༄༅།། སྡེ་ཆེན་མཁའ་འགྲོ་དྲན་པའི་ཐོལ་མགུར།

ཏ་ནི་ལྷ་རྒོད། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-01



 
ཟི་ལིང་། ཏ་ནི་ལྷ་རྒོད།

མཐོན་མཐིང་གཡུ་ལོའི་ཞིང་གི་དགའ་བའི་ཚལ་ན། །
ཚེ་རབས་ལས་སྐལ་བྱེ་བའི་འདུན་མ་སྐྱོང་བའི། །
ཐུགས་རྗེ་བྱིན་རླབས་འཇོ་བའི་འཕྲིན་ལས་བདག་མོ། །
སྐད་ཅིག་བརྩེ་བའི་ཟུར་མིག་ང་ལ་གནང་རོགས། །
སྡེ་ཆེན་གཡུང་དྲུང་འཁྱིལ་འདྲའི་ཕང་བའི་ཁུགས་ཀྱི། །
མོ་གཞོན་སྟོང་གི་ལང་ཚོའི་ཕུན་ཚོགས་འཛིན་པའི། །
མིག་རས་གཡོ་བ་མེད་པའི་སྡེ་ཆེན་མཁའ་འགྲོ། །
སེམས་ཀྱི་རི་དྭགས་ཉན་པའི་རྟེན་འབྲེལ་འགྲིག་དགོས། །
སྣང་བ་དཔེ་རུ་ཤར་བའི་ཉམས་རྟོགས་མེད་ཀྱང་། །
བཅུ་དྲུག་ལང་ཚོ་རྫོགས་པའི་ལེགས་བྱས་གཏམས་པ། །
འཁོར་བར་ཞེན་ཆགས་ཆེ་བའི་ལན་ཆགས་འདི་ཡི། །
བུ་ལོན་སྟོང་འཇལ་གནང་དོན་མཁའ་འགྲོ་ཁྱོད་ཡིན། །
མཁའ་འགྲོ་མཁའ་ན་རྒྱུ་བའི་ལྷ་མོ་མིན་ཡང་། །
ཀ་དག་གཉུག་སེམས་ལྷུན་གྲུབ་སྣང་བར་འཁོར་དུས། །
དྲན་འཛིན་བློ་གཞུང་ཐང་གི་སྲིད་པའི་མེ་ཏོག །
མཁའ་འགྲོའི་གཟུགས་སུ་ཤར་བའི་རྣམ་པར་རྟོག་གོ། །
ཡུན་རིང་གོམས་པའི་ཤུགས་ལ་འདང་བརྩེ་ཆགས་པས། །
སྡེ་ཆེན་རི་བོའི་འདབས་ཀྱི་ཨ་ཅག་མཁའ་འགྲོ། །
སེམས་ཀྱི་མི་འགྱུར་མདུད་པའི་ལྷ་མོར་གཟིགས་ཏེ། །
ཉི་ཤུའི་སྣང་བ་ཡན་པའི་བློས་བསླངས་རྒོད་པ། །
གཡང་རྭ་སྒོ་བཞི་འཚོ་བའི་བསོད་ནམས་མ་ཡོད། །
མཐིང་སྦྲ་སྨུག་པོ་ཕུབ་པའི་རྟེན་འབྲེལ་མ་དབང་། །
འཇིག་རྟེན་གསར་པ་ཞིག་གི་སྡེ་བཞི་བསྙེག་པའི། །
མཁའ་འགྲོ་ཁྱོད་ནི་ང་ཡི་ཕུགས་བསམ་ལོས་ཡིན། །
ཚིག་ལ་སྙན་དབང་བདུད་རྩིའི་ཁ་རྒྱན་མ་བཏགས། །
ཞལ་ལ་སྒྱུ་འཕྲུལ་བུ་མོའི་ཚོན་རིས་མ་བྱུག །
ཀ་དག་གཉུག་མའི་ངང་གི་ཡེ་ཤེས་མཁའ་འགྲོ། །
ཁྱོད་ཀྱི་སྐྱེ་བ་ཡིན་པའི་དངངས་འཚབ་འཕྱུར་རོ། །
ཚོགས་གཉིས་ཆུ་བོ་རྒྱས་པའི་བདག་གི་སྲིད་པ། །
རྣམ་དཔྱོད་ཁྲི་གདུགས་འོད་ཀྱི་བཀྲ་བ་འཛོམས་ན། །
སྡེ་ཆེན་འདུན་མ་བཞེངས་པའི་འཕྲུལ་གྱི་ཕོ་བྲང་། །
ང་ཡི་ཡེ་ཤེས་མཁའ་འགྲོ་ཁྱོད་ལ་གཏད་ཆོག །
སྣ་ཚོགས་ཇི་སྙེད་གང་གི་འཇིག་རྟེན་ལྟད་མོ། །
གསེར་གྱི་མེ་ལོང་ཡེ་ཤེས་དྲན་པ་ལྷ་མོས། །
རྣམ་པར་གཟིགས་པའི་ཡིད་ཀྱི་སྟ་གོན་འགྲིག་ན། །
སྡེ་ཆེན་མཁའ་འགྲོར་འབོད་པ་མངོན་པར་རྒྱལ་ལོ། །
ལས་དང་སྨོན་པ་འདྲེས་པའི་འབྱུང་འགྱུར་འདུན་མ། །
རང་དོན་ཕར་ཕྱིན་སྤུན་དྲུག་ལག་རྡང་སྦྲེལ་ན། །
ཁྱོད་དང་ང་ལ་དབང་བའི་ཡིད་དགའ་ཆོས་འཛིན། །
སྒྱུ་མའི་གྲོང་ཁྱེར་ཞིག་གི་ཡན་ནས་བཞེངས་ཆོག །


རྩོམ་ཡིག་སྔོན་མ།
༄༅།། སེམས་ཀྱི་གད་རྒྱངས།
རྩོམ་ཡིག་རྗེས་མ།
༄༅།། ཨ་མའི་སེམས་ཁྲལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1