀྱི་འགྱུར་བ་དག་མཚོན་པར་བྱེད་པའི་གཞོན་ནུ་གཉིས་ཀྱི་སྣང་བརྙན་བཞེངས་སྐྲུན་བྱས་པ་རུ། “ལྷ་ཀླུ་ཟམ་ཁ”ཡི་མཚོན་པའི་སྤྱི་ཚོགས་འཚོ་བའི་གྲུ་ཟུར་ཞིག་གི་སྣང་ཚུལ་ཆུང་ཆུང་དག་ཀློག་པ་པོའི་མིག་མདུན་དུ་གསལ་བོར་བཤམས་པའི་ནུས་ཆེན་པོ་ཐོན་ཡོད་པར་འདོད།

གཉིས། མཚན་མོའི་མི་སྣའི་སྣང་བརྙན་གྱི་ཆ་ནས་འཚོ་བ་ལ་ལྟ་བ།

ཉིན་མོ་དང་མཚན་མོའི་ཁྲོད་ཀྱི་མི་སྣའི་སྣང་བརྙན་གཉིས་ལ་ཧེ་བག་ཆེན་པོ་ཡོད་དེ། “ནོར་བཟང་ནང་མ་ཁང”གི་སྦྱིན་བདག“འཇིགས་མེད”དམ། “འཇེབ་འཁོར་གཏོང་མཁན་གྱི་ཇོ་ཇོ་དེ་ནི་མི་དར་མ་ཞིག་སྟེ། ཁོ་ནི་ཕུན་རྣམ་བཞིན་གདོང་བ་སྐམ་རིད་ཅིག་མ་ཡིན་པར་ཤ་ཁ་ཡོངས་སུ་གང་ཡོད་ལ། ད་དུང་རླན་བག་ལྡན་ཞིང་སྐྱིད་ཉམས་ཀྱིས་ཁེངས”བསྡད་ཡོད་པ་དང་། ད་དུང“ལྷ་ཀླུ་ཟམ་ཁ”ན་ཉོབ་ནས་བསྡད་ཡོད་པའི་མི་རྣམས་དང་མི་འདྲ་བར“ནོར་བཟང་ནང་མ”ཁང་གི་གླུ་དང་གར་ལ་རོལ་བའི་མགྲོན་རྣམས་ནི“གསེར་གྱི་རྣ་ཏོག་བཏགས་པའི་ལྷ་སའི་ཨ་ཅག་དང་། ཇོ་ལྟོ་ཆེ། སྐྲ་སེར་གྱི་ཕྱི་གླིང་པ། གདོང་དཀར་བའི་ནང་ལོགས་པ”སོགས་འཚོ་བ་དང་ཕྱི་ཚུལ། དབུལ་ཕྱུག་གང་གི་ཆ་ནས་ཀྱང་ལྷ་ཀླུ་ཟམ་ཁའི་མི་རྣམས་དང་བསྡུར་ཐབས་མི་འདུག

ད་དུང“སྦྱིན་བདག་འཇིགས་མེད”དང“ཕུན་རྣམ”གྱིས“ཞྭ་མོ་དམར་པོ”དང་འབྲེལ་བའི“ལྷ་མཛེས”ལ་ལབ་པའི་སྐད་ཆ་དག་གཅིག་མཚུངས་ཡིན་པ་མང་ཡང་། “སྦྱིན་བདག་འཇིགས་མེད”ཀྱི་མིག་མདངས་ལས་རང་རློམ་ཆེན་པོས“ལྷ་མཛེས”ལ་ལྟ་སྐབས། “ལྷ་མཛེས”ཀྱི་ལུས་སེམས་གཉིས་ཀ་མི་བདེ་བའི་སྣང་བ་བྱུང་བ་ནི། “མ་མཐའ་ཡང་ཕུན་རྣམ་གྱིས་མོར་དེ་ལྟར་ལྟ་མི་ཕོད་པར། ཕུན་རྣམ་གྱི་མིག་མདངས་ནམ་ཡང་མོའི་གདོང་ནས་འཁྱུག་ཙམ་གྱིས་གཡོལ་འགྲོ་ཞིང་། མོ་ཡང་ཕུན་རྣམ་གྱི་ངང་ཚུལ་དེ་མཐོང་བར་དགའ།” རྒྱུ་མཚན་ཁོ་མོས་དེ་ནི“སྨྲ་བརྗོད་མེད་པའི་བརྡ་རྟགས་ཤིག་ཏུ་རློམ་ཡོད”ལ་ཡིད་དུ“ཕུན་རྣམ་རང་ལ་དགའ་བོ་འདུག་པར་ཡིད་ཆེས་བྱུང་ཡོད”པ་སོགས་ཀྱི་སྣང་བརྙན་ལས། ཁོ་གཉིས་ཀྱི་ཕྱིའི་ཀུན་སྤྱོད་དང་ནང་གི་བསམ་བློ་སོགས་མི་འདྲ་བའི་ཆ་དེ་ནི་དངོས་སུ་གསལ་ལེར་མཚོན་པར་བྱས་པ་དེས། “ལྷ་ཀླུ་ཟམ་ཁ”ཡི་འཚོ་བའི་ཁྲོད་ཀྱི་མི་ཡི་གཤིས་ཀ་དང་། “ནོར་བཟང་ནང་མ”ཁང་གི་འཚོ་བའི་ཁྲོད་ཀྱི་མི་ཡི་གཤིས་ཀ་མི་འདྲ་བ་མཚོན་ཡོད་འདུག་ལ། དེ་ཡང་འཚོ་བ་མི་འདྲ་བའི་ཁོར་ཡུག་གི་ཤུགས་རྐྱེན་འོག་འཚར་ལོངས་བྱུང་བ་མི་འདྲ་བ་དེ་མཚོན་འདུག་སྙམ།

 གཉིས་པ། ཉིན་མཚན་གྱི་ཁོར་ཡུག་གི་ཆ་ནས་འཚོ་བ་ལ་ལྟ་བ།

“ལྷ་ཀླུ་ཟམ་ཁ”དང“ནོར་བཟང་ནང་མ”གཉིས་ཀྱི་ཁོར་ཡུག་མི་འདྲ་བ་གཉིས་ལ་གཞིར་བཟུང་ནས། ཁོར་ཡུག་མི་འདྲ་བ་གཉིས་བར་གྱི་ཧེ་བག་དང་འཚོ་བ་མི་འདྲ་བའི་སྣང་བརྙན་དག་ཀྱང་གསལ་བོར་བཀོད་འབྲི་དང་བཞེངས་སྐྲུན་བྱས་འདུག་པ་དེ་ཉིན་མོ་དང་མཚན་མོའི་ཁོར་ཡུག་ཏུ་ངོས་འཛིན་བྱས་ནས་དཔྱད་པར་བྱ།

གཅིག ཉིན་མོའི་ཁོར་ཡུག་གི་ཁྲོད་ནས་འཚོ་བ་ལ་ལྟ་བ།

འདིར“ལྷ་ཀླུ་ཟམ་ཁ”ཡི་ཁོར་ཡུག་ལས་མཐོང་བ་ནི་ཧ་ཅང་དལ་ལ་ཁོམ་པའི་འཚོ་བའི་སྣང་བརྙན་རེད། “ལམ་འགྲོ་བ་མང་པོས་གོམ་པ་བྲེལ་བྲེལ་ཚུབ་ཚུབ་ཀྱིས་ལེན་བཞིན་བགྲོད། འཇིག་རྟེན་དེ་ལྟར་ཟང་ཟིང་གིས་འགུལ་བཞིན་ཡོད་ནའང་། ལྷ་ཀླུ་ཟམ་ཁའི་མི་དེ་དག་ནི་དེ་ལྟར་ཅི་ཞིག་གིས་སྐད་གཏོང་བར་བསྒུགས་ནས་སྡོད་ཅིང་དལ་བྲེལ་མེད་པར་སྡོད”པའི་སྣང་བརྙན་དེ་ལས་ལས་སྒུག་བྱས་ནས་སྡོད་པའི་མི་རྣམས་ཀྱི་ཁོར་ཡུག་གི་རྣམ་པ་དེ་རྟོགས་ཐུབ། དེ་མིན། “ལྷ་ཀླུ་ཟམ་ཁ་རུ་ལངས་སྡོད་མཁན་དག་ནི་དེ་ལྟར་ལངས་སྡོད་པ་ལས་ལས་ཀ་ཅི་ཡང་མེད་པས། དོན་ཙག་ཙིག་ཅི་བྱུང་ཡང་རུབ་རུབ་བྱེད་པར་དགའ་ཞིང་འུར་སྒྲོག་བྱེད་པར་དེ་བས་ཀྱང་དགའ”བ་ནི། ཁོམ་ནས་ཅི་ཡང་ལས་རྒྱུ་མེད་པའི་རྐྱེན་ལས་བྱུང་བ་རེད། དེ་བཞིན་ཁོ་ཚོའི་སེམས་ནང་གི་འཇིག་རྟེན་ལྟ་ཚུལ་དང་ཁོར་ཡུག་གཞན་དག་གི་མི་ཚོགས་ཀྱི་འཇིག་རྟེན་ལྟ་ཚུལ་མི་གཅིག་པས། “ཁོ་ཚོས་དེ་ལྟར་འུར་བསྒྲགས་པ་ན། ཟམ་པ་བརྒྱུད་ནས་ལས་ཁུངས་སུ་ལས་ཀར་སྐྱོད་མཁན་གྱི་ཨ་ཅག་མཆོར་པོ་དེ་དག་གིས་ཞེད་སྣང་ལངས་མདོག་གིས་གཡོལ་ནས་བསྐྱོད་པ་དང་། རླངས་འཁོར་གཏོང་མཁན་གྱི་ཇོ་ཇོ་དེ་དག་གིས་རླངས་འཁོར་གྱི་དུང་སྒྲ་ཤུགས་ཆེན་རེ་གྲག་ཏུ་བཅུག་སྟེ་ལམ་གྱི་རླངས་འཁོར་ལ་གཟབ་གཟབ་བྱེད་དགོས་པར་གསལ་འདེབས་བྱེད”པ་རེད།

དེ་མཚུངས་སུ“ལྷ་ཀླུ་ཟམ་ཁ”ཡི་མི་རྣམས་ཀྱི་སེམས་སུའང་དུས་རབས་ཀྱི་འགྲོས་དང་བསྟུན་པའི་སེམས་ཁམས་ཀྱི་དབུགས་ཀྱི་རྒྱུ་བ་དྲག་དུ་ལྡིང་གི་ཡོད་དེ། དེ་ནི“ཁོ་ཚོ་ལྷ་ཀླུ་ཟམ་ཁ་ནས་འགྲེང་སྡོད་དུས། ཟམ་པའི་གཡོན་ཕྱོགས་ཀྱི་སྒྲ་སྙན་འོད་སྡེར་ཚོང་ཁང་ནས་དུས་རྒྱུན་དུ་གླུ་སྐད་ཅིག་གྲགས་ཡོང་ཞིང་། ཉན་ཡུན་རིང་བ་དང་བསྟུན་ནས་གླུ་ཚིག་དང་དབྱངས་རྟ་ཚང་མ་བྱང་བར་གྱུར་ཡོད”པ་མ་ཟད། “ཁོ་ཚོས་མཚམས་རེར་ལད་ཟློས་ཀྱིས་གླུ་དེ་ངག་སྐྱོར་བར་བྱེད”པའི་ལྷ་སའི་ཆང་ཁང་དག་ཏུ་གཏོང་བཞིན་པའི“ལྷ་སའི་ཆང་ཁང་ནང་དུ། མི་ཚོགས་མང་བོ་འདུས་ནའང་། ང་ལ་དགའ་པའི་མི་དེ་མི་འདུག……”ཅེས་པའི་གླུ་གཞས་དེ་ལེན་པར་སྤྲོ་ཡང་། “ལྷ་སའི་ནང་མ་ཁང་ནང་སྐྱིད་པོ་ཞེ་དྲགས་ཡོད་པ་ཐོས་མྱོང་ཡང་། ད་ལྟའི་བར་དུ་དངོས་སུ་དེའི་ནང་དུ་འགྲོ་རྒྱུ་བྱུང་མེད”པ་དེ་ཡང་ཁོ་ཚོའི་འབྱོར་བ་ཞན་པའི་རྐྱེན་གྱི་ཡིན་པ་དང་། འབྱོར་བ་ཞན་པའང་ཁོར་ཡུག་དང་འབྲལ་ཐབས་མེད་པས། དེ་འདྲའི་ཁོར་ཡུག་བཀོད་འབྲི་དང་མི་སྣའི་སྣང་བརྙན་ཞིབ་འབྲི་ལས་འཚོ་བའི་སྣང་ཚུལ་གསལ་བོར་མཚོན་འདུག་སྙམ།

གཉིས། མཚན་མོའི་ཁོར་ཡུག་གི་ཁྲོད་ནས་འཚོ་བ་ལ་ལྟ་བ།

“ལྷ་མཛེས”སོགས་གཞི་ནས“ནོར་བཟང་ནང་མ་ཁང”ཞེས་པའི་ནང་མ་ཁང་དེར་ལས་ཀར་བྱེད་དུ་འབྱོར་དུས། “ནང་མ་ཁང་གི་ནང་ནི་ལྷ་ཁང་ཞིག་དང་མཚུངས་ལ། རྩིག་ལྡེབས་སུ་བཤམས་པའི་ཐང་ག་དང་ཁང་ཀླད་དུ་བྲིས་པའི་དཀྱིལ་འཁོར་གྱི་རི་མོ། ད་དུང་གར་སྟེགས་གཡས་གསོན་དུ་བཞག་པའི་དུང་ཆེན་སོགས་ཀྱིས་ཁོ་ཚོ་དེ་མ་ཐག་ཡིད་ཞུམ་པར་བཏང་སོང”བའི་རྒྱུ་མཚན་ནི། ཁོ་ཚོས་ནང་མ་ཁང་ནི་ཕོ་མོ་ཀུན་གྱི་ཆང་འཐུང་ས་དང་གླུ་ལེན་ས་ཞིག་ཡིན་པའི་གོ་ཐོས་ལས་དངོས་སུ་འགྲོ་མྱོང་མེད་པས། “ནོར་བཟང་ནང་མ་ཁང”ཞེས་པ་དེ་ལྷ་ཁང་ཞིག་དང་གཉིས་སུ་མེད་པ་ཞིག་ཡིན་པས། “ལྷ་མཛེས་ཀྱི་སེམས་སུ་རྩིག་ལྡེབས་སུ་བཀལ་བའི་ལྷ་སྐུ་དེ་འདྲ་མང་བོ་ཞིག་གི་མདུན་ནས་ལྦུ་ཆང་འཐུང་རུང་ངམ་སྙམ་བྱུང”བའི་དྲི་བ་དེ་ཐོན་པ་རེད་ལ། དོན་དངོས་སུ་ཡང“ནང་མ་ཁང”དུ་བཞག་པའི་ལྷ་ཆས་དེ་དག་ལས“དེང་རབས་ཅན་དང་སྒྱུ་རྩལ་ཅན”ཞེས་དེང་དུས་མི་རྣམས་ཀྱི་ཅི་འདི་མེད་པའི་སྤྱོད་ལམ་དག་ལ་སུན་འབྱིན་ནམ་དངོས་ཡོད་གནས་ཚུལ་དག་གསལ་བོར་བཀོད་འབྲི་བྱས་འདུག

དེ་མིན་སྒྲུང་ཐུང་འདིར་དེ་འདྲའི་ཁོར་ཡུག་བཀོད་འབྲི་མེད་ནའང་ཁོར་ཡུག་དེ་གའི་མི་སྣའི་སྣང་བརྙན་བཞེངས་སྐྲུན་ལ་བརྟེན་ནས་ཁོར་ཡུག་དེ་གའི་གནས་སྟངས་ཀློག་པོའི་མིག་ལམ་དུ་མངོན་པར་བྱས་ཡོད་དེ། “གཞི་ནས་མུན་རུབ་སོང་། ནང་མ་ཁང་དུ་མགྲོན་པོ་རིམ་གྱིས་ཇེ་མང་ཇེ་མང་དུ་གྱུར་བ་དང་། གསེར་གྱི་རྣ་ཏོག་བཏགས་པའི་ལྷ་སའི་ཨ་ཅག་དང་། ཇོ་ལྟོ་ཆེ། སྐྲ་སེར་ཕྱི་གླིང་པ། གདོང་པ་དཀར་པའི་ནང་ལོགས་པ། ད་དུང་གྱོན་ཆས་ཡ་མ་ཟུང་གྱོན་པའི་ལྷ་སའི་བོད་ཕྲུག་སོགས་མགྲོན་སྣ་མང་ཞིག་བསླེབས་ཏེ། དར་ཅིག་ལ་ནང་མ་ཁང་གི་སྡོད་ས་ཚང་མ་མི་ཡིས་ཁེངས་སོང”བ་དང་། “འཇིགས་མེད་ཀྱིས་མཚམས་མེད་དུ་ནང་དུ་འཛུལ་ཡོང་བའི་མགྲོན་པོ་དག་འཚམས་འདྲི་ཞུ་ཞིང་། ལྦུ་ཆང་གི་ཤེལ་དམ་ཞིག་དང་ཆང་དཀར་ཞིག་བཟུང་ནས་སྒྲོག་ཙེའི་གསེང་ནས་ཡར་འགྲོ་མར་འོང་བྱས་ཏེ་ཆང་འགྱོགས་བཞིན་འདུག ལྷ་མཛེས་ཀྱིས་གཞི་ནས་ལྷ་སའི་ཨ་ཅག་དེ་དག་གིས་ལྦུ་ཆང་ཞབས་དག་རྒྱག་པའི་རྣམ་པ་དེ་མིག་གིས་མཐོང་སོང”བའི་སྣང་བརྙན་དེ་ལས་ཁོར་ཡུག་གཉིས་ཀྱི་མི་འདྲ་བའི་ཆ་བཞེངས་སྐྲུན་བྱས་ཡོད་དེ། “སྤྱིན་བདག་འཇིགས་མེད”སོགས་ཀྱིས་མཚོན་པའི་ཁོར་ཡུག་དེ་ནི“ལྷ་ཀླུ་ཟམ་ཁ”དང་མི་འདྲ་བར་བྲེལ་ཟིང་གི་ཁོར་ཡུག་ཅིག་དང་། ཨ་ཅག་དག་གིས་ཀྱང་ལྦུ་ཆང་འཛེམ་མེད་དུ་གཏོང་གིན་འདུག་ལ་བོད་ཕྲུག་ཚོའི་གྱོན་པ་དེའང་ཡ་མ་ཟུང་གི་གྱོན་པ་ཡིན་པའི་ཁོར་ཡུག་དེ་ལས། ཁོར་ཡུག་གཉིས་ཀྱི་མི་འདྲ་བའི་ཧེ་བག་ལས་འཚོ་བའི་གནས་སྟངས་དང་ཁོར་ཡུག་དེ་གའི་མི་དང་བྱ་དངོས་ཀྱི་ཆ་ལུགས་ཡོད་དོ་ཅོག་མི་འདྲ་བའི་སྣང་ཚུལ་མངོན་པར་མཚོན་པ་དང་། བོད་པའི་འཇིག་རྟེན་ལྟ་ཚུལ་དང་མི་ཆོས་སོགས་དང་འགལ་བའི“ལྷ་ཀླུ་ཟམ་ཁ”དང་མི་འདྲ་བའི“ནོར་བཟང་ནང་མ་ཁང”གི་ཁོར་ཡུག་གིས་གཙོ་བྱས་པའི་དེང་གི་དུས་ཀྱི་འཚོ་བའི་ཁྲོད་དུ། དེ་འདྲ་མང་པོ་ཡོད་པའང་གསལ་བོར་རྟོགས་པར་བྱེད་པའི་ནུས་པ་ཐོན་འདུག་པར་སྙམ།

 གསུམ་པ། ཉིན་མོའི་སྣང་བརྙན་མཚན་མོའི་སྣང་བརྙན་ལ་འཐིམ་པའི་ཆ་ནས་འཚོ་བ་ལ་ལྟ་བ།

སྒྲུང་ཐུང་འདིའི་སྤྱི་ཡོངས་ནས་བལྟས་ན“ཉིན་མོ”ཡི་སྣང་བརྙན་དག“མཚན་མོ”ཡི་སྣང་བརྙན་ལ་འཐིམ་པ་དེ་ཤིན་ཏུ་གསལ་ལ། དེ་ནི་རྩོམ་པ་པོས་བཤད་འདོད་པའི་སྙིང་གཏམ་རྡོག་རྡོག་པོའང་ཡིན་པ་འདྲ། མི་སྣ་གཙོ་བོ“ལྷ་ཀླུ་ཟམ་ཁ”རུ་ལས་སྒུག་བྱས་ནས་སྡོད་པའི“ལྷ་མཛེས”ཀྱི་བརྩེ་དུང་དང་ལང་ཚོ་ལ“ནོར་བཟང་ནང་མ་ཁང”གི“སྦྱིན་བདག་འཇིགས་མེད”ཀྱིས་བསླངས་པའི་གོད་ཆགས་སམ་ཉེས་སྤྱོད་དེས“ལྷ་མཛེས”ཀྱི་འཚོ་བ་དེ་རྨང་ནས་དཀྲུགས་སོང་བ་དང་། ཁོ་མོས“ཕུན་རྣམ”གྱི་བརྩེ་དུང་དེ་བློས་བཏང་ནས“སྦྱིན་བདག་འཇིགས་མེད”ཀྱི་རྗེས་སུ་བུད་སོང་བ་ལས། ང་ཚོས་མཐོང་བ་ནི“ནོར་བཟང་ནང་མ་ཁང”ལྟ་བུའི་ཁོར་ཡུག་གི་མི་སྣའི་རྒྱུ་དང་གཡོ་སྒྱུ་ཡིས“ལྷ་མཛེས”ཀྱི་བློ་ཁ་བསྒྱུར་བ་དང་། དེ་ཡང་དེང་གི་འཚོ་བའི་ཡུལ་གྲུ་སོ་སོའི་གནས་སྟངས་ལས་མཐོང་བའི་མི་ཚོགས་ཀྱི་སྣང་བརྙན་གསོན་པོ་དེ་ཡིན་པས། སྒྲུང་ཐུང་འདི་ནི་འཚོ་བ་ལ་ངོས་གཞན་ཞིག་ནས་ལྟ་བའི་མེ་ལོང་ཞིག་ཏུ་རློམ་ཡོད།

གཅིག ཉིན་མོའི་མི་སྣའི་སྣང་བརྙན་མཚན་མོར་འཐིམ་པའི་ཆ་ནས་འཚོ་བ་ལ་ལྟ་བ།

དང་པོ་ཆང་ཁང་དུ་ཡོང་བའི“ལྷ་མཛེས”སོགས་ལ་སྤྱི་ཚོགས་ཀྱི་ཉམས་མྱོངས་མང་བོ་མེད་པ་དང་། འཇིགས་མེད་སོགས་ཀྱིས་མཚོན་པའི་སྐྱེས་པ་མང་བོ་ཞིག་གི་བྱ་སྤྱོད་ལའང་བློ་རྟོགས་མེད་པས། “ལྷ་མཛེས”དང་བུ་མོ་གསུམ་གྱིས“ནང་མ་ཁང”དུ་ཆང་མི་འཐུང་བསམ་ཡང་། འཇིགས་མེད་ཀྱིས་སྔོན་མར“ལྷ་མཛེས”ཀྱི་གྲོགས་མོའི་རེ་སྐུལ་ལྟར“ཧ་ཅང་ལྐོག་གྱུར་གྱི་ཞྭ་མོ་དམར་པོ་དེ་བླངས་ཡོང་བ་དང་། ལྷ་མཛེས་ལ‘ངས་ཁ་སང་རང་ལ་ཞྭ་མོ་ཞིག་ཉོ་རྒྱུ་ཁས་བླངས་ཡོད་པ་མ་ཡིན་ནམ’”ཞེས་པའི“སྦྱིན་བདག་འཇིགས་མེད”ཀྱི་བྱ་སྤྱོད་དེས“ལྷ་མཛེས”ལ“ཞྭ་མོ་དམར་པོ”དེ“ལྷ་ཀླུ་ཟམ་ཁ”ནས་ཆུ་ནང་ཁུར་འགྲོ་དུས། “ཕུན་རྣམ”ལ་ཞུ་བ་ཞུས་ཀྱང་ཡར་ལེན་རོགས་མ་བྱས་སོགས་ཀྱིས་ད་ལྟ“འཇིགས་མེད”ཀྱིས“ཞྭ་མོ་དམར་པོ”དེ་ལེགས་སྐྱེས་སུ་ཕུལ་དུས། “ལྷ་མཛེས་ཀྱི་སེམས་ཀྱི་གཏིང་རིམ་ཞིག་ནས་དྲོད་ཅིག་འཁྱིལ་ཡོང་བ་དང་། དྲོད་དེ་མཇུག་མཐར་མིག་ནང་དུ་འཁྱིལ་ཡོང་བ་སྟེ་མིག་མཐའ་དྲོད་ལམ་ལམ་བྱེད”པའི་ཚོར་བ་སྐྱེན་པོ་བྱུང་བ་དང་། དེ་བཞིན་དུ“སྦྱིན་བདག་འཇིགས་མེད”ཀྱིས“ལྷ་མཛེས”སོགས་ལ“ལྦུ་ཆང་ཏོག་ཙམ་ཐུངས་དང”“ ‘ཏོག་ཙམ་བཏུངས་ཀྱང་གང་ཅི་ཡོང་གི་མ་རེད། ལྟོས་དང་། ཨ་ཅག་རྒན་མོ་གན་ཚོས་ཀྱང་འཐུང་བཞིན་མི་འདུག་གམ’”ཞེས་པ་དང་། “དེ་ནས་སོ་སོའི་ལག་གི་ཆང་དཀར་དེ་ཁོ་ཚོའི་ཤེལ་དཀར་དང་གཏུགས་ཙམ་རེ་བྱས་རྗེས་སླར་ཡང་། ‘ཨ་ཙི། ཏོག་ཙམ་ཐུངས་དང་། སྣང་དོགས་ཡོད་པ་མ་རེད’”ཞེས་པས། སྤྱི་ཚོགས་ཁྲོད་ཀྱི་མི་ཚོགས་མང་བོར་འབྲེལ་འདྲིས་བྱེད་མྱོང་མེད་པའི“ལྷ་མཛེས”དང་བུ་མོ་དེ་གསུམ“ནང་མ་ཁང་གི་སྦྱིན་བདག་འཇིགས་མེད་ཀྱིས་དེ་ལྟར་བསྐུལ་ཚེ་ལྷ་མཛེས་སོགས་སོམ་ཉིར་ཚུད་སོང”བ་རེད།

“མཇུག་མཐར། ཐོག་དང་པོར་ལྦུ་ཆང་འཐུངས་པའི་བུ་མོ་དེ་གསུམ་ར་བཟི་སོང་། ཁོ་ཚོ་ལོ་ན་ཤིན་ཏུ་ཆུང་བས་མང་བོ་ཞིག་ལ་ཐེ་གཏོགས་བྱ་རྒྱུ་མ་བྱུང”པས། “དུས་ཚོད་ག་འདྲ་ཞིག་འགོར་པ་མི་ཤེས་ཀྱང་། ལྷ་མཛེས་ཀྱི་སྣང་བ་ཞིག་ལ་ཅི་ཞིག་གིས་མོའི་ལུས་པོར་རེག་རེག་བྱེད་བཞིག་འདུག འཐམ་འཐོམ་ངང་མིག་ཕྱེ་ནས་བལྟས་དུས་མལ་ཁྲིའི་སྒང་དུ་འཇིགས་མེད་མོར་འཐམས་ནས་རེག་རེག་བྱེད་འདུག་ཅིང” མོས་ཤེད་ཤུགས་ཡོད་དགུ་བཀོལ་ནས་རྒོལ་བ་བྱས་རུང་མ་ཕན་ལ། “འཇིགས་མེད་ཀྱིས་མོའི་གྱོན་གོས་དག་ཧ་ཅང་བྱང་ཆ་ཡོད་པའི་ངང་ཕུད་སོང་བ་དང་། མཇུག་མཐར་དོར་མ་ཡང་མར་དེད་སོང་། གོ་རིམ་དེའི་ཁྲོད་ལྷ་མཛེས་གཞི་ནས་ཐང་ཆད་སོང། མོས་རང་ཉིད་ཀྱི་མོ་ལོ་བཅོ་བརྒྱད་ཀྱི་ལང་ཚོ་དར་ལ་བབ་པའི་ལུས་པོ་དེ་དེ་ལྟར་མི་སྟོབས་ཆེན་ཞིག་གི་ལུས་པོའི་འོག་ནས་ཐར་ཐབས་མ་བྱུང་བ”དང་། “དེ་ལྟར་སྔངས་སྐྲག་གི་དབྱིངས་སུ་འཕྱོ་བཞིན་པའི་སྐད་ཅིག་མ་དེར་མོའི་རང་དབང་དང་ལྷན་དུ་ཕྱུགས་ཆུང་གི་ཆོས་ཀྱང་བཅོམ་སོང”བའི་དོན་རྐྱེན་བྱུང་བ་ནི་སྤྱི་ཚོགས་ཀྱི་མཉམ་མྱོང་དང་མི་ཚོགས་ཀྱི་འབྲེལ་འདྲིས་ལ་རྒྱུས་མངའ་མེད་པ་སོགས་ཀྱི་དབང་གིས“ཉིན་མོ”ཡི་མི་སྣའི་སྣང་བརྙན་མཚན་མོ་ལ་འཐིམ་པའི་ངོས་འཛིན་བྱས་པ་ཡིན།

གཉིས། ཉིན་མོའི་ཁོར་ཡུག་གི་སྣང་བརྙན་མཚན་མོར་འཐིམ་པའི་ཆ་ནས་འཚོ་བ་ལ་ལྟ་བ།

“ལྷ་ཀླུ་ཟམ་ཁ”ཡི་འཚོ་བའི་སྣང་བརྙན་དག“ལྷ་མཛེས”དང“ཕུན་རྣམ”གྱིས་མཚོན་བཞིན་ཡོད་ལ།“འཇིགས་མེད་ཀྱིས་ལྷ་མཛེས་ཀྱི་སྐྲ་ལ་བྱིལ་བྱིལ་གཏོང་བཞིན‘བུ་མོ་ཁྱོད་སྐྱེས་གཟུགས་སྙིང་རྗེ་མོ་འདུག་པས། ངའི་ནང་མ་ཁང་དུ་ལས་ཀ་བྱེད་འདོད་དམ། ངས་རང་ལ་ཟླ་ཕོགས་སྒོར་སྟོང་རེ་སྤྲད་ཡོང་། དེ་ལྷ་ཀླུ་ཟམ་ཁ་ནས་ལངས་སྡོད་པ་ལས་དགའ་ཨང’ ”ཞེས་པ་དང་། “སང་ཉིན་ཕྱི་དྲོ་ང་ལྷ་ཀླུ་ཟམ་ཁར་ལེན་ཡོང་ངེས། གལ་སྲིད་རང་མོས་མཐུན་ཡོད་ན། དེ་དུས་ངའི་འཇེབ་འཁོར་དུ་སྡོད་རྐྱང་བྱོས་ཤོག”ཞེས་པས། “ལྷ་ཀླུ་ཟམ་ཁ”རུ་ལས་སྒུག་བྱས་ནས་སྡོད་པའི་འཚོ་བའི་ལས་གནས་དང“ནོར་བཟང་ནང་མ་ཁང”གི་ལས་གནས་སམ་ཁོར་ཡུག་བར་གྱི་ཧེ་བག་ལས་བྱུང་བའི་འགལ་རྐྱེན་དུ་གྱུར་བ་རེད།

“ལྷ་མཛེས”ཀྱིས“ཟམ་འོག་གི་རྒྱུག་ཆུ་དེར་ཅེར་ནས”“དྭངས་རྒྱུ་མེད་པའི་ཆུ་དེ་ཏོག་ཙམ་ཡང་མི་སྡོད་པར་རྒྱང་ལ་ཁད་ཁད་ཀྱིས་བཞུར་ནས་འགྲོ་བས། ལྷ་མཛེས་ཀྱི་སེམས་སུ་དེ་ཡིས་རང་གི་ཞྭ་མོ་དམར་པོ་དེ་དང་མཉམ་དུ་གཙིགས་སུ་འཛིན་པའི་ཅི་ཞིག་ཁུར་ནས་རྒྱང་ལ་བུད་སོང་བ་འདྲ”བའི་རྒྱུ་རྐྱེན་ལས། “ཕུན་རྣམ”གྱིས“ལྷ་མཛེས”ལ་སྔ་མོ་ནས་ཞྭ་མོ་ཞིག་ཉོ་འདོད་ཡོད་ཀྱང་དངུལ་གྱི་མ་འདང་བས་ཡུན་རིང་ལ་བསྒུགས་པ་དང་། ཕྱིས་སུ“ཞྭ་མོ་དམར་པོ”ཆུ་ཁུར་སོང་བའི་གོ་སྐབས་དང་བསྟུན་ནས་ཉོས་པའི“ཞྭ་མོ་དམར་པོ”དེ་སྟེར་བའི་སྐབས་དེར། ལྷ་མཛེས་ཀྱི“ཡིད་དུ་ཕུན་རྣམ་ནི་སྐབས་དེར་གཡའ་དག་པའི་ལྷ་སའི་ནམ་མཁའ་ལྟར་ཡང་གཙང་དུ་གནས་ཤིང་། རང་ཉིད་ད་ནི་ཟམ་འོག་ཏུ་རྒྱུག་པའི་ཆུ་བོ་དེ་བཞིན་མི་གཙང་བས་བསླད་ཡོད་པར་སྙམ། དེ་བས། སྣང་བ་ཞིག་ལ་ཕུན་རྣམ་འཁྲིས་སུ་ཉེ་བར་བསྡད་ཀྱང་ཤིན་ཏུ་རྒྱང་རིང་བོར་གནས་འདུག་པའི་ཚོར་སྣང་བྱུང”བ་དང་། ཏག་ཏག་སྐབས་དེར་འཇིགས་མེད་ཡང་འབྱོར་སྟེ“མདང་ནུབ་རང་གི་ཞྭ་མོ་འཁྱེར་རྒྱུ་བརྗེད་འདུག”ཅེས་པས། “ལྷ་སའི་ཉི་འོད་ཀྱི་འོག་ཏུ་ལྷ་མཛེས་ལ་མགོ་ཡོམ་ལྟ་བུ་འཁོར་ཡོང་བ་དང་། ལུས་པོ་གཟུགས་ཀྱིས་མི་ལྕོགས་པ་ལྟར་གཡོ་ཙམ་བྱས། མོས་སྔོན་ཆད་ལྟར་མིག་གིས་ཐད་ཀར་ཕུན་རྣམ་ལ་ལྟ་མི་ཕོད་པར་གྱུར། དེ་ནས་མྱུར་དུ་ཕུན་རྣམ་གྱི་ཞྭ་མོ་དེ་བླངས་ཏེ་ཆུ་ནང་དུ་གཡུགས་པ་ན། དེ་ནི་ཟམ་འོག་གི་རྒྱུག་ཆུས་དམར་ལམ་ལམ་དུ་ཁུར་ནས་རྒྱང་ལ་ཕྱིན་སོང”བ་དང་།  “ལྷ་མཛེས་ཀྱིས་མགོ་བོ་སྨད་དེ་ཕུན་རྣམ་ལ‘ཇོ་རང་དགོངས་འགལ་མེད་པར་ཞུ་ཨང་། ད་ནི་ང་ཞྭ་མོ་དེ་ཆུས་ཁུར་པ་བཞིན་བརྗེད་པར་གྱིས་ཤིག’ཅེས་ལབ་པ་དང་ཕར་ཕྱིན་ཏེ་འཇིགས་མེད་ཀྱི་འཇེབ་འཁོར་དུ་བསྡད། ལྷ་ཀླུ་ཟམ་ཁའི་ལས་སྒུག་པ་ཚང་མའི་མིག་སྐྱེལ་འོག་འཇེབ་འཁོར་ཤ་རེར་བུད་སོང”བའི་མཚོན་པའི་སྣང་བརྙན་དེ་དག་ལས། “ལྷ་ཀླུ་ཟམ་ཁ”ཡི་ལས་གཡོག་ཕྲན་ཙམ་རེ་ལ་བསྟེན་ནས་སྡོད་པའི་འཚོ་བ་དེ་ནས། རྐྱེན་དང་གནོད་ཤུགས་གང་རུང་གིས“ལྷ་མཛེས”ཀྱིས“ནོར་བཟང་ནང་མ་ཁང”ལ་འགྲོ་རྒྱུར་བདམས་པ་དེ་ཡང་། གཅིག་ནི་ཁྲེལ་དང་ངོ་ཚའི་དབང་གིས་ཡིན་པ་དང་། གཉིས་ནི་ཁོར་ཡུག་གང་དེའི་ཡོང་འབབ་བམ་གླ་དངུལ་གྱི་དབང་གིས་ཡིན་པའང་འདྲ་བའི“ནོར་བཟང་ནང་མ་ཁང”གིས“ལྷ་ཀླུ་ཟམ་ཁ”ཡི་འཚོ་བ་དེར་གཏོར་བརླག་བྱུང་དེ། མདོར་དེད་ན་མི་གཤིས་དང་རྒྱུ་འབྱོར་གྱི་རྐྱེན་ལས་བྱུང་བ་རེད་སྙམ་པ་དེའོ། །

 

མཇུག་བྱང་།

ལྷ་བྱམས་རྒྱལ་གྱི་སྒྲུང་ཐུང《ལམ་གྱི་ཉི་འོད》ཀྱི་སྤྱི་འགྲོས་ནི“ཉིན་མོ”ཞིག་དང“མཚན་མོ”ཞིག་གི་ཕྱོགས་གཉིས་སུ་གྱེས་ཡོད་པར་འདོད་དེ། མི་སྣ“ལྷ་མཛེས”དང“ཕུན་རྣམ”སོགས་ཀྱི“ལྷ་ཀླུ་ཟམ་ཁ”ཡི་འཚོ་བ་ནི“ཉིན་མོ”ཞིག་གི་ཁྲོད་དུ་བཞེངས་སྐྲུན་བྱས་ཡོད་ལ། རྒྱུ་མཚན་ཁོ་ཚོ་ནི་འཚོ་བའི་ཁྲོད་ཀྱི་རྙིག་འཛིང་སོགས་གནག་གནོག་གི་དྲི་མས་མ་གོས་པའི་གྲོང་གསེབ་ཀྱི་མི་སེར་དཀྱུས་མ་ཏག་ཏག་ཡིན་པ་དང་། “སྦྱིན་བདག་འཇིགས་མེད”དང“ནོར་བཟང་ནང་མ་ཁང”གི་ཁོར་ཡུག་དེ“མཚན་མོ”ཞིག་གི་ཁྲོད་དུ་བཞེངས་སྐྲུན་བྱས་ཡོད་པ་ཡིན་ལ། རྒྱུ་མཚན་ཁོ་ཚོའི་འཚོ་བ་ནི་མཚན་མོའི་ནང་མ་ཁང་དུ་མི་ཚོགས་ཀྱིས་བཀང་པའི་འཚོ་བ་ཞིག་ཡིན་ལ། དེ་རུ་མིའང་སྣ་ཚོགས་ཡོད་པས་མི་གཤིས་ཡང་འདྲ་མིན་སྣ་ཚོགས་ཡིན་པ་དང་། དེ་མིན་འཚོ་བ་དང་ཁོར་ཡུག་དེ་གཉིས་ཀྱི་རྒྱུ་འབྱོར་གྱི་ཧེ་བག་ལས་འཚོ་བ་ཕན་ཚུན་ལ་གནོད་ཤུགས་དང་གྱོང་རྒུད་ཐེབས་པ་ཡི་འཚོ་བའི་ཁྲོད་ཀྱི་དངོས་ཡོད་གནས་ཚུལ་ཞིག་ཀློག་པ་པོའི་མིག་མདུན་དུ་གསལ་བོར་བཤམས་པ་ནི་འཚོ་བ་ལ་ལྟ་བའི་མེ་ལོང་འདྲ་བའི་དགེ་མཚན་ལྡན་པར་འདོད་དོ།། །།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1