ལྷུན་གྲུབ་ཚེ་རྒྱལ་གྱིས་ཁུ་ཁུ་ཤི་རིའི་སྐོར་གཡེང་ཆེད་ལང་ཚོ་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-07


     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ལིན་ཧའེ་ཡིས།
     མདུན་ཕྱོགས་སུ་ཡོད་པའི་ཤ་རིད་ལ་ནག་པའི་ཁམས་པའི་ཕོ་གཞོན་དེའི་མིང་ལ་ལྷུན་གྲུབ་ཚེ་རྒྱལ་ཟེར་བ་དང་། ཁོང་ནི་ཁུ་ཁུ་ཤི་རིའི་སྐོར་གཡེང་རུ་མི་ཞིག་རེད།
མི་མེད་ལུང་སྟོང་དུ་ལས་ཀ་བྱས་ནས་ལོ་13སོང་ཞིང་། གཙང་གསུམ་ཆུ་འགོའི་བུ་ཕྲུག་ཅིག་ཡིན་པའི་ཆ་ནས་ཁོང་ལ་ཁམས་པའི་ཕོ་གཞོན་ལ་ལྡན་པའི་དཔའ་སྟོབས་དང་བློ་གཤོགས་ལྡན་ཡོད། ཡངས་ཤིང་རྒྱ་ཆེ་བའི་ཁུ་ཁུ་ཤི་རིའི་མི་མེད་ལུང་སྟོང་ཁུལ་དུ་ཁོང་དང་རི་སྐོར་རུ་མི་ཚོས་ས་མཐོའི་དག་ཞིང་དེ་སྲུང་སྐྱོང་ཡག་པོ་བྱེད་ཆེད་སྐོར་གཡེང་གི་རྐང་རྗེས་གང་སར་བཞག་ཡོད་ལ། ལང་ཚོའང་སྐྱེས་སུ་ཕུལ་ཡོད།
     རི་བོ་སྐོར་གཡེང་བྱས་ནས་ཁུ་ཁུ་ཤི་རིའི་ཁུལ་སྲུང་སྐྱོང་བྱས་པ།
      ལོ་30ལ་སླེབས་པའི་ལྷུན་གྲུབ་ཚེ་རྒྱལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནང་ཆེན་རྫོང་དུ་སྐྱེས་པ་དང་། ཁྱིམ་ཚང་གི་བུ་ཆུང་ཤོས་ཡིན་ལ་རྨོ་བོ་བདེ་ཆེན་སྒྲོལ་མས་གཅེས་ཤོས་བྱེད་པའི་ཚ་བོ་ཡང་རེད།
     2006ལོར། ཁོང་རང་ཕ་ཡུལ་གྱི་གཉེན་ཉེ་དང་བྲལ་ནས་ལམ་ཐག་སྤྱི་ལེ་སྟོང་ཕྲག་ཆོད་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་དུ་བསྐྱོད་དེ་ལོ་མང་རིང་སྣོད་བཅུད་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོར་ལས་ཀ་བྱས་ཡོད།
     “དབྱར་དུས་སུ་འདམ་རྫབ་ཀྱིས་ཁེངས་ནས་འགྲོ་ལམ་འགགས་པ་དང་། དགུན་དུས་སུ་དར་ཆགས་གངས་འཁྱག་ཐེབས་ནས་མཁའ་རླངས་ཀྱང་བ་མོ་ཆགས་ཀྱི་ཡོད། སྐབས་རེ་ང་ཚོ་ཉིན་ཁ་ཤས་བསྟུད་མར་ཞོགས་ཉལ་སྐྱིད་པོ་ཐེངས་གཅིག་ཀྱང་ཉལ་ཁོམ་མེད། དུས་ཚོད་མང་པོ་ཞིག་རིང་ང་ཚོ་ཉིན་ཁ་ཤས་བསྟུད་མར་བག་ལེབ་སྐམ་པོ་དང་ཆུ་གྲང་མོ་ལས་འཐུང་རྒྱུ་མེད”ཅེས་ལྷུན་གྲུབ་ཚེ་རྒྱལ་གྱིས་བརྗོད།
      ལོ་བཅུ་ལྷག་ཙམ་རིང་ཁུ་ཁུ་ཤི་རིའི་གྲང་ངར་གནམ་གཤིས་ཁྲོད་བཟའ་བཏུང་བྱེད་པ་དང་འཁྱག་འཛེག་གངས་བཞུད་ཀྱིས་ཁོར་ཡུག་སྲུང་སྐྱོང་ལས་ལ་བརྩོན་པའི་ལྷུན་གྲུབ་ཚེ་རྒྱལ་སྙིང་རུས་ཆེ་ལ་ཞུམ་པ་མེད་པའི་ཕོ་རྒོད་ཅིག་ཏུ་གྱུར་ཡོད།
      “རི་བོ་སྐོར་གཡེང་བྱེད་རིང་། སྐེ་རགས་མཇིང་པར་བཀལ་ནས་རང་གཅིག་པུས་མི་མེད་ལུང་སྟོང་དུ་སྐོར་གཡེང་བྱེད་ཀྱི་ཡོད། ད་དུང་སྐོར་གཡེང་བྱེད་ཐེངས་རེར་ཚུར་ག་དུས་ལོག་ཐུབ་མིན་ཤེས་ཀྱི་མི་འདུག”ཅེས་པ་འདི་ནི་རུ་མི་ཚོས་རྟག་ཏུ་བརྗོད་པའི་སྐད་ཆ་ཞིག་རེད།
      ལྷུན་གྲུབ་ཚེ་རྒྱལ་གྱིས“གཙང་གསུམ་ཆུ་འགོ་ཐག་རིང་པོ་ཡོད་ལ། ཡུལ་ཤུལ་ཡང་ཐག་རིང་པོ་ཡོད། ངས་རང་གི་ཚེ་སྲོག་ལ་བརྟེན་ནས་དག་ཞིང་དེར་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ཡིན་ལ། བྱ་ཐབས་འདི་རིགས་ལ་བརྟེན་ནས་ཁུ་ཁུ་ཤི་རིར་བཅངས་པའི་བརྩེ་སེམས་མཚོན་པར་བྱེད་རྒྱུ་ཡིན”ཞེས་བརྗོད།
      མི་མེད་ལུང་སྟོང་ཁུལ་སྲུང་སྐྱོང་ཆེད་ལང་ཚོ་སྐྱེས་སུ་ཕུལ་བ།
      ཁུ་ཁུ་ཤི་རི་ཁུལ་དུ་གཙོད་ཀྱི་ཆ་ཚང་བའི་ཚེ་སྲོག་དུས་འཁོར་འཚོ་གནས་བྱ་ཡུལ་དང་རང་བྱུང་བརྒྱུད་རིམ་ཁག་གི་གསོན་ཉམས་ལྡན་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ལོ་ལྟར་དབྱར་དུས་སུ། གཙང་གསུམ་ཆུ་འགོ་དང་། བོད་བྱང་ཐང་། ཤིན་ཅང་ཨར་ཅིན་ཧྲན་ས་ཁུལ་སོགས་ནས་ཡོང་བའི་གཙོད་ཁྲི་མང་པོ་ཚེ་སྲོག་གི་ལམ་བུ་རེ་རེ་བརྒྱུད་ཁུ་ཁུ་ཤི་རིའི་དབུས་སུ་གནས་པའི་ཉི་མ་མཚོ་དང་གཙོ་ནག་མཚོའི་ཉེ་འགྲམ་དུ་འཛོམས་ནས་གཙོད་ཕྲུག་སྐྱེ་བར་ཡོང་གི་ཡོད།
      2014ལོའི་ཟླ་9ཚེས་11ཉིན་ནི་ལྷུན་གྲུབ་ཚེ་རྒྱལ་གྱི་ནམ་ཡང་བརྗེད་པར་དཀའ་བའི་ཉིན་མོ་ཞིག་ཡིན་ཞིང་། དེ་ཉིན། ཁུ་ཁུ་ཤི་རི་དོ་དམ་ཅུས་ཀྱིས་རུ་མི་7ལས་གྲུབ་པའི་གཙོ་ཤུགས་རི་བོ་སྐོར་གཡེང་རུ་ཁག་མངགས་ནས་སྲུང་སྐྱོང་ཁུལ་བྱང་ངོས་ཀྱི་ཨར་ཅིན་ཧྲན་ས་ཁོངས་ནས་ཁུ་ཁུ་ཤི་རི་སྲུང་སྐྱོང་ཁུལ་དུ་བསྐྱོད་དེ་ཆེད་དོན་རི་བོ་སྐོར་གཡེང་བྱ་སྤྱོད་སྤེལ་བ་དང་། ཉི་མ་མཚོ་དང་། མ་ལན་རི་བོ། ཚན་ཞིབ་མཚོ་བཅས་ཀྱི་རྒྱུད་དུ་རི་བོ་སྐོར་གཡེང་གི་བྱ་སྤྱོད་སྤེལ་བ་རེད།
      ཁུ་ཁུ་ཤི་རིའི་ཁུལ་དུ་གློ་བུར་དུ་གངས་བབ་ནས་དྲོད་ཚད་ཆགས་པའི་དབང་གིས་རི་བོ་སྐོར་གཡེང་གི་ལམ་བར་དུ་དཀའ་ཚེགས་ཆེན་པོ་འཕྲད་ཡོད་ལ། ལམ་བར་འདམ་རྫབ་ཀྱིས་ཁེངས་ནས་རི་བོ་སྐོར་གཡེང་གི་རུ་མི་ཚང་མ་ངལ་དུབ་ཀྱིས་མནར་བ་དང་རླངས་འཁོར་ཡང་སྐྱོན་ཆེན་པོ་ཤོར་བ་རེད།
      ཁུ་ཁུ་ཤི་རི་དོ་དམ་ཅུས་ཀྱིས་འཕྲལ་མ་ཉིད་དུ་རོགས་སྐྱོབ་ཚོགས་ཆུང་མངགས་པ་དང་། ལྷུན་གྲུབ་ཚེ་རྒྱལ་ནི་དེའི་ནང་གི་གྲས་ཤིག་རེད།
       རོགས་སྐྱོབ་ལམ་བར་དུ་ཁོང་དང་རུ་མི་ཚོས་ཁྱེར་མང་ཤོས་ནི་རྒྱ་ཐུག་སྐམ་ཆུན་ཡིན་པ་དང་། ཁུ་ཁུ་ཤི་རིའི་ཁུལ་དུ་ཐུག་པ་གཅིག་སྐོལ་བར་དབུགས་ལྡིག་ནང་སྐར་མ་10སྐོལ་དགོས་ཀྱི་ཡོད། གནམ་གཤིས་གྲང་ངར་ཆེ་བའི་སྐབས་སུ་སྐོར་གཡེང་རུ་མི་མང་པོ་ཞིག་གིས་འཚོ་བཅུད་ཆེ་བའི་མར་འཁྱེར་དགོས་བསམས་ཀྱང་གྲང་ངར་ཆེ་བའི་ཕྱི་རོལ་དུ་མར་འཁྱགས་པ་ཐེབས་ནས་སྤྱོད་ཐུབ་ཀྱི་མེད།
      “ང་དང་རོགས་སྐྱོབ་ཚོགས་ཆུང་གི་རུ་མི་སྲུང་སྐྱོང་ཁུལ་གྱི་དབུས་སུ་རོགས་སྐྱོབ་བྱེད་པར་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་ཚེ་སྲོག་གི་ལམ་བུ་ཞིག་བཏོད་ནས་ཉིན་12དཀའ་ཚེགས་ཆེན་པོས་ལ་ཀླུང་བརྒལ་བ་བརྒྱུད་རོགས་སྐྱོབ་ལས་འགན་ལེགས་གྲུབ་བྱུང་སོང”ཞེས་ལྷུན་གྲུབ་ཚེ་རྒྱལ་གྱིས་བརྗོད།
       ད་ཆ་ཁུ་ཁུ་ཤི་རི་མིང་དོན་མཚུངས་པའི“སྲོག་ཆགས་གླིང”ཞིག་ཏུ་གྱུར་ནས་གཙོད་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་འདི་གར་རྒྱུད་སྤེལ་འཚོ་གནས་ཐུབ་ཡོད། མི་རྣམས་ཀྱིས་མཚོ་བོད་གཞུང་ལམ་གྱི་ལམ་རྒྱུད་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་གིས་ཟས་འཚོལ་བ་དང་། རྩེད་འཇོར་རོལ་བ། འགུལ་སྐྱོད་བྱེད་པ་སོགས་ཀྱི་རྣམ་པ་མཐོང་རྒྱུ་ཡོད།
      “ང་ཚོས་ཁུ་ཁུ་ཤི་རི་སྲུང་སྐྱོང་ཆེད་ལང་ཚོ་སྐྱེས་སུ་འབུལ་རྒྱུ་ཡིན། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པའི་རྣམ་པ་ནི་ང་དང་རུ་མི་ཚོས་འབད་འཐབ་དང་རེ་སྒུག་བྱེད་ཡུལ་ཞིག་ཡིན”ཞེས་ལྷུན་གྲུབ་ཚེ་རྒྱལ་གྱིས་བརྗོད།
      འགན་འཁྲི་ཡག་པོ་ཁུར་ནས་ཤེས་དཔལ་གྱི་སྐར་ཁུང་བཏོད་པ།
       2017ལོའི་ཟླ་7ཚེས་7ཉིན། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོའི་གླིང་དུ་གནས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཁུ་ཁུ་ཤི་རི་མཚོ་བོད་ས་མཐོའི་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་ཐོག་མ་དེར་གྱུར་ཡོད་པ་རེད།
གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཁུ་ཁུ་ཤི་རི་དོ་དམ་ཁྲུའུ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་ཀྲེན་ཀྲང་གཞོན་པ་ཡིན་པའི་ངོས་ནས་ལྷུན་གྲུབ་ཚེ་རྒྱལ་གྱི་ཕྲག་ཐོག་གི་འགན་འཁྲི་དེ་བས་ལྕི་རུ་ཕྱིན་ཡོད་པ་རེད།
       ཁུ་ཁུ་ཤི་རིའི་སྐར་ཁུང་སྲུང་སྐྱོང་ས་ཚིགས་ཤིག་ཡིན་པའི་ངོས་ནས་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱིས་ལོ་ལྟར་ཡུལ་སྐོར་བ་མང་པོར་སྣེ་ལེན་ཞུས་པ་དང་འབྲེལ། ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཁ་ལོ་བ་མང་པོར་རོགས་རམ་བྱེད་མྱོང་ཡོད་པ་རེད།
       2017ལོའི་ཟླ་7ཚེས་24ཉིན། རྒྱལ་ལམ་109ཡི་སྤྱི་ལེ་2967གྱི་སར་འགྲིམ་འགྲུལ་ལས་འཛོལ་ཐོན་པ་དང་ལྷུན་གྲུབ་ཚེ་རྒྱལ་དང་རུ་མི་ཚོས་གནས་ཚུལ་དེ་ཐོས་རྗེས་ལམ་རྒྱུད་དུ་རྨས་མ་འཚོལ་བར་ཕྱིན་ནས་དུས་ཐུང་ནང་རྨས་མ་གོར་མོ་སྨན་ཁང་དུ་བསྐྱལ་ཡོད་པ་རེད།

      “ང་ཚོར་ད་ལྟ་དངུལ་སྐར་མ་གཅིག་ཀྱང་མེད། སྨན་ཁང་དུ་ཕྱིན་ནས་གང་བྱེད་དམ”ཞེས་ལམ་བར་དུ་རྨས་མ་དེར་སེམས་ཁྲལ་ཆེན་པོ་བྱུང་བ་དང་། ལྷུན་གྲུབ་ཚེ་རྒྱལ་གྱིས“རང་བློ་བདེ་པོ་བྱོས། ངས་ཁྱོད་ལ་དངུལ་སྔ་རྟིང་དུ་བཏང་ཆོག”ཅེས་བརྗོད་པ་དང་ཆབས་ཅིག་རྨས་མ་ཡོངས་རྫོགས་བཀོད་སྒྲིག་བྱས་རྗེས་ལྷུན་གྲུབ་ཚེ་རྒྱལ་གཞི་ནས་མཚན་མོ་དེ་རང་དུ་གོར་མོ་ནས་ཁ་གྱེས་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1