རྔ་བ་ཁུལ་གྱི་འབྲོག་རྫོང་སོ་སོས་དཔྱིད་སྐྱེལ་བའི་དཀའ་ངལ་ཐག་གཅོད་བྱས།

མགོན་པོ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-12


     དཔྱིད་ཟླ་གསུམ་པ་སླེབས་པའི་དུས་འདིར་རྔ་བ་ཁུལ་གྱི་འབྲོག་རྫོང་ཁག་ཏུ་བསྟུད་མར་ཁ་བ་ཆེན་པོ་བབས་པ་དང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་གིས་དངུལ་དཀར་གྱི་ལྭ་བ་གྱོན་ནས། རྩྭ་ཐང་ཡོངས་སུ་རྩྭ་རྐང་གཅིག་ཀྱང་མཐོང་ཡུལ་དུ་མེད་པར་སྣང་། འདི་ནི་ཕྱུགས་རྫི་རྒན་པོ་ཚོར་མཚོན་ན་བཀྲ་ཤིས་པའི་སྔ་ལྟས་ཞིག་མིན་པར། ལོ་རེའི་དཔྱིད་ཟླ་གསུམ་པ་དང་བཞི་བ་ནི་ཁོ་ཚོར་མཚོན་ན་གནོན་ཤུགས་རི་ལས་ལྕི་བའི་ཟླ་བ་ཞིག་ཡིན་ཅིང་། ཟླ་བ་འདི་གཉིས་ནི་ལོ་རེའི་ནང་གི་ཁ་བ་ཆེས་ཆེན་པོ་འབབ་པའི་ཟླ་བ་ཡིན་ཅིང་། དམངས་ཁྲོད་ཀྱི་བཤད་སྲོལ་ལ་ཁུ་ཡུག་ཤིང་ལྕོག་ཟེར་བ་སོགས་བསྟུད་མར་ཁ་བ་ཐེངས་མང་འབབ་སྲིད་པས། ཟླ་བ་འདིར་ཕྱུགས་ཟོག་གིས་རྩྭ་བཟའ་རྒྱུ་མི་རྙེད་པས་མུ་གེར་འཆི་བ་ཧ་ཅང་མང་བས་འབྲོག་པ་ཚོར་གྱོང་གུན་ཆེན་པོ་ཐེབས་སྲིད།
       རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར་ཧུང་ཡོན་རྫོང་ཞིང་འབྲོག་དང་ཆུ་དོན་ཅུས་ཀྱིས2018ལོའི་ཀྲུང་དབྱང་གི་ཞིང་ལས་ཐོན་སྐྱེད་རྒུད་སྐྱོབ་ཀྱི་མ་དངུལ་བེད་སྤྱད་ནས། གཟན་རྩྭ་ཏུན405.3ལྷག་དང་སྤུས་ལེགས་རྩྭ་སྔོན་ཆག་པ21450ལྷག་ཉོས་ནས། རྫོང་དེའི་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་མང་ཚོགས་རྣམས་ལ་སྟེར་བ་རེད། དེ་དང་དུས་མཚུངས་སུ་རྔ་བ་རྫོང་ལ་ཡང་བསྟུད་མར་ཁ་བ་ཆེན་པོ་བབས་པས། སྔ་གཞུག་ཏུ་གཅའ་རོ་གྲོང་རྡལ་དང་གཅའ་ཁོག་ཕྱུགས་ར་ཡུལ་ཚོ། རྨེ་རུ་མ་གྲོང་རྡལ་དང་རྒྱ་སྟོད་ཡུལ་ཚོ་སོགས་ཡུལ་ཚོ་དང་གྲོང་རྡལ21གི་གནོད་ཐེབས་ས་ཁུལ་ལ་རིན་མི་དགོས་པར་གཟན་རྩྭ་ཏུན380ལྷག་སྟེར་ནས། ཕྱུགས་ཟོག་གི་དཔྱིད་སྐྱེལ་དཀའ་བའི་གནད་དོན་ཐག་གཅོད་བྱས།

      དབྱར་ཁ་རྩྭ་ཆུ་འཛོམས་པས་ཕྱུགས་ཟོག་གི་ཕོ་བ་འགྲང་ཆེ་བ་དང་། དཔྱིད་ཀ་ཁ་བ་ཆེན་པོ་བབས་པས་ཕྱུགས་ཟོག་གི་ཁར་རྩྭ་མི་རེག་པས་ཕྱུགས་ཟོག་མུ་གེས་འཆི་འགྲོ་བ་སོགས་ནི་མཐོ་སྒང་འབྲོག་ཁུལ་གྱི་གདོང་ལེན་དགོས་པའི་གནད་དོན་དུ་གྱུར་ཡོད། ཉེ་བའི་ལོ་འདི་དག་གི་རིང་དུ་རྔ་བ་ཁུལ་གྱིས་དེང་རབས་འབྲོག་ལས་དཔེ་སྟོན་རྫོང་ཞེས་པ་ལག་བསྟར་བྱས་པ་ནས་བཟུང་། མང་ཚོགས་ལ་ཕྱུགས་ཟོག་བསྡུ་སའི་དྲོད་ཁང་དང་གཟན་རྩྭ་འདེབས་འཛུགས་རྟེན་གཞི། འབྲོག་ལས་ཐོན་ལས་ཀྱི་སྒྲིག་ཆས་འཛུགས་སྐྲུན་དང་འབྲོག་ལས་འགན་སྲུང་གི་མ་ལག་སོགས་འཛུགས་སྐྲུན་བྱས་ནས། གནམ་ལ་བརྟེན་ནས་འབྲོག་ལས་གཉེར་བའི་གདོད་མའི་བྱེད་སྟངས་ལ་རྩ་བ་ནས་བསྒྱུར་བཅོས་བྱེད་བཞིན་ཡོད་པ་རེད། །  




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1