ཁྲག་གི་འདབ་མ།

ཚེ་རིང་ནོར་བུས་བརྩམས། ཐེ་བོ་འབྲུག་རྒྱལ་མཁར་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


ཁྱེད་ཀྱིས་གནའ་བོའི་སྙན་རྩོམ་ཚན་པ་ཞིག་ཐོགས་ནས་ང་ལ་དེའི་བརྗོད་སྙིང་འདྲི་སྐབས། ང་རང་བློང་བློང་བོར་གྱུར། “ཁྱེད་རང་བོད་ཡིག་ཆེད་སྦྱོང་གནང་མཁན་མིན་ནམ། འདིར་ཅི་ཞིག་བརྗོད་ཡོད་པའང་འགྲེལ་བཤད་བསྐྱོན་མི་ཐུབ་བམ།”ཁྱེད་ཀྱིས་འདི་ལྟར་ཕུ་འདྲི་མདོ་འདྲི་གནང་པས་ང་རང་ལྷག་ཏུ་ཁ་སྐྱེངས་སྨྲ་མེད་དུ་ལུས།

ངས་བོད་ཡིག་གི་དཔེ་དེབ་ལག་པར་མ་འཆང་པར་ལོ་ངོ་ཉི་ཤུ་ལྷག་ཕྱིན་འདུག སྔོན་ཆད་སྦྱངས་མྱོང་བའི་ཤེས་བྱ་མང་པོ་ཞིག་རྒྱུས་མེད་དང་། ཁ་ཤས་ཤིག་སྔ་ས་ནས་བརྗེད་ངེས་རྐུན་པོས་ལྷག་མེད་དུ་བཅོམ་ཚར། རང་ཉིད་ཀྱི་ངོ་ཚ་འགེབས་སླད་ངས་ཁྱེད་ལ་སང་ཉིན་བཀའ་ལན་ཁ་གསལ་ཞིག་འདེབས་རྒྱུའི་ཁས་ལེན་བགྱིས་མོད། ཁྱེད་ཀྱི་མིག་ཟུང་ནི་ཡུ་མོ་བཞིན་ལྡེབ་ཙམ་ལྡེབ་ཙམ་གནང་ཞིང་། མིག་མདངས་དེ་ལ་སོམ་ཉི་དང་ཡིད་ཆད། རེ་ལྟོས་སོགས་གཅིག་ཏུ་འདྲེས་སྟབས། ངའི་སེམས་པའང་ཟང་ངེ་ཟིང་ངེར་བཏང་།

འདི་ནི་བོད་ཡིག་གི་ཡིག་རྙིང་དུམ་བུ་ཞིག་སྟེ། ཕལ་ཆེར་ཏུན་ཧོང་གི་བྲག་ཕུག་ནས་བཏོན་པའི《བོད་ཀྱི་ལོ་རྒྱུས་ཤོག་དྲིལ།》དུ་ངེས་ཤིང་། ད་ནས་བརྩིས་པའི་སྤྱི་ལོ་དུས་རབས་དྲུག་པ་དང་བདུན་པའི་ནང་གི་བོད་ཀྱི་སྙན་རྩོམ་ཞིག་རེད། ནང་ལ་སླེབས་རྗེས། ངས་དཔེ་སྒྲོམ་སྟེང་གི་རྡུལ་གྱིས་ཟིན་པའི་དཔེ་དེབ་དེ་དག་ལྟ་དུས། ཡུན་རིང་འདས་པའི་ས་དྲི་ཞིག་སྣ་བའི་བུ་གར་འཚང་མོད། འོན་ཀྱང་ཡིད་ཕངས་པ་ཞིག་ལ་དཔེ་སྒྲོམ་དུ《བོད་ཀྱི་ལོ་རྒྱུས་ཤོག་དྲིལ།》ཞེས་པའི་དེབ་རྙིང་དེ་མི་འདུག

ངས་ཤོག་ངོར་ཕབས་པའི་སྙན་རྩོམ་དུམ་བུ་གསུམ་པོ་ལག་དུ་བཟུང་ཐོག་འབོལ་ཁྲིའི་སྟེང་གན་རྐྱལ་དུ་བསྡད་དེ། སྟེགས་སྒྲོན་གྱི་འོད་སྣང་གཉོམ་པོའི་འོག ཡང་དང་བསྐྱར་དུ་ཚིག་དོན་ལ་བསམ་གཞིགས་བྱས། འདི་ནི་རང་གིས་རང་ཉིད་ཀྱི་མཛད་རྗེས་ལ་བསྔགས་པའི་སྙན་རྩོམ་ཞིག་སྟེ། ཟུ་ཙེ་ཞེས་པའི་བློན་ཆེན་ཞིག་གིས་བཙན་པོ་དང་བློན་པོའི་ཚོགས་ཀྱི་མདུན་སར་རང་ཉིད་ཀྱི་འཇོན་ཐང་ངོམས་པའི་སྙན་རྩོམ་ཞིག་རེད།

བལྟས་ཀྱིན་བལྟས་ཀྱིན་དུ་ཡིག་འབྲུ་འདི་དག་གིས་ཁོ་བོའི་ཡིད་ཀྱི་དང་བ་ལྷག་མེད་དུ་དྲངས་ཤིང་། རྣམ་ཤེས་ཀྱང་ཡི་གེའི་འབྲུ་རེ་རེ་དང་འགྲོགས་ཏེ་དབྱིངས་སུ་འཐིམས།

དཀྱེལ་ཡངས་རྔམ་ཟིལ་ཆེ་བའི་ཕོ་བྲང་དུ། མཛངས་ལ་དཔའ་བའི་ཕོ་གཞོན་ཉམས་དགའ་བ་ཞིག་མངོན་མཐོའི་ཁྲི་ལ་བཞུགས་ཤིང་། གཡས་གཡོན་གྱི་གདན་གྲལ་དུ་ཁོང་གི་བློན་པོ་ཚོ་ཧྲིལ་གྱིས་བཞུགས།

དབུ་སྐྲ་དུང་ལྟར་དཀར་ཞིང་བཟང་པོའི་གོས་ཀྱིས་བརྒྱན་པ། སྐེད་ལ་རལ་གྲི་བཏགས་ཤིང་རྐང་ལ་ལྷམ་འཇའ་ཆེན་སྣེ་འཁྱིལ་བསྣབས་པའི་བགྲེས་པོ་ཞིག་ཚོགས་དབུས་སུ་འགྲེངས་ནས། ཁྲི་ལ་བཞུགས་པའི་གཞོན་ནུ་དེའི་ཞལ་སྔར་གསོལ་བ།“ སྔོན་བཙན་པོའི་ཡབ་གནང་རི་འི་རིང་ལ། ། བདགས་རྩང་བོད་འབངས་སུ་བཀུག་པ་ལྟ་ཞིག ། ཡབ་ཀྱས་སྤྱན་གྱས་མ་གཟིགས། ། ཞབས་ཀྱིས་མ་བཆགས་ན། ། བཙན་པོ་སྲས་ཀྱས་སྤྱན་གྱས་གཟིགས། ། ཞབས་ཀྱས་བཆགསྟེ། ། བདག་ག་སྡུམ་པ་ཁྲི་བོམ་སུ། ། དགྱེས་སྐྱེམས་སྟོན་མོ་གསོལ་དུ་ཇ་གནང་”ཞེས་གསོལ་ནས་ལུས་ཕུང་སྒུར་སྒུར་གནང་ཞིང་ལག་ཟུང་སྙིང་ཁར་སྦྱར།

“ངེད་ཀྱིས་བློན་པོ་ལ། ཁྱུང་པོ་སྤུང་སད་ཟུ་ཙེ་ལས་གློ་ཉེ་བ་སྔོན་ཆད་མ་བྱུང་ངོ་།།”ཞེས་སྐུ་ན་ཕྲ་བའི་བཙན་པོས་སྤུང་ཟད་ཀྱི་གསོལ་བ་བཞིན་ཚམ་ཚོམ་མེད་པར་ཁས་ལེན་གནང་།

ཁྱུང་པོ་སྤུང་སད་ཟུ་ཙེའི་གདོང་ལ་སྨྲ་མི་ཤེས་པའི་འཛུམ་མདངས་འཕྱུར་ཞིང་། སྐུ་ན་ཕྲ་བའི་བཙན་པོར་བཀའ་དྲིན་ཡང་ཡང་ཞུས།

ཕོ་བྲང་ནས་ཐོན་སྟེང་ཁྱུང་པོ་སྤུང་སད་ཟུ་ཙེ་དང་སྐུ་སྲུང་བ་སུམ་ཅུ་ལྷག་བཅས་རྟ་ལ་ཞོན་ཏེ་བྱ་འཕུར་བ་ལྟར་ལམ་ལ་ཆས། ཁོ་ཚོའི་རལ་གྲི་དང་ཡོབ་ཆེན་བརྡབས་པའི་ཆོམ་སྒྲ་བར་མེད་དུ་མཆེད་ཅིང་། རྒྱབ་གྱི་མདའ་གཞུའང་ལུས་པོའི་སྟབས་དང་བསྡོངས་ཏེ་ཅི་དགར་གཡོ། གྲོང་ཁྱེར་ལྷ་སའི་སྲང་ལམ་གྱི་མཁའ་དབྱིངས་སུ་རྟ་ཕོའི་རྨིག་སྒྲ་དང་རྡུལ་འཚུབ་ཀྱིས་ཁེངས་ཤིང་། ལོག་གཉིས་ཀྱི་ལམ་འགྲོ་བ་ཚོས་གོམ་མཚམས་བཞག་སྟེ་ཚ་ཚ་འུར་འུར་གྱི་རྣམ་པ་འདིར་བལྟ་བཞིན། དོན་ཆེན་ཅི་ཞིག་འབྱུང་བའི་སྔ་ལྟས་སུ་སྒོམ།

ཁྱུང་པོ་སྤུང་སད་ཟུ་ཙེ་ཉིན་མཚན་དབྱེར་མེད་བང་གིས་བརྒྱུགས། རྟ་ཕོའི་རྨིག་སྒྲ་རི་སིལ་དང་གཙང་ངོགས། སྡེ་མཐའ་རུ་ལྷང་ལྷང་མཆེད་ཅིང་། ཡང་དེ་མ་ཐག་འཇགས་པར་གྱུར། ཁོས་རྟ་གོང་ནས་ཟླ་བ་དང་སྐར་མ། ཉི་མ་དང་སྤྲིན་པར་རང་ཉིད་ཀྱི་བཟོད་དུ་མེད་པའི་ཞེ་འཁོན་བརྗོད་པར། ཁྱེད་ཚོའི་ཆེད་དུ་བདག་གིས་གཅེས་པའི་སྲོག་ཀྱང་འབེན་དུ་བཙུགས་ཏེ་དྲག་པོའི་གཡུལ་དུ་ཞུགས། སྔ་ཕྱིར་བཙན་པོའི་གདུང་རབས་གཉིས་ལ་ཆོས་སྲིད་ཀྱི་མཛད་བཟང་བླ་རུ་བཏེགས་ཀྱང་། ཁྱེད་ཚོས་ནམ་ཡང་ཁོ་བོ་དམའ་རུ་ཕབ་ཅིང་བདག་རྐྱེན་མཐོན་པོའི་གནང་ཆས་དབེན། ཁྱེད་ཚོས་འདི་ལྟར་ཁོ་བོའི་སེམས་པ་སྡུག་ལ་སྦྱར། རྟ་ཕོའི་བརྟན་ཞིང་བརྗིད་པའི་རྨིག་སྒྲ་དང་། རལ་གྲི་ཡོབ་ལ་རྡེབ་པའི་ཆོམ་སྒྲ། སྐུ་སྲུང་བའི་གཡོ་མེད་སྒམ་བརླིང་གི་ངོ་གདོང་ལས་ཁོས་རང་གི་ཇུས་བཀོད་ལ་འཛོལ་མེད་གདེངས་ཐོབ་ཀྱི་ཡིད་ཆེས་རྙེད་ཅིང་། ལོ་རྒྱུས་དུམ་བུ་འདི་འབྲི་མཁན་རང་ཉིད་བྱེད་པའི་འདུན་པ་བཅངས། ཁྱུང་པོ་སྤུང་སད་ཟུ་ཙེས་ལྕག་གིས་སྐུལ་ཐེངས་རེར་གློག་ཞགས་འཁྱུག་འདྲའི་རྟ་ཕོའི་བང་ཁ་མདུན་དུ་མཆེད། རྒོད་གཤོག་བརྐྱངས་འདྲའི་གོས་ཆེན་གྱི་སྨད་གཡོགས་རླུང་གིས་བསྐྱོད། སྐུ་སྲུང་བ་ཚོས་དམག་རྟའི་དབུགས་རིང་ལ་ཉན་བཞིན་རྟ་ཕོར་ལྕག་གིས་སྐུལ་ཏེ་རྗེས་སུ་བསྙེགས།

ཚང་ཚིང་གཡུ་ལོ་འཁྲུག་པའི་རྐང་འཐུང་དབུས། ། ཕོ་བྲང་ཁྲི་བོམས་ཡིད་འོང་རབ་ཏུ་བརྗིད། ། གཡུ་ལོའི་རླབས་ཀྱིས་དབུ་རྩེའི་རྩིག་དཀར་བརྒྱན། ། མངོན་མེད་གྲོས་ཀྱི་ཇུས་ཤིག་འདི་ན་གཤམ། ། ཁྱུང་པོ་སྤུང་ཟད་ཟུ་ཙེས་སྲབ་མདའ་བསྒགས་ཏེ་རྟ་ཕོའི་ལུས་སྟོད་བར་སྣང་དུ་འཕྱོ། འདི་ལྟར་རྟ་ཕོའི་གོང་ནས་ཨ་སྔོན་ལ་བསྟད་པའི་རྣམ་པས་ཁོའི་ཁྲག་རྩ་རྒྱས་ཤིང་། སྨྲ་བསམ་བརྗོད་ལས་འདས་པའི་བདེ་ཚོར་ཞིག་ལུས་སེམས་གཉིས་ལ་ཁྱབ།

ཁྱུང་པོ་སྤུང་ཟད་ཟུ་ཙེ་ཕོ་བྲང་གི་བར་ཁྱམས་དུ་འཕྲོས་པའི་གསེར་འོད་ཁྲོད་སྐྱིལ་དྲུང་དུ་བཞུགས་ཤིང་། བདུད་རྩི་ཆང་གི་མངར་ཁ་ལ་རོལ་བཞིན་བློ་ནས་སྐུ་ན་གཞོན་པའི་བཙན་པོ་ཡང་ཡང་བཀྲོངས། ཆང་དང་ཉི་འོད་ཀྱི་སྦྱོར་བས་ཁོའི་ཞལ་མདོག་ནག་པོ་ནས་དམར་པོར་ཆགས་སྟེང་གད་མོ་ལྷང་ལྷང་དགོད་སྲིད། བུད་མེད་རྣམས་གམ་དུ་བཅར་ཚེ་ཁོས་ལག་པ་གཡུགས་གཡུགས་གནང་སྟེ་ཁོང་དང་རིང་དུ་གྱེས་པའི་བརྡ་བསྟན། དམག་དཔོན་དག་མདུན་དུ་ཡོང་ཏེ་རྣ་བར་ཤབ་ཤུབ་སྨྲས་ཚེ་ཁོས་སྐྱེམས་ཆང་ཕོར་བ་གང་རེ་སྤྲད་དེ་འགྲོ་རུ་འཇུག ཁོས་འདི་ལྟར་ཉི་མར་ལྡེ་ཞོར་རང་ཆང་རང་གིས་འཐུང་སྟེ་ཟླ་གཅིག་ཉེ་ཙམ་ཕྱིན་ལ། གར་འོང་མི་ཤེས་པའི་དགོད་སྒྲ་དེ་ཡང་ཟླ་བ་གཅིག་གི་རིང་ལ་ཁོའི་སྙིང་ཁ་ནས་ལྷང་ལྷང་དུ་འཕྱུར།

ནང་གི་ལྕམ་དང་བུ་ཕྲུག་ཚོས་ཁོ་ལ་ཅི་ཞིག་བྱུང་བའི་སོམ་ཉིར་ཚུད་ཅིང་། ལྷང་ལྷང་གི་དགོད་སྒྲ་དེ་ཐོས་ཐེངས་རེར་ཁོའི་ནང་སེམས་ནི་ཇི་འདྲའི་དཔོག་དཀའ་ཞིང་རྙོག་དྲ་ཡིན་པ་རྟོགས་ཐུབ།

བཙན་པོ་ཕེབས་པའི་ཉིན་མོ་ནི་ཉེ་ནས་ཉེ་རུ་བཅར། འཁོར་གཡོག་ཚོས་ཆང་བཙགས། རྩམ་པ་བཏགས། ནོར་ལུག་ཤ་ཁོག་ཧྲིལ་བོ་རེ་རེ་མཛོད་དུ་བཀལ། དགའ་སྟོན་གྱི་སྤྲོ་དགས་ཕོ་བྲང་ཁྲི་བོམས་ཀྱི་ག་ས་གང་དུ་ཁྱབ་འདུག

ཟླ་བ་ནུབ་རིར་དལ་གྱིས་དཔྱང་དུས། འཚུབ་ཆས་དེད་པའི་རྨིག་སྒྲ་ཞིག་རླུང་དང་འགྲོགས་ཏེ་ཕོ་བྲང་ཁྲི་བོམས་ཀྱི་སྒོ་ཁར་འབྱོར། དཔའ་རྟུལ་ཞིག་རྟབ་རྟབ་པོར་རྟ་ལས་བབས་ཏེ་ཐད་ཀར་ཁྱུང་པོ་སྤུང་ཟད་ཟུ་ཙེའི་གཟིམ་ཁང་གི་ཕྱོགས་སུ་བརྒྱུག

ཕོ་བྲང་གི་མར་མེ་རིམ་གྱིས་སྦར་ཞིང་། དུད་ཁྱིམ་གྱི་སྒེའུ་ཁུང་དག་རེ་རེ་བཞིན་གསལ་ལྷང་ངེར་གྱུར། ཁྱུང་པོ་སྤུང་ཟད་ཟུ་ཙེས་ནང་མི་དང་དམག་དཔོན་རྣམས་གཅིག་ཏུ་བསྡུས་ཤིང་། དུང་ལྟར་དཀར་བའི་དབུ་སྐྲར་བྱིལ་བྱིལ་བྱེད་བཞིན་སོས་དལ་བག་ཕེབས་ཀྱིས“དོན་དག་ལ་འགལ་རྐྱེན་བྱུང་འདུག འདི་ཡོད་ཚད་ཁྱེད་རང་ཚོ་དང་འབྲེལ་བ་སྤུ་ཙམ་མེད། སྔོན་ལུགས་ལ་རྐྱེན་ངན་མི་ཡོང་བའི་ཆེད་དུ། ད་ལྟ་ངའི་བཀའ་བསྒོས་བཞིན་ངའི་སྲས་ཆུང་དབང་རུ་ཆུང་གིས་བདག་གི་མགོ་བོ་ཁྱེར་ཏེ་བཙན་པོར་མཇལ་ཞིང་། བདག་ནི་ཁྱེད་ཀྱིས་གྲོངས་པ་ཡིན་ཞེས་སྙན་ཞུ་འབུལ་དགོས།”

བུད་མེད་རྣམས་ཀྱིས་ཕེ་འདེབས་ལོང་ཡང་མ་བྱུང་བར་ཁྱུང་པོ་སྤུང་ཟད་ཟུ་ཙེའི་ལག་གི་རལ་གྲིས་རང་གི་སྐེ་ཡི་ཕྱེད་ཀ་བྲེགས་འདུག ཁྲག་རྣམས་ཕྱོགས་སུ་འཕྱོས་སྟེ་མེ་ཏོག་གི་འདབ་མ་བཞིན་རྩིབས་ངོས་དང་ས་སྟེང་དུ་ལྷམ་མེར་བཞད།

ཉེ་ཟེར་གྱིས་སྤྲོ་དགའི་ངང་ཕོ་བྲང་ཁྲི་བོམསཀྱི་དབུ་རྩེར་བྱིལ་བྱིལ་གནང་སྐབས། དབང་རུ་ཆུང་ཏོག་སེ་རྟ་ལ་ཞོན་ཞིང་། ཁོའི་རྒྱབ་ཀྱི་རས་ཁུག་ཏུ་ཡབ་ཀྱི་མགོ་བོ་བཅུག་འདུག དཔའ་རྟུལ་ཞིག་གིས་དར་དཀར་པོ་ཡུག་ཅིག་ཕྱར་ཏེ་ཆེས་ཐོག་མར་བྱ་འཕུར་བ་ལྟར་ཕོ་བྲང་ལས་ཐོན། སྐུ་སྲུང་བ་སུམ་ཅུ་ལྷག་གི་རྟ་ཕོའི་རྨིག་གསེང་ལས་ས་རྡུལ་ལང་ལོང་དུ་འཚུབ་ཅིང་། དེ་དག་བར་སྣང་དུ་གཡེང་བས་རུ་ཁག་ཡོངས་རྫོགས་མི་སྣང་བར་གྱུར།

ཕོ་བྲང་ཁྲི་བོམས་ཀྱི་ཁང་ཤག་ཞིག་ཏུ་ངས་ཁྱེད་རང་མཐོང་། དེ་དུས་ཀྱི་ཁྱེད་རང་སྐྱིལ་དྲུང་གིས་གདན་ལ་བཞུགས་ཤིང་། སྨྱུ་གུ་སྣག་ཚར་སྒྲེ་བཞིན་ཤོག་ངོས་སུ་སྙན་རྩོམ་འདི་དག་འབྲི་བཞིན་མཆིས།

ངའི་བསམ་པར་སྙན་རྩོམ་འདི་དག་ཁྱེད་ཀྱིས་བྲིས་པ་ཡིན་བཞིན་དུ། ལོ་ངོ་སྟོང་ཕྲག་གཅིག་ལྷག་འདས་རྗེས་ཁྱེད་ཀྱིས་ང་ལ་འདིའི་དོན་ལྡོག་འདྲི་བྱ་དོན་ག་རེ་ཡིན་ནམ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1