གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

འོད་ཟེར་འཚོ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༤ཚེས་༢༨ཉིན།

༄༅།། རིག་གནས་ཀྱི་ཁྱད་པར་དང་སྒྱུ་རྩོམ་ལོ་ཙཱའི་བར་གྱི་འགལ་འདུ་རགས་ཙམ་བརྗོད་པ།

 འོད་ཟེར་འཚོ།
          དེ་ཡང་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འདི་རིག་གནས་ཀྱིས་གྲུབ་པའི་ཕུང་པོ་ལྟ་བུ་ཞིག་ཡིན་པས། མི་རྣམས་ཀྱི་སྤྱི་ཚོགས་འཚོ་བ་དང་། བསམ་བློའི་ལོངས་སྤྱོད་སོགས་མཚོན་པའི་སྒྱུ་རྩལ་བརྩམས་ཆོས་དག་ལ་མཚོན་ན། རིག་གནས་དང་མ་འབྲེལ་བ་ཞིག་ག་ལ་ཡོད་སྲིད། དེའི་ཕྱིར་སྒྱུ་རྩལ་རྩོམ་རིག་ ( གཤམ་ནས་སྒྱུ་རྩོམ་ཞེས་མིང་བསྡུ་རྒྱུ་ཡིན། ) གི་ལོ་ཙཱ་ནི་ཡི་གེའི་གཟུགས་དབྱིབས་ཁོ་ན་སྒྱུར་བའམ་བརྗོད་བྱའི་ཆ་འཕྲིན་ཙམ་སྤེལ་བའི་ལས་དོན་ལས་སླ་པོ་ཞིག་མ་ཡིན་པར། དེ་ནི་རིག་གནས་དང་འབྲེལ་བ་ཤིན་ཏུ་ཟབ་པའི་བྱ་བ་རྙོག་འཛིངས་ཆེ་བ་ཞིག་ཡིན་ཏེ། དཔེར་ན། མི་རིགས་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་། བསམ་བློའི་དད་ཕྱོགས། འདུ་ཤེས་འཛིན་སྟངས་སོགས་མི་འདྲ་བའི་དབང་གིས་སྒྱུ་རྩོམ་གྱི་ཕྱིའི་རྣམ་པའི་གྲུབ་ཚུལ་དང་ནང་གི་བརྗོད་བྱའི་དགོངས་དོན་སོགས་ཐ་དད་ཡིན་པ་ཤིན་ཏུ་མང་བ་འདི་དག་ནི་སྒྱུ་རྩོམ་ཞིག་གི་མི་རིགས་ཀྱི་ཁྱད་ཆོས་མངོན་པར་མཚོན་བྱེད་ཀྱི་གྲུབ་ཆ་ཡིན་པར་མ་ཟད། སྒྱུ་རྩོམ་གྱི་ལོ་ཙཱའི་བྱ་རིམ་ནང་གི་དཀའ་གནད་ཅིག་ཀྱང་ཡིན་པས། འདིར་རགས་ཙམ་དཔྱད་ན།
          དང་པོ། རིག་གནས་ཀྱི་གོ་དོན་དང་ཁྱད་ཆོས་རགས་ཙམ་བརྗོད་པ།
          སྤྱིར་རིག་གནས་ཞེས་པའི་ཐ་སྙད་འདིའི་གོ་དོན་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གི་ཁྱད་པར་ཡོད་དེ། སྒྲ་ཡངས་འཇུག་ལྟར་ན། རིག་གནས་ཞེས་པ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་པའི་བརྒྱུད་རིམ་ནང་དུ་མི་རྣམས་ཀྱིས་གསར་གཏོད་བྱས་པའི་བསམ་བློ་དང་དངོས་པོའི་ལོངས་སྤྱོད་ཡོད་དོ་ཅོག་གི་སྤྱི་མིང་ཡིན་ལ། འདིར་བརྗོད་པའང་སྒྲ་ཡངས་འཇུག་གི་རིག་གནས་ཀྱི་ཁྱད་པར་ཁོང་དུ་ཆུད་དགོས་པའི་དོན་ཡིན། དབྱིན་ཇིའི་འགྲོ་བ་མིའི་རིག་གནས་སྨྲ་བའི་སྲོལ་འབྱེད་པོ་སྐུ་ཞབས་ཐའེ་ལིར ( Edward Tylor ) ཞེས་པས་སྤྱི་ལོ་1871ལོར་བརྩམས་པའི་《གདོད་མའི་རིག་གནས་》ཞེས་པའི་ལྗགས་རྩོམ་ནང་དུ། རིག་གནས་ནི་མཉམ་འདུས་ཀྱི་ཕུང་པོ་ཞིག་ཡིན་ཏེ། དེར་ཤེས་རིག་དང་། དད་མོས། སྒྱུ་རྩལ། ཁྲིམས་ལུགས། ཀུན་སྤྱོད། ཡུལ་སྲོལ་ལ་སོགས་པ་དང་། དེ་མིན་སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་པའི་གང་ཟག་རྣམས་ལ་ལྡན་པའི་ནུས་སྟོབས་དང་གོམས་གཤིས་མཐའ་དག་འདུའོ། ཞེས་གསུངས་པ་ནི་རིག་གཞུང་ཁྲོད་དུ་དངོས་སུ་བཏོན་པའི་རིག་གནས་ཀྱི་མཚན་ཉིད་ཆེས་སྔ་ཤོས་ཡིན་ལ། ལོ་ངོ་འགའ་སོང་རྗེས་སྐུ་ཞབས་ཐའེ་ལིར་རང་ཉིད་ཀྱིས་ཡང་བསྐྱར་རིག་གནས་ནི་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་ཉམས་མྱོང་ལས་ཐོན་པའི་ཤེས་རིག་ཅིག་ཡིན་ཏེ། དེས་གང་ཟག་དང་དུད་འགྲོའི་བར་གྱི་ཁྱད་པར་གསལ་པོར་འབྱེད་ཐུབ། ཅེས་གསུངས་མྱོང་ལ། དེང་རབས་ཀྱི་འགྲོ་བ་མིའི་རིག་གནས་སྨྲ་བ་འགས་ཕྱོགས་སྡོམ་བྱས་པ་ལྟར་ན། རིག་གནས་ཞེས་པའི་ཕུང་པོ་དེ་ལ་གཤམ་གྱི་ཁྱད་ཆོས་འགའ་ལྡན་ཏེ།
          (༡.)རིག་གནས་ནི་སྤྱི་ཚོགས་ཀྱི་གོམས་འདྲིས་ལས་བྱུང་པ་ཡིན་གྱི། རིགས་རྒྱུད་ལས་ཐོབ་པ་ཞིག་མིན། 
          (༢.)རིག་གནས་ནི་ཚོགས་མི་སྤྱི་ལ་གནས་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་གྱི། མི་སྒེར་གཅིག་ཁོ་ནར་ལྡན་པའི་ཚོགས་བསགས་ཀྱི་འབྲས་བུ་ཞིག་མིན།
          (༣.)རིག་གནས་ལ་མཚོན་བྱེད་ཀྱི་མ་ལག་ཆ་ཚང་ཞིག་ལྡན་ཏེ། སྐད་ཆ་ནི་རིག་གནས་ཀྱི་མཚོན་བྱེད་གལ་ཆེན་ཞིག་ཡིན།
          (༤.)རིག་གནས་ནི་གཅིག་གྱུར་གྱི་རང་བཞིན་ལྡན་པའི་ཕུང་པོ་ཞིག་ཡིན་པས། དེའི་ཕྱོགས་ཚན་རྣམས་ནི་ཕན་ཚུན་འབྲེལ་ཆགས་པ་ཞིག་ཡིན།
          (༥.)རིག་གནས་ནི་འཕེལ་རྒྱས་སུ་འགྲོ་བའི་འགྱུར་བའི་རྣམ་པ་ཅན་ཞིག་ཡིན་གྱི། རྟག་བརྟན་འགྱུར་མེད་ཀྱི་སྣང་ཚུལ་ཞིག་མིན།
          གོང་གསལ་གྱི་ཁྱད་ཆོས་དག་ལ་གཞིགས་ནས་དཔྱད་ན། མི་རྣམས་ལ་སྐྱེས་ཐོབ་རང་གཤིས་སུ་ལྡན་པ་མ་ཡིན་པར་བསླབས་ཐོབ་རྗེས་གོམས་སུ་གྱུར་པའི་འཚོ་བའི་རྣམ་པ་དང་ལྡན་གྱུར་ན། དེ་ནི་གང་ལྟར་ཡང་རིག་གནས་དང་ལྡན་པ་ཞིག་ཡིན། དེ་ཡང་འཚོ་གནས་ཀྱི་ཡུལ་ཁམས་དང་། ཐོན་སྐྱེད་ཀྱི་རྣམ་པ། སྤྱི་ཚོགས་ཀྱི་བརྒྱུད་རིམ། འཇིག་རྟེན་ལྟ་ཚུལ། བསམ་བློའི་འཁོར་ཕྱོགས། མཚན་ཉིད་རིག་པའི་གཉེར་བྱ་ལ་སོགས་མི་འདྲ་བའི་དབང་གིས་མི་རིགས་སོ་སོའི་རིག་གནས་བར་ལ་ཁྱད་པར་ཤིན་ཏུ་ཆེ་བ་ནི་སྨོས་མ་དགོས་པར་ཚང་མས་རྟོགས་ཐུབ་མོད། འོན་ཀྱང་བསྒྱུར་བྱའི་མ་ཡིག་ནང་གི་རིག་གནས་ཀྱི་མཚོན་དོན་རྣམས་འགྱུར་མ་ལོངས་སུ་སྤྱོད་པའི་མི་རིགས་དེའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔ་རུ་བསྐྱར་མཚོན་འོས་ཤིང་འཚམས་པ་ཞིག་བྱ་རྒྱུ་དེ་ནི་སྒྱུར་རྩོམ་གྱི་ལོ་ཙཱའི་འོས་འགན་གལ་ཆེན་ཞིག་ཡིན།
          གཉིས་པ། རིག་གནས་ཀྱི་ཁྱད་པར་དང་ཐ་སྙད་ཀྱི་མཚོན་དོན་བར་གྱི་འབྲེལ་བ་རགས་ཙམ་བརྗོད་པ།
          སྐད་ཆ་ནི་འགྲོ་བ་མིའི་རིགས་ལ་གནས་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཁྱད་པར་བ་ཞིག་ཡིན་པ་དང་། མི་རྣམས་ཀྱིས་ཕན་ཚུན་བར་བསམ་བློ་བརྗེ་རེས་བྱེད་པའི་ཡོ་བྱད་ལྟ་བུ་ཡིན་ཏེ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་དུ་མི་རིགས་སོ་སོའི་མི་དམངས་རྣམས་ཀྱིས་རང་རང་གི་སྐད་ཆ་དང་ཡི་གེ་ལ་བརྟེན་ནས་རིག་གནས་ཀྱི་ཕུང་པོ་འདི་ཉམས་པ་མེད་པར་མི་རབས་ནས་མི་རབས་སུ་བརྒྱུད་སྤེལ་དང་འཐུས་ཚང་དུ་བཏང་བ་ཡིན་པས། གལ་ཏེ་སྐད་ཆ་དང་ཡི་གེ་མེད་ན་འགྲོ་བ་མིའི་སྤྱི་ཚོགས་འདིའང་དུད་འགྲོའི་ཁྱུ་ཚོགས་ལྟ་བུ་ལས་རྒྱུ་ནོར་གསར་གཏོད་དང་བསམ་བློ་བརྗེ་རེས། རིག་གནས་འཛིན་སྐྱོང་སོགས་སྤྱི་ཚོགས་ཀྱི་བྱེད་སྒོ་སྣ་ཚོགས་མིང་ཙམ་ཡང་དར་མི་སྲིད། ཐ་སྙད་ནི་སྐད་ཆའི་མ་ལག་གི་ཆེས་གལ་ཆེ་ཞིང་འགྱུར་བའི་རང་བཞིན་དང་ལྡན་པ་ཞིག་ཡིན་ཏེ། མི་རིགས་སོ་སོའི་སྐད་ཆའི་ཁྲོད་དུ་རིག་གནས་ཀྱི་ཁྱད་པར་དང་འབྲེལ་བའི་ཐ་སྙད་ཀྱི་མཚོན་དོན་ལ་གདགས་གཞིའི་དངོས་པོ་གཅིག་ཀྱང་མཚོན་དོན་ཐ་དད་པ་དང་། མཚོན་དོན་གཅིག་ཀྱང་མཚོན་བྱེད་ཀྱི་དཔེ་མི་འདྲ་བ། དོན་མཚུངས་དོ་མཉམ་པའི་ཐ་སྙད་མེད་པ་སོགས་རིགས་འགའ་ཡོད་དེ། དཔེར་ན་ཁ་དོག་སོ་སོའི་མཚོན་དོན་ལ་ཆ་བཞག་ནས་བཤད་ན། རང་ཅག་ཁ་བ་རི་པ་རྣམས་ཀྱི་འཚོ་བའི་ཁྲོད་དུ་ཁ་དོག་དཀར་པོ་ནི་བཀྲ་ཤིས་པ་དང་དྲི་མ་མེད་པའི་མཚོན་བྱེད་ཡིན་པས། མི་རྣམས་ཀྱི་ངག་རྒྱུན་དུ། བྱ་ཕོ་རོག་ནག་ཀྱང་མཆིན་པ་དཀར། ། ཕ་ཁ་བཙན་ཆེ་རུང་བསམ་པ་དཀར། ། ཞེས་བརྗོད་མོད། འོན་ཏེ་རྒྱ་ནག་པ་རྣམས་ཀྱི་བསམ་བློའི་འཁྱེར་ཕྱོགས་ལྟར་ན། ཁ་དོག་དཀར་པོ་ནི་གཡོ་སྒྱུའམ་མྱ་ངན་ནམ་སེམས་གཅོང་བའི་མཚོན་བྱེད་དུ་འགོད་སྲིད། དེ་བཞིན་དུ་ཁ་དོག་དམར་པོ་ནི་རྒྱ་ནག་པས་བཀྲ་ཤིས་པ་དང་རྣམ་པར་དག་པའི་མཚོན་བྱེད་དུ་འཇོག་ལ། བོད་མི་རྣམས་ཀྱིས་གཏུམ་དྲག་ཆེ་བའམ་སྙིང་རྗེ་མེད་པའི་མཚོན་བྱེད་ལ་བརྩི། ཁ་དོག་ནག་པོ་ནི་རྒྱ་ནག་པ་རྣམས་ཀྱིས་དྲང་བདེན་ནམ་གཟུར་གནས་ཀྱི་བློ་དང་ལྡན་པའི་མཚོན་བྱེད་དུ་འགོད་པ་དང་། བོད་མི་ཚོས་དེ་གདུག་རྩུབ་དང་ངན་སེམས་ཀྱི་མཚོན་བྱེད་དུ་འཇོག་པ་སོགས་འདི་དག་ནི་གདགས་གཞིའི་དངོས་པོ་གཅིག་ཀྱང་མཚོན་དོན་ཐ་དད་ཡིན་པའི་ཐ་སྙད་ཀྱི་རིགས་སུ་གཏོགས་པ་དང་། གཞན་ཡང་མི་རིགས་སོ་སོའི་མི་རྣམས་ཀྱི་བསམ་བློའི་འཁོར་ཕྱོགས་མི་འདྲ་བའི་དབང་གིས་དངོས་པོ་གང་རུང་ལ་ངོས་འཛིན་སྟངས་དང་རྒྱུས་ལེན་ཚུལ་སོགས་ཀྱི་མཐོང་ཕྱོགས་མི་གཅིག་པས་མཚོན་བྱའི་དོན་གཅིག་ཀྱང་མཚོན་བྱེད་ཀྱི་དཔེ་མི་གཅིག་པའི་རིགས་ཤིག་ཡོད་དེ། དཔེར་ན་སྡར་མ་སྙིང་ཆུང་གི་དཔེ་ལ། བོད་རིགས་མང་ཚོགས་ཚོའི་ངག་རྒྱུན་དུ། ཕ་ཁུ་བོ་དུག་ཤིང་སྟག་མ་ལ། ། བུ་ཙན་དན་མེ་ཏོག་འཁྲུངས་རབ་མེད། ། སྡར་མ་ཝ་ཡི་བུ་རྒྱུད་ལ། ། དམར་ཡག་འཛུམ་དྲུག་འཁྲུངས་རབ་མེད། ། ཅེས་ཏེ་ཝ་མོ་ནི་སྡར་མ་སྙིང་ཆུང་གི་མཚོན་བྱེད་ཡིན་ལ། རྒྱ་ནག་པ་རྣམས་ཀྱིས་སྡར་མ་སྙིང་ཆུང་གི་དཔེ་ལ་བྱི་བ་འཇོག་པས། “ 这人胆小如鼠。” ཞེས་བརྗོད་པ་དང་། དབྱིན་ཇི་བ་དག་གི་བརྗོད་ཚུལ་ལྟར་ན་རི་བོང་ནི་སྡར་མ་སྙིང་ཆུང་གི་དཔེ་ཡིན་ཏེ། "That fellow is as timid as a rabbit" ཞེས་པ་ལྟ་བུ་ཤིན་ཏུ་མང་མོད། འདིར་དཔེ་མཚོན་ཙམ་དུ་བརྗོད་པ་ཡིན། དེ་མིན་འཚོ་གནས་དང་ཐོན་སྐྱེད་བྱེད་སྟངས་སོགས་མི་འདྲ་བའི་སྟབས་ཀྱིས་མི་རིགས་སོ་སོའི་སྐད་ཆའི་ཁྲོད་ཀྱི་ཐ་སྙད་དོན་མཚུངས་དོ་མཉམ་མིན་པའི་རིགས་ཀྱང་མང་སྟེ། དཔེར་ན་ང་ཚོ་བོད་གངས་ཅན་པ་རྣམས་ནི་གནའ་སྔ་མོ་ཞིག་ནས་གངས་རི་དང་རྫ་རི། བྲག་རི་དང་ནགས་ཚལ། སྤང་ལྗོངས་དང་ཆུ་ཕྲན་སོགས་འཛོམས་པའི་མཐོ་སྒང་གི་ཡུལ་གྲུ་དག་ཏུ་འཚོ་ཞིང་གནས་ལ། ཕྱུགས་འཚོ་སྐྱོང་དང་ཞིང་རྨོ་འདེབས་བྱེད་རྒྱུ་ནི་བོད་རིགས་མི་དམངས་རྣམས་ཀྱི་ཁ་གསོ་རྒྱབ་འགེབ་བྱེད་པའི་འཚོ་ཐབས་གཙོ་བོ་ཡིན་པས། སྒྱུ་རྩོམ་གྱི་ཁྲོད་དུའང་དེ་དག་དང་འབྲེལ་བའི་ཐ་སྙད་ཤིན་ཏུ་མང་སྟེ། ཐོན་སྐྱེད་བྱེད་སྟངས་སྐོར་ལ་འབྲེལ་ནས་བཤད་ན། བོད་རིགས་མི་དམངས་ཀྱི་འཚོ་བའི་ཁྲོད་དུ་ཕྱུགས་ལས་ཐོན་སྐྱེད་གཙོ་ཆེ་བ་ཡིན་པས་དེ་སྐོར་གྱི་ཐ་སྙད་ཕུན་སུམ་ཚོགས་པ་ཞིག་ཡོད་དེ། དཔེར་ན་ཕྱུགས་རིགས་སོ་སོའི་ལོ་གྲངས་བརྩི་བའི་སྐོར་གྱི་ཐ་སྙད་ལ། བེའུ་དང་། ཡ་རུ། ཤད། སོ་ཉིས། སོ་བཞི། སོ་དྲུག ཁ་གང་། གྲུས་གཅིག གྲུས་གཉིས། ཞེས་རིམ་གྱིས་བརྩི་བ་རྣམས་ནི་ནོར་གནག་སྤྱིའི་ལོ་གྲངས་བརྗོད་པའི་སྐོར་གྱི་ཐ་སྙད་དང་། རྟེའུ། ཐོ་རུ། རྔོག་བཅད། ཕོ་གཞི། ན་སོ་གཅིག་པ། ན་སོ་གཉིས་པ་ཞེས་པ་སོགས་ནི་རྟའི་ལོ་གྲངས་བརྗོད་པའི་ཐ་སྙད་ཡིན། ལུག་གི་ལོ་གྲངས་ནི་ལུ་གུ་དང་། ལ་ག འཚེ་རུ། ཐོང་བ། ཤ་བཟན་ཞེས་བརྗོད་དེ་རང་རང་གི་ལོ་གྲངས་མཚོན་པའི་ཐ་སྙད་སོ་སོ་ཡིན་པ་མ་ཟད། དེ་དག་ལའང་ནང་གསེས་སུ་ཕོ་མོའི་དབྱེ་བ་མཚོན་པའི་ཐ་སྙད་ཀྱང་སོ་སོར་ཡོད་དེ། དཔེར་ན་ནོར་གནག་ལ་འབྲི་དང་གཡག ཁལ་མ་དང་ཁྱུ་གཡག་ཅེས་པ་སོགས་ཕྱུགས་རིགས་སྐོར་གྱི་ཐ་སྙད་ཕུན་སུམ་ཚོགས་པ་འདི་དག་རྒྱ་ནག་གི་སྐད་ཆའི་ཁྲོད་དུ་དེ་རྣམས་ཇི་བཞིན་དུ་བསྒྱུར་ནུས་པའི་ཐ་སྙད་དོན་མཚུངས་དོ་མཉམ་ཞིག་ཤིན་ཏུ་དཀོན། ཡང་རྒྱ་ནག་པ་རྣམས་ལ་མཚོན་ན། ཁོ་ཚོ་ནི་རྒྱ་མཚོའི་ཉེ་འདབས་དང་ས་གཤོང་དྲོད་མོ་དག་ཏུ་གནས་པས། ཉ་རིགས་དང་སྔོ་ཚལ་སོགས་ཀྱི་སྐོར་ལ་ཐ་སྙད་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེ་རྣམས་བོད་སྐད་དུ་ཇི་མ་ཇི་བཞིན་བརྗོད་དགོས་ན་སྒྲ་སྒྱུར་དང་ཡང་ན་སྒྲ་དོན་ཟུང་འབྲེལ་གྱི་སྒྱུར་ཐབས་སོགས་ལ་བརྟེན་པ་མ་གཏོགས་དོན་མཚུངས་ཤིང་དོ་མཉམ་པའི་ཐ་སྙད་ཅིག་ཅིས་ཀྱང་རྙེད་དཀའ།
          གསུམ་པ། ཡི་གེའི་ངོ་བོ་ཐ་དད་པ་ལས་བྱུང་བའི་ཚིག་སྦྱོར་གྱི་སྒྱུ་རྩལ་འདོན་ཚུལ་མི་འདྲ་བའི་སྐོར།
          དེ་ཡང་བོད་གངས་ཅན་པའི་ཡི་གེ་ནི“ དབྱངས་གསལ་གཉིས་རྩ་བར་བྱས་ནས་གནས་རྣམས་སུ་བྱེད་པ་རྣམས་ཕྲད་པ་ལས་བྱུང་བའི་ཡི་གེ་སྦྱོར་ཀློག་ཅན་གྱི་ངོ་བོ་ནི། མིང་དང་ཕྲད་སོགས་རྩོམ་པའི་གཞིར་གྱུར་པའི་སྐད་ཀྱི་གདངས་ཡིན། ” (《བརྡ་སྤྲོད་གསལ་བྱེད་ངག་སྒྲོན་》གྱི་ཤོག་ངོས་170ལ་གསལ་)ཞེས་གསུངས་ཤིང་། བོད་ཀྱི་སྙན་གཞུང་ནང་དུའང་“སྒྲ་རྒྱན་” ཞེས་པ་གཙོ་བོ་དབྱངས་གསལ་སོགས་སྒྲའི་སྦྱོར་ཚུལ་སྣ་ཚོགས་ལ་བརྟེན་ནས་བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིག་མཛེས་པར་བྱེད་ཅིང་སྙན་འཇེབས་ཀྱི་སྒྲའི་ཉམས་ཕུན་སུམ་ཚོགས་པའི་ཚིག་སྦྱོར་ཁྱད་དུ་འཕགས་པ་ཞིག་ཡོད་དེ། དཔེར་ན་ཀ་ཁ་སུམ་ཅུའི་གོ་རིམ་ལྟར་དུ་བསྒྲིགས་ནས་བརྩམས་པའི་ཀ་རྩོམ་དང་། དབྱངས་སོགས་ངེས་པའི་བྱ་དཀའ་བའི་རྒྱན་ལ་སྦྱར་ནས་བརྩམས་པའི་སྒྱུ་རྩོམ་གྱི་རིགས་དེ་དག་མི་རིགས་གཞན་དག་གི་སྐད་ཆའི་སྒྱུ་རྩལ་ཁྲོད་དུ་དེ་དང་དོན་མཐུན་ཞིང་གཟུགས་མཚུངས་པའི་ཚབ་བྱེད་ནུས་པ་ཞིག་ཅིས་ཀྱང་རྙེད་མི་སྲིད། དེ་བཞིན་དུ་རྒྱ་ནག་གི་ཡི་གེའི་ངོ་བོ་ནི་བྱ་དངོས་གང་རུང་གི་རི་མོའི་རྣམ་པ་དེ་རིམ་བཞིན་སྐད་ཆ་མཚོན་བྱེད་ཀྱི་བརྡ་རྟགས་སུ་གྱུར་པ་ཡིན་པས། རྒྱའི་དམངས་ཁྲོད་ཀྱི་གཏམ་དཔེ་དང་ཁེད། ལྷག་པར་དུ་སྦྱར་རྒྱན་གྱིས་བཅིངས་པའི་ཚིག་སྦྱོར་དག་ཏུ་ཡི་གེའི་གཟུགས་དབྱིབས་ལ་སྦྱར་བ་ཤིན་ཏུ་མང་སྟེ། དཔེར་ན།“冻雨洒窗,东两点,西三点;切瓜分片,横七刀,竖八刀。”ཞེས་པ་དང་། ཡང་དཔེར་ན། “水冷酒一点二点三点,丁香花百头千头万头。”ཞེས་པ་ལྟ་བུ་དོན་གྱིས་གཟུགས་མཚོན་ཐུབ་པ་དང་གཟུགས་ལས་དོན་རྟོགས་ནུས་པ་འདི་དག་བོད་སྐད་དུ་བསྒྱུར་དགོས་ན། ཐོན་མི་གཉིས་པ་བྱོན་ན་མ་གཏོགས་ཅིས་ཀྱང་བསྒྱུར་མི་ནུས་ཏེ། གནད་འགག་དེ་རིགས་ནི་ཡི་གེའི་ངོ་བོ་མི་འདྲ་བ་ལས་བྱུང་བ་ཡིན་པས་ང་ཚོས་སྒྱུ་རྩོམ་གྱི་ལོ་ཙཱའི་ལས་ལ་འཇུག་ཚེ་གནད་འགག་དེ་དག་གི་འབྱུང་རྐྱེན་མ་རྟོགས་པར་གླེན་པས་རྡོ་བསྲེག་བང་བཟུང་གི་ཚུལ་དུ་བཙན་བསྒྱུར་བྱས་ན། དེ་ནི་ངལ་བ་འབྲས་མེད་ཡིན་པ་མ་ཟད། གཞན་གྱིས་མཐོང་ན་ད་དུང་གླེན་རྟགས་སུ་གྱུར་ཏེ་མི་རབས་རྗེས་མ་རྣམས་ཀྱི་འཕྱ་སྨོད་བྱེད་པའི་གནས་སུ་འགྱུར་ངེས།
          བཞི་པ། མི་རིགས་སོ་སོའི་མཛེས་དཔྱོད་ཀྱི་ལྟ་བ་ཐ་དད་པ་ལས་སྒྱུ་རྩོམ་དུ་བཀོད་པའི་སྣང་བརྙན་ལ་ཚོར་སྣང་སྣ་ཚོགས་སྐྱེ་སྲིད།
          སྒྱུ་རྩོམ་གྱི་ཁྱད་ཆོས་གཙོ་བོ་ནི་སྣང་བརྙན་དང་ཁྱད་གཟུགས་ལ་བརྟེན་ནས་འཚོ་བ་མཚོན་པ་ཡིན་ལ། རྩོམ་པ་པོ་ཞིག་གིས་དངོས་པོའི་རང་མཚན་འཛིན་པའི་ཚུལ་གྱི་རྟོག་པ་ལ་བརྟེན་ནས་སྒྱུ་རྩོམ་གྱི་སྣང་བརྙན་འབྲི་བཞེངས་བྱེད་པའི་གོ་རིམ་ཁྲོད་དུ། མི་རིགས་རང་ཉིད་ཀྱི་འདུ་ཤེས་དང་དད་ཕྱོགས་སོགས་རྟོག་བཟོའི་འཇིག་རྟེན་དུ་ངང་ངམ་ཤུགས་ཀྱིས་ཞུགས་ཏེ། བརྩམས་ཆོས་དེའི་ཐོག་མཐའ་བར་གསུམ་ཀུན་ཏུ་མི་རིགས་དེའི་རིག་གནས་ཀྱི་ཤན་ཤུགས་ཁྲག་རྒྱུན་བཞིན་དུ་མ་འདྲེས་པ་གཅིག་ཀྱང་མེད་དེ། སྙན་པའི་གྲགས་པ་འཛམ་གླིང་ཡོངས་སུ་ཁྱབ་པའི་སྐུ་ཞབས་སི་ཏ་ལིན་གྱི་ཞལ་ནས་ཀྱང་། མི་རིགས་ཆེ་ཆུང་མེད་པར་གང་ཞིག་ཡིན་རུང་། དེ་ལ་མི་རིགས་དེ་ཁོ་ན་མ་གཏོགས་གཞན་དག་ལ་མེད་པའི་ཐུན་མིན་གྱི་ཁྱད་ཆོས་འགའ་རེ་ལྡན་ལ། ཁྱད་ཆོས་དེ་དག་ནི་མི་རིགས་སོ་སོས་འཛམ་གླིང་རིག་གནས་ཀྱི་བང་མཛོད་ཆེན་མོའི་ནང་དུ་བཞག་པའི་མཛད་རྗེས་བླ་ན་མེད་པ་ཞིག་ཡིན། ཞེས་གསུངས་མྱོང་ལ། སྒྱུ་རྩོམ་གྱི་མི་རིགས་ཀྱི་ཁྱད་ཆོས་ཞེས་པ་དེ་ནི་བྱ་དངོས་གང་རུང་གི་བྱུང་བ་བརྗོད་པའི་བརྩམས་ཆོས་དག་གི་ཁྲོད་དུ་ཁོ་ན་མ་གཏོགས་མེད་པ་ཞིག་མིན་པར། སྒྱུ་རྩོམ་ཡོད་དོ་ཅོག་གི་ཁྲོད་དུ་ཤ་ཁྲག་གི་འབྲེལ་བ་བཞིན་དུ་གནས་པ་ཡིན་ཏེ། དཔེར་ན་ཡིད་འགྱུར་མཚོན་པའི་སྙན་ངག་གི་རྟོག་ལྗོངས་དང་། མཛེས་ལྗོངས་བཀོད་པའི་ལྷུག་རྩོམ་གྱི་རི་ཆུའི་ཆགས་ཚུལ་དང་ཡུལ་གྱི་བཀོད་པ། མི་སྣ་གཙོ་བོར་བརྗོད་པའི་སྒྲུང་གཏམ་གྱི་སྣང་བརྙན་དང་གཏམ་གླེང་སོགས་ཕྱོགས་གང་གི་ཆ་ནས་བལྟས་ཀྱང་མི་རིགས་དེའི་རིག་གནས་ཀྱི་ཁྱད་ཆོས་མངོན་པར་མཐོང་ཐུབ་མོད། འོན་ཀྱང་རྩོམ་པ་པོས་བརྩམས་ཆོས་སུ་རྟོག་བཟོ་བྱས་པའི་སྣང་བརྙན་དང་ཀློག་པ་པོའི་མཛེས་དཔྱོད་ཀྱི་སྣང་ཡུལ་དུ་གྱུར་པའི་སྣང་བརྙན་ནི་འཚོ་བའི་གོམས་གཤིས་རིགས་མཐུན་ཞིག་དང་། བསམ་བློའི་དད་ཕྱོགས་གཅིག་མཚུངས་ཤིག་ཡིན་པའི་མཐུན་རྐྱེན་དག་དང་མ་ལྡན་ན། ཀློག་པ་པོར་མཛེས་སྡུག་གི་ཚོར་སྣང་དང་བརྩེ་དུང་གི་ཡིད་འགྱུར་སོགས་སྟེར་དཀའ། དེའི་ཕྱིར་ཨུ་རུ་སུའི་སྙན་ངག་པ་ཆེན་མོ་ཕུ་ཞི་ཅིན་གྱིས། སྒྱུ་རྩོམ་གྱི་མི་རིགས་ཁྱད་ཆོས་ཞེས་པ་ནི་མི་རིགས་རང་ཉིད་ཀྱི་ཚོགས་མི་རྣམས་ཀྱི་བློ་ངོར་འབབ་ཅིང་ཡིད་སྨོན་བྱེད་པའི་ཁྱད་ཆོས་དེ་རིགས་ཡིན་ཏེ། ཁྱད་ཆོས་དེ་རྣམས་མི་རིགས་གཞན་དག་གི་མཐོང་སྣང་ལ་ཡོན་ཏན་མ་ཡིན་པའམ་སྐྱོན་ལྟར་སྣང་བའང་ཡོད། ཅེས་གསུངས་པ་ལྟར། སྤྱིར་འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་མཛེས་པའི་ཆ་དང་མི་མཛེས་པའི་ཆ་གཉིས་གཉིས་ལྡན་མོད། མི་རྣམས་ཀྱི་བསམ་བློའི་འཁྱེར་ཕྱོགས་མི་འདྲ་བའི་དབང་གིས། ལ་ལས་ཆོས་དེའི་མཛེས་པའི་ཆ་མཐོང་བ་ལས་མི་མཛེས་པའི་ཆ་མ་མཐོང་བའམ་ཡང་ན་དེའི་ཕྱོགས་ལ་དོ་སྣང་མ་བྱས་པ་དང་། ཡང་ལ་ལ་དེ་ལས་ལྡོག་སྟེ་ཆོས་དེའི་མི་མཛེས་པའི་ཕྱོགས་མཐོང་བ་ལས་མཛེས་པའི་ཕྱོགས་མ་མཐོང་བའང་དོ་སྣང་མ་བྱས་པའི་རྐྱེན་གྱིས། མི་རིགས་གཅིག་ཡིན་རུང་མི་རྣམས་ཀྱི་མཛེས་དཔྱོད་ཀྱི་ལྟ་བ་གཅིག་ཏུ་འབབ་དཀའ་ན། སྐད་རིགས་དང་དད་ཕྱོགས་སོགས་མི་འདྲ་བའི་མི་རིགས་བར་གྱི་མཛེས་དཔྱོད་ཀྱི་འདུ་ཤེས་གཅིག་ཏུ་འགྱུར་ག་ལ་སྲིད། དེའི་ཕྱིར་སྒྱུ་རྩལ་བརྩམས་ཆོས་ཤིག་གི་ནང་དུ་བཀོད་པའི་སྣང་བརྙན་དེ་ལའང་མཛེས་དཔྱོེད་ཀྱི་མྱོང་ཚོར་སྣ་ཚོགས་སྐྱེ་བའི་ནུས་པ་ལྡན་པ་ནི་སྨོས་མ་དགོས་ཏེ། དཔེར་ན་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ལྟ་བ་གཙིགས་སུ་འཛིན་པའི་ཁ་བ་རི་པ་རྣམས་ཀྱི་འདོད་པ་ལྟར་ན། མ་གྱུར་འགྲོ་བ་སེམས་ཅན་ཀུན་ལ་ཕན་འདོགས་རྒྱུ་དེ་ནི་ཚེ་འདི་ཕྱི་གཉིས་ཀའི་ཚོགས་བསགས་དང་དོན་ཆེན་ཡིན་པར་སྙམ་ལ། དེའི་ཕན་འདོགས་ཡུལ་གྱི་སེམས་ཅན་ལ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དེ་ཆེ་བ་བརྒྱ་བྱིན་ནས་ཆུང་བ་འབུ་ཕྲ་མོ་ཡན་ཆད་འདུས་ཡོད་པས། མི་ཞིག་ཚེ་ལས་འདས་རྗེས་དེའི་བེམ་པོ་བྱ་རྒོད་ཀྱི་ཚོགས་ལ་སྦྱིན་པ་བཏང་སྟེ་དེ་དག་གི་ལྟོ་བ་འགྲངས་པར་གྱུར་ན་དེའང་དགེ་བའམ་ཚོགས་བསགས་བླ་ན་མེད་པ་ཞིག་ཏུ་བརྩི་བས། བོད་རིགས་མི་དམངས་ཀྱི་འཚོ་བའི་ཁྲོད་དུ་བྱ་དུར་ཞེས་པ་དེ་དར་ཁྱབ་ཆེ་མོད། འོན་ཏེ་མི་རིགས་གཞན་དག་གི་མི་རྣམས་ཀྱི་སྣང་ངོར་དེ་ནི་ཤིན་ཏུ་མི་འོས་པའི་གནས་ཤིག་ཡིན་པར་སྙམ་པ་ལས་དེ་ལ་དེ་ལྟ་བུའི་ཕན་ཡོན་དང་དོན་སྙིང་ལྡན་པ་རྟོགས་མི་སྲིད་པས། གལ་ཏེ་སྒྱུ་རྩོམ་ག་གེ་མོ་ཞིག་གི་ནང་དུ་བྱ་གཏོར་དུར་མཆོད་སོགས་ཀྱི་རྣམ་པ་བཀོད་ཡོད་པ་མཐོང་ཚེ། ཁོ་ཚོས་ད་དུང་དོན་དངོས་དེ་སྒྲུབ་རྟགས་སུ་བཀོད་ནས་བོད་མི་རིགས་འདི་ཇི་འདྲའི་གདུག་རྩུབ་ཆེ་ཞིང་སྙིང་རྗེ་མེད་པ་ཞིག་རེད་ཅེས་དམའ་འབེབས་དང་འཕྱ་སྨོད་བྱེད་པའང་སྲིད། དེར་བརྟེན་མི་རིགས་གང་དང་གང་ཡིན་རུང་། མི་རིགས་གཞན་དག་གི་སྒྱུ་རྩལ་བརྩམས་ཆོས་ཀྱི་ལོ་ཙཱའམ་ཞིབ་འཇུག་གི་ལས་བགྱི་ཚེ། མི་རིགས་དེ་དག་གི་ཡུལ་སྲོལ་གོམས་གཤིས་དང་བསམ་བློའི་དད་ཕྱོགས། འཚོ་བའི་རོལ་སྟངས་ལ་སོགས་རིག་གནས་ཀྱི་སྒོ་ཀུན་ལ་བྱང་ཞིང་དེ་དག་གི་ཁྱད་པར་ཁོང་དུ་ཆུད་པར་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེ་བའི་གནས་ཤིག་ཡིན་ལ། རིག་གནས་ཀྱི་ཁྱད་པར་དེ་དག་གཞིར་བཟུང་སྟེ། སྒྱུ་རྩལ་བརྩམས་ཆོས་དག་ལས་མི་རིགས་ཀྱི་ཁྱད་ཆོས་མངོན་པར་འདོན་པའི་ཐ་སྙད་དེ་རིགས་བརྗོད་བྱ་མ་ཡིག་གི་དོན་དང་མཐུན་ཞིང་། རྗོད་བྱེད་འགྱུར་ཡིག་ལ་ཁ་གསལ་བ། ཀློག་པ་པོ་རྣམས་ཀྱིས་ཉན་འདོད་པའི་ཐ་སྙད་དུ་བསྒྱུར་ནས་ཚིག་སྦྱོར་གྱི་ཕྲེང་བ་སྤེལ་རྒྱུ་དེ་ནི་སྒྱུ་རྩོམ་གྱི་འགྱུར་ཚད་ལྡན་ཞིག་གི་གཞལ་ཡས་ཁང་བཟང་བཞེངས་བྱེད་ཀྱི་རྨང་གཞི་ལྟ་བུ་ཡིན་ནོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1