༄༅།། རིག་གནས་ཞེས་པའི་གོ་དོན་དང་ཁྱད་ཆོས་སྐོར་རགས་ཙམ་གླེང་བ།

ནོར་བུ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་རིག་པ། སྤེལ་དུས། 05-21


 ནོར་བུ་ཚེ་རིང་།
གཅིག རིག་གནས་ཀྱི་གོ་དོན་དང་དབྱེ་བའི་སྐོར་གླེང་བ།
          དེ་ཡང་རིག་གནས་ཞེས་པའི་ཐ་སྙད་འདི་ལ་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱིས་འགྲེལ་བཤད་དང་མཚན་ཉིད་བཀོད་པའི་ཁྲོད། ལ་ལས་རིག་པའི་གནས་ཞེས་པའི་ཚིག་བསྡུས་པ་ཡིན་ཞེས་བཟོ་རིག་པ་དང་། གསོ་བ་རིག་པ། གཏན་ཚིགས་རིག་པ(ཚད་མ་རིག་པ)། སྒྲ་རིག་པ། ནང་དོན་རིག་པ་སྟེ་རིག་གནས་ཆེ་བ་ལྔ་དང་། སྐར་རྩིས་རིག་པ་དང་སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར་སྟེ་རིག་གནས་ཆུང་བ་ལྔ་བཅས་བསྡོམས་པའི་བཅུ་ཕྲག་རིག་པའི་གནས་ཞེས་པ་དེ་རྣམས་ཀྱི་སྤྱི་མིང་ཡིན་པར་འདོད། ཁ་ཅིག་གིས་ཤེས་པར་བྱ་བའི་གནས་ཞེས་རིག་སྟོབས་ཀྱི་སྦྱང་བ་ལ་བརྟེན་ནས་ཤེས་པར་བྱེད་ཐུབ་པ་ཇི་སྙེད་ལ་གོ་བར་བྱེད། འགའ་ཤས་ཀྱིས་ཤེས་ཡོན་སྤྱིའི་མིང་ལ་གོ་བར་བྱེད། དཔེར་ན། ཀྲུང་གོའི་རིག་གནས་དར་བ་ཆེས་སྔ་བའི་རྒྱལ་ཁབ་ཅིག་ཡིན་ལྟ་བུ་དང་མི་དེ་རིག་གནས་ཅན་ཞིག་རེད་ལྟ་བུ་དང་། ཡང་ལ་ལས་བོད་ཀྱི་རིག་གནས་བཅུ་ལས་ཐུན་མོང་མ་ཡིན་པའི་ནང་དོན་རིག་པ་ཕུད་པའི་གཞན་པའི་ཐུན་མོང་གི་རིག་གནས་དང་བརྡ་སྤྲོད་སོགས་ལ་གོ་བར་བྱེད།  དཔེར་ན།མི་དེས་རིག་གནས་ལས་མི་ཤེས་ཞེས་བརྗོད་སྐབས་ནང་དོན་རིག་པ་ལ་གོ་བ་དང་བྱང་ཆ་མེད་པ་སྟོན། ཡང་ད་ལྟ་མི་མང་ཆེ་ཤོས་ཀྱིས་ཆབ་སྲིད། དཔལ་འབྱོར། རིག་གནས་ཞེས་རིག་གནས་དེ་ནི་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་ནང་དུ་མིའི་རིགས་ཀྱིས་གསར་དུ་བསྐྲུན་པའི་དངོས་རྫས་ཀྱི་ལོངས་སྤྱོད་དང་། སློབ་གསོ། ཚན་རིག རྩོམ་རིག་སོགས་བསམ་པའི་ལོངས་སྤྱོད་ཀྱི་སྤྱི་འདུས་ལ་གོ་བར་བྱེད། རིག་གནས་ནི་སྤྱི་ཚོགས་ངེས་ཅན་ཞིག་གིར་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་མཚོན་བྱེད་ཡིན་པས་རིག་གནས་ཀྱི་གོ་དོན་ལ་འཕེལ་འགྱུར་བྱུང་བ་དེ་ལས་སྤྱི་ཚོགས་ཀྱི་དུས་སྐབས་སོ་སོའི་རིག་གནས་ལའང་འཕོ་འགྱུར་སྣ་ཚོགས་བྱུང་བ་ཤེས་ཐུབ། དཔེར་ན། གྲལ་རིམ་སྤྱི་ཚོགས་སུ་རིག་གནས་ནི་གྲལ་རིམ་འཐབ་རྩོད་བྱེད་པའི་མཚོན་ཆ་ལྟ་བུ་ཡིན།
          རིག་གནས་ཞེས་པའི་ཐ་སྙད་ཀྱི་གོ་དོན་དེ་མདོར་བསྡུས་ན། ༡ རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ལ་གོ་བ། ༢ ཤེས་བྱ་ཇི་སྙེད་ལ་གོ་བ། ༣ ཡོན་ཚད་དང་ཤེས་ཡོན་སྤྱི་ལ་གོ་བ། ༤ ཐུན་མོང་གི་རིག་གནས་ལ་གོ་བ། ༥ ཡི་གེ་དང་བརྡ་སྤྲོད་ཙམ་ལ་གོ་བ། ༦ བསམ་པའི་ལོངས་སྤྱོད་དང་དངོས་པོའི་ལོངས་སྤྱོད་ཀྱི་སྤྱི་འདུས་ལ་གོ་པ་བཅས་དྲུག་ཙམ་དུ་སྣང་། དེ་བས་ཐ་སྙད་འདིའི་ད་ལྟའི་གོ་དོན་ནི་ཧ་ཅང་རྒྱ་ཆེ་ཞིང་ཪྙོག་འཛིང་ལྡན་པ་ཞིག་ཡིན་པས་དེ་ལ་མཚན་ཉིད་ཡང་དག་ཅིག་འཇོག་རྒྱུ་ནི་ལས་སླ་མོ་ཞིག་མིན།
          འོན་ཀྱང་ང་ཚོས་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་མཁས་པ་རྣམས་ཀྱིས་རིག་གནས་ཞེས་པའི་ཐ་སྙད་ལ་གོ་བ་འཛིན་སྟངས་དང་། མཚན་ཉིད་འཇོག་སྟངས་ཀྱི་ཐད་ནས་དཔྱད་བསྡུར་རགས་ཙམ་བྱ་བ་ལ། ནུབ་གླིང་ལ་མཚོན་ན། རིག་གནས་ཞེས་པའི་ཐ་སྙད་འདིའི་ཐོག་མའི་འབྱུང་ཁུངས་ནི་དབྱིན་ཇིའི་སྐད་དུ་“ཁའོ་ཆཱིར་ཞེས་པ་(Culture)ལས་བྱུང་ལ། སྐབས་དེའི་རིག་གནས་ཞེས་པའི་ཐ་སྙད་འདིའི་གདོད་མའི་གོ་དོན་ཁྲོད་རྨོ་ལས་དང་། གསོ་སྐྱོང་། སློབ་གསོ། འཕེལ་རྒྱས། བརྩི་བཀུར་སོགས་འདུ། དབྱིན་ཇིའི་སྐད་དུ་ (Culture)ཞེས་པ་དེའང་ལ་ཏིང་ཀི་སྐད་ཁའོ་ཐིར་སི་(Cultus)ལས་བྱུང་བ་ཡིན་ལ།   (Cultus)ཞེས་པའི་ཐ་སྙད་ཀྱི་གདོད་མའི་གོ་དོན་ནང་རྩི་ཤིང་འདེབས་པ་དང་རྨོ་ལས་བྱེད་པའི་བྱ་བ་འདུ། དེ་བས་རིག་གནས་ཞེས་པའི་ཐ་སྙད་ཀྱི་གོ་དོན་ཁྲོད་མི་རྣམས་ཀྱིས་རང་བྱུང་ཁམས་ལ་ངལ་རྩོལ་བྱས་ཏེ་གྲུབ་འབྲས་ཪྙེད་པའི་བསམ་བློ་དེ་སྔ་མོ་ནས་ལྡན་པས། རིག་གནས་ལ་མིས་བཟོ་བསྐྲུན་བྱས་པའི་ནང་དོན་ལྡན་པ་བསྟན།  ཉེ་བའི་དུས་རབས་ཀྱི་ནང་། རིག་གནས་ཀྱི་གནད་དོན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱེད་པའི་རྒྱལ་ཁབ་སོ་སོའི་མཁས་པ་ཇེ་མང་ལ་སོང་རྐྱེན། རིག་གནས་ཀྱི་གདོད་མའི་གོ་དོན་དེ་འགྱུར་ནས་རིག་གནས་ལ་མཚན་ཉིད་མང་པོ་ཞིག་བཀོད་པས། རིག་གནས་ལ་ཞིབ་འཇུག་བྱེད་མཁན་ཇི་ཙམ་མཆིས་ན་རིག་གནས་ལ་མཚན་ཉིད་ཀྱང་དེ་ཙམ་མཆིས་ཞེས་བཤད་ཆོག སུས་རིག་གནས་སྐོར་གླེང་སྐབས་དེས་ཐོག་མར་རང་གིས་བརྗོད་པའི་རིག་གནས་ཀྱི་གོ་དོན་དེ་གང་ལ་བསྟན་པ་ཡིན་པ་གསལ་བཤད་བྱེད་པ་དེ་ཆོས་ཉིད་དུ་གྱུར་འདུག
          ཐོག་མར་ནུབ་གླིང་དང་ཨོའུ་གླིང་ཤར་མའི་རྒྱལ་ཁབ་འགའི་རིག་གནས་ཀྱི་གོ་དོན་ཚབ་བྱེད་དུ་གྱུར་པ་འགའ་བརྗོད་པར་བྱ་བ་ལ།
           (༡) ༡༩༧༣ལོར་སུའུ་ལན་ནས་དཔར་སྐྲུན་མཛད་པའི་《སུའུ་ལན་ཤེས་བྱ་ཀུན་འདུས》ཞེས་པའི་དཔེ་དེབ་ལས་རིག་གནས་ཀྱི་གོ་དོན་ལ་སྒྲ་ཡངས་པར་འཇུག་པ་དང་དོག་པར་འཇུག་པ་གཉིས་སུ་དགར་ཞིང་།སྒྲ་ཡངས་ཀྱི་དབང་དུ་བྱས་པའི་རིག་གནས་ཀྱི་གོ་དོན་ནི་སྤྱི་ཚོགས་དང་མི་དེ་ལོ་རྒྱུས་སྟེང་འཕེལ་རྒྱས་ངེས་ཅན་ཞིག་བྱུང་བའི་ཆུ་ཚད་ལ་བསྟན་པས།དེས་མི་རྣམས་ཀྱི་འཚོ་བའི་སྤྱོད་སྟངས་དང་འགུལ་སྤྱོད་བྱེད་ཕྱོགས་ཀྱི་རིགས་དང་རྣམ་པ་སོ་སོ་མཚོན་པ་མ་ཟད།མི་རྣམས་ཀྱིས་གསར་གཏོད་མཛད་པའི་དངོས་པོ་དང་བསམ་པའི་ལོངས་སྤྱོད་ཀྱང་མཚོན་པ་ཡིན་ཞེས་བཀོད། སྒྲ་དོག་འཇུག་གི་དབང་དུ་བྱས་པའི་རིག་གནས་ཀྱི་གོ་དོན་ནི“མི་རྣམས་ཀྱི་བསམ་པའི་འཚོ་བའི་ཁྱབ་ཁོངས་འབའ་ཞིག་ཡིན”ཞེས་འཁོད།
           (༢)  ༡༩༧༡ལོར་འཇར་མན་ནས་དཔར་དུ་བསྐྲུན་པའི་《མ་ཨུར་རིག་གནས་ཀུན་འདུས་ཀྱི་ཚིག་མཛོད》ནང་རིག་གནས་ལ་དངོས་པོའི་རིག་གནས་དང་བསམ་པའི་རིག་གནས་གཉིས་སུ་དབྱེ་ཞིང་། རིག་གནས་ཞེས་པ་དེ་སྤྱིར་བཏང་བསམ་པའི་རིག་གནས་ལ་བསྟན་པར་འདོད།  དེའི་ནང་བསྟན་དོན་རིག་གནས་ཟེར་བ་ནི་“མིའི་རིགས་ཀྱིས་རང་བྱུང་ཁམས་འདུལ་བ་དང་རང་ཉིད་འཕེལ་རྒྱས་གཏོང་བའི་རྒྱུད་རིམ་ནང་གསར་གཏོད་མཛད་པའི་དངོས་པོ་དང་བསམ་བློའི་རྒྱུ་ནོར་ལ་བསྟན་པ་ཡིན་ཞེས”འཁོད།
          (༣)  (༡༩༧༣-༡༩༧༤)ལོར་དབྱིན་ཇི་ནས་དཔར་སྐྲུན་མཛད་པའི་《དབྱིན་ཇིའི་རིག་གནས་ཀུན་འདུས་ཀྱི་དཔེ་དེབ་ཆེན་མོའི》ནང་། རིག་གནས་ཀྱི་གོ་དོན་ལ་“སྤྱིར་བཏང་གི་རང་བཞིན”དང་། “རྒྱུྱུ་མང་ཞིང་ལྟོས་བཅས་ཡིན་ཚུལ”གྱི་རིགས་གཉིས་སུ་དབྱེ་འདུག་སྟེ། རིགས་དང་པོའི་རིག་གནས་ཀྱི་གོ་དོན་ནི་“མིའི་རིགས་ཀྱི་སྤྱི་ཚོགས་ཧྲིལ་པོའི་ཤུལ་བཞག་དངོས་རྫས”དང་གཅིག་མཐུན་དུ་སྦྱར་ཞིང་།རིགས་གཉིས་པའི་ནང“རིག་གནས་ནི་ལོ་རྒྱུས་སྟེང་བྱུང་བའི་འཚོ་བའི་གྲུབ་ཚུལ་གྱི་མ་ལག་ཅིག་སྟེ། མ་ལག་འདི་ནི་ཚོགས་པའི་ཁོངས་མི་ཐུན་མོང་ལ་ལྡན་པ་ཞིག་ཡིན”དེའི་ཁོངས་སུ་ཚོགས་པ་འདིའི་“སྐད་ཆ་དང་། སྲོལ་རྒྱུན།གོམས་སྲོལ། ལམ་ལུགས་སོགས་འདུ་བ་མ་ཟད། སྐུལ་སློང་གི་ནུས་པ་ལྡན་པའི་བསམ་བློ་དང་། དད་མོས། རིན་ཐང་།  གཞན་ཡང་ཁོ་ཚོའི་མཚོན་བྱེད་དུ་གྱུར་པའི་དངོས་པོའི་ལག་ཆ་དང་བཟོས་དངོས་སོགས་ཀྱང་འདུ།”ཞེས་གསལ། 
          (༤)  ༡༩༨༡ལོར་ཧྥ་རན་སི་ནས་དཔར་དུ་བསྐྲུན་པའི་《ཧྥ་རན་སིའི་རིག་གནས་ཀུན་འདུས་ཀྱི་དཔེ་དེབ་ཆེན་མོའི》ནང་།“ རིག་གནས་ནི་སྤྱི་ཚོགས་ཀྱི་ཆོགས་པ་ཞིག་ལ་ཆེད་དུ་ལྡན་པའི་ཚུལ་ལྡམཱསྣང་ཚུལ་གྱི་ཕྱོགས་བསྡུས་ཡིན”ཞེས་དང་། རིག་གནས་ནི“མཉམ་འདུས་ཀྱི་ཕུང་པོ”(复合体)ཞིག་སྟེ། དེ་ཁོངས་སུ་ཤེས་བྱ་དང་། དད་མོས། སྒྱུ་རྩལ། ཀུན་སྤྱོད། རྩ་ཁྲིམས། གོམས་སྲོལ་སོགས་སྤྱིཚོགས་ཀྱི་ཁོངས་མིར་གྱུར་པའི་མི་རྣམས་ལ་ཡོད་པའི་མིག་དཔེ་དང་གོམས་ལུགས་སོགས་འདུ་ཞེས་བཤད།
          དེ་ལྟར་རིག་གནས་ཀྱི་གོ་དོན་ལ་གོང་གི་འབྲེལ་ཚུལ་དེ་དག་ལས་གཞན་ད་དུང་རང་རྒྱལ་གྱི་མཁས་པ་ལ་ལས་དངོས་པོའི་རིག་གནས་དང་བསམ་པའི་རིག་གནས་གཉིས་སྟེང་འཚོ་བ་སྤྱོད་སྟངས་(འགུལ་བསྐྱོད་བྱེད་ཐབས)ཤིག་བསྣན་ཏེ་གསུམ་དུ་དབྱེ་བ་སྟེ། འཚོ་བ་སྤྱོད་་སྟངས་ཀྱི་ནང་“བཟའ་བཏུང་གི་རིག་གནས་དང་།གོས་རྒྱན་གྱི་རིག་གནས། འཛུགས་བསྐྲུན་གྱི་རིག་གནས། རྒྱུན་སྤྱོད་ཅ་ལག་གི་རིག་གནས། སྨན་སྦྱོར་འཕྲོད་བསྟེན་གྱི་རིག་གནས། ལུས་རྩལ་གྱི་རིག་གནས། སྤྲོ་གསེང་གི་རིག་གནས་སོགས་འདུ་བ་མ་ཟད། མི་དང་མི་ བར་གྱི་འབྲེལ་བ་མངོན་པར་མཚོན་བྱེད་མི་ཆོས་ཀྱི་རིག་གནས་”སོགས་ཀྱང་འདུ་བར་བཤད། གོང་དུ་སྨྲས་པའི་རིག་གནས་ཀྱི་གོ་དོན་ཚང་མ་ཞིབ་འཇུག་གི་ཟུར་མི་འདྲ་བའི་ཕྱོགས་སོ་སོ་ནས་རིག་གནས་ལ་མཚན་ཉིད་བཀོད་པ་ལགས། ལ་ལས་སྡོམ་རྩིས་བྱས་པ་ལྟར་ན། མིག་སྔར་རིག་གནས་ལ་གོ་དོན་མི་འདྲ་བའི་མཚན་ཉིད་ཉིས་བརྒྱ་ལྷག་ཡོད་པར་བཞེད་མོད། མཐར་གཏུག་ན་སྒྲ་ཡངས་འཇུག་དང་དོག་འཇུག་གི་རྩོད་གཞི་དེ་ཡིན།སྔོན་དུ་རྒྱལ་ཁབ་དང་མི་རིགས་གཞན་དག་གིས་རིག་གནས་ལ་བཞག་པའི་མཚན་ཉིད་དེ་དག་ལ་དབྱེ་ཞིབ་དང་ཕྱོགས་སྡོམ་བྱས་ན། རིག་གནས་ལ་གཤམ་གྱི་གྲུབ་ཆ་ཁ་ཤས་ཚང་དགོས་པ་ནི་མངོན་གསལ་ཡིན།
          (༡)  རང་བྱུང་ཁམས་ལས་བརྒལ་བ། གོང་དུ་བརྗོད་པའི་རིག་གནས་ཀྱི་གོ་དོན་དང་མཚན་ཉིད་ཡོད་ཚད་མི་དང་མིའི་འགུལ་བསྐྱོད་ལ་འབྲེལ་བ་ཡོད་པའི་སྐོར་བརྗོད་པ་ཞིག་ཡིན་པས། རིག་གནས་ཀྱི་བརྗོད་བྱའི་སྙིང་པོ་ནི་མི་ཡིན་པ་སྨོས་མེད་རེད། མིའི་འགུལ་བསྐྱོད་དང་གསར་བསྐྲུན་ལ་མ་བརྟེན་པའི་རང་བྱུང་ཁམས་ཆེན་པོ་ནི་སུས་ཀྱང་རིག་གནས་ཀྱི་ཁོངས་སུ་བཞག་མི་འདུག་པས་རང་བྱུང་ལས་བརྒལ་བ་ནི་རིག་གནས་ལ་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ལགས།
          (༢)  མི་བྱེ་བྲག་པ་ལས་བརྒལ་བ། རིག་གནས་ཀྱི་བརྗོད་བྱ་ནི་ཚོགས་པའམ་རིགས་སྤྱིའི་གང་ཟག་བརྗོད་པ་སྟེ། གང་ཟག་གི་ཚོགས་པ་སྤྱིའི་ངོ་བོ་དང་རྣམ་པ། ཡང་ན་རིགས་སྤྱིའི་ངོ་བོ་དང་རྣམ་པ་དེ་མཚོན་པར་བྱེད་པ་ལས་མི་སྒེར་རམ་རེ་གཉིས་ཀྱི་ཁྱད་ཆོས་དང་སྣང་ཚུལ་ཞིབ་འབྲི་བྱེད་པ་ཞིག་མིན་པས་མི་བྱེ་བྲག་པ་ལས་བརྒལ་བ་ཡིན།
          (༣)  ཁྱད་པར་འབྱེད་བྱེད་དང་བརྟག་དཔྱད་ཀྱི་གཞི་འཛིན་སར་གྱུར་པ། རིག་གནས་ཀྱིས་གང་ཟག་གི་ཚོགས་པ་དང་རིགས་སྤྱིའི་ངོ་བོ་དང་རྣམ་པའི་ཁྱད་ཆོས་བརྗོད་པ་གཙོ་བོར་བཟུང་བ་ཞིག་ཡིན་པའི་རྒྱུ་མཚན་གྱིས་རིག་གནས་ནི་གང་ཟག་གི་ཚོགས་པ་ཕན་ཚུན་བར་གྱི་ཁྱད་པར་རམ།  མིའི་རིགས་དང་རིགས་གཞན་པའི་བར་གྱི་ཕན་ཚུན་ཁྱད་པར་འབྱེད་བྱེད་ཀྱི་རྟགས་སམ་གཞི་འཛིན་ས་གཙོ་བོ་ཞིག་ཡིན།   དེ་ཡང“གཉིད”ཅེས་པའི་འགུལ་བསྐྱོད་དེ་ཉིད་མིའི་རིགས་ཀྱི་རིག་གནས་ཡིན་ནམ་ཞེ་ན། མིན་ཏེ། དེ་ནི་མིའི་རིགས་ཀྱི་འགུལ་བསྐྱོད་ཡིན་མོད། འོན་ཀྱང་གཉིད་ནི་སྲོག་ཆགས་གཞན་དག་ལའང་ལྡན་པས་ཁྱད་པར་མི་འདུག་ལ། ཁྱད་པར་མེད་ཚེ་དཔྱད་པ་ཟེར་བའང་མེད། ཡིན་ན་ཡང་གཉིད་ཐབས་དང་ཉལ་ཚུལ་ནི་མིའི་རིགས་ཀྱི་རིག་གནས་ཤིག་ཡིན།རྒྱུ་མཚན་ནི་མིའི་རིགས་དང་སྲོག་ཆགས་ཀྱི་ཉལ་ཚུལ་ལ་ཁྱད་པར་ཆེན་པོ་འདུག་པས་སོ།།དེས་ན་རིག་གནས་ལ་གང་ཟག་གི་ཚོགས་པ་དང་རིགས་སོ་སོ་ཕན་ཚུན་བར་གྱི་ཁྱད་པར་འབྱེད་བྱེད་ཀྱི་གྲུབ་ཆ་ལྡན་པ་མཐོང་ཐུབ།
          (༤)   རིག་གནས་ནི་ཚོགས་པའམ་རིགས་སུ་གྱུར་པའི་གང་ཟག་གི་འགུལ་བསྐྱོད་བྱེད་ཐབས་དང་། འགུལ་བསྐྱོད་ལས་གསར་བསྐྲུན་བྱས་ཚད།  གཞན་ཡང་འགུལ་བསྐྱོད་བྱེད་ཐབས་འདིའི་རྟེན་གཞིར་གྱུར་པའི་དངོས་པོའི་རྒྱུ་ནོར་དང་བསམ་པའི་ཐོན་རྫས་བཅས་ཁོངས་སུ་འདུ་བས་གང་ཟག་གི་ཚོགས་པ་ཕན་ཚུན་དང་རིགས་ཕན་ཚུན་དབྱེ་བྱེད་ཀྱི་གཞི་འཛིན་བྱེད་གལ་ཆེན་ཞིག་ཡིན།  མཚན་ཉིད་འདིའི་ནང་རིག་གནས་ཀྱི་རྣམ་པའི་ཕྱོགས་གསུམ་ག་སྟེ། བྱེད་སྟངས་རིག་གནས་དང་། དངོས་པོའི་རིག་གནས། བསམ་བློའི་རིག་གནས་བཅས་འདུ།
          དེ་ཡང་ཕོ་བྲང་དང་། གཙུག་ལག་ཁང་། མཆོད་རྟེན། མེ་སྒྱོགས། རྩིས་རྒྱག་འཕྲུལ་ཆས་སོགས་མིག་མཐོང་ལག་ཟིན་དུ་གྱུར་པ་དག་ནི་དངོས་པོའི་རིག་གནས་ཀྱི་ཁོངས་སུ་གཏོགས་ཤིང་། གཞུང་ལུགས་དང་། འདུ་ཤེས། སེམས་ཁམས་སོགས་དང་དེར་འབྲེལ་ཡོད་ཀྱི་ཚན་རིག་དང་། ཆོས་ལུགས། རྩོམ་རིག སྒྱུ་རྩལ།  ཁྲིམས་ལུགས། ཀུན་སྤྱོད་སོགས་ནི་བསམ་བློའི་རིག་གནས་ཀྱི་ཁོངས་སུ་གཏོགས། དངོས་པོའི་རིག་གནས་ནི་རིག་གནས་དེ་དངོས་པོའི་སྟེང་མཚོན་པར་བྱས་པ་སྟེ་རིག་གནས་ཀྱི་ཕྱི་ངོས་ཀྱི་གྲུབ་ཚུལ་ཞིག་ཡིན་པས་འགྱུར་ལྡོག་བྱུང་སླ་ལ།  བསམ་བློའི་རིག་གནས་ནི་ལྟོས་བཅས་ཀྱིས་འགྱུར་ལྡོག་དང་དང་ལེན་བྱེད་དཀའ།  དཔེར་ན།  ནུབ་གླིང་བ་རྣམས་ཀྱིས་འཕྲལ་འཕྲལ་ཤེས་རྟོགས་བྱེད་སླ་བ་ནི་རང་རྒྱལ་གྱི་མེ་རྫས་དང་མེ་རྫས་ཀྱིས་བཟོས་པའི་ཤོག་སྦག་ཡིན་ལ། འོན་ཀྱང་རང་རྒྱལ་གྱི་རྒྱ་མིས་ཤོག་སྦག་རྒྱབ་ནས་གདོན་འདྲེ་སྐྲོད་པ་སོགས་བར་ཆད་ལ་གཡོལ་བའི་དད་སེམས་དེ་ནི་རིག་གནས་ཀྱི་སེམས་ཁམས་ཀྱི་རྣམ་པ་ཞིག་ཡིན་པས་ཕྱི་གླིང་པ་རྣམ་ཀྱིས་དང་ལེན་དང་ལག་བསྟར་བྱེད་ཁག་པོར་གྱུར།
          དེ་བས་བསམ་བློའི་རིག་གནས་སྟེ་སེམས་ཁམས་སུ་ཡུན་རིང་ངང་ཆགས་པའི་རྣམ་པ་འདི་ནི་རིག་གནས་ཀྱི་གྲུབ་ཚུལ་ནང་ཆེས་གཏིང་ཟབ་པའི་རིམ་པ་ཞིག་ཡིན་ལ། དེ་ནི་ཡུན་རིང་གི་འཚོ་པའི་ཁྲོད་མི་རང་ཉིད་ཀྱི་སེམས་ཁམས་སུ་ཆགས་པའི་གོམས་གཤིས་ཤིག་ཡིན་པ་མ་ཟད། དུས་རབས་མང་པོའི་ནང་མི་རིགས་ཤིག་གིས་མི་རབས་དུ་མར་གསོགས་ཤིང་ཆགས་པའི་སེམས་ཁམས་ཀྱི་གོམས་གཤིས་ཤིག་ཀྱང་རེད། དེ་བས་ཁོར་ཡུག་དང་ལོ་རྒྱུས། གོམས་སྲོལ། སྲོལ་རྒྱུན། གནམ་གཤིས། དཔལ་འབྱོར་སོགས་ཕྱི་རོལ་གྱི་རྒྱུ་རྐྱེན་མང་པོས་མི་རྣམས་ཀྱི་སེམས་ཁམས་སུ་འདུ་ཤེས་གཏན་འཁེལ་བ་ཞིག་དང་། བསམ་གཞིགས་བྱེད་སྟངས་གཏན་འཁེལ་བ།  རིན་ཐང་གཞལ་ཚུལ་གཏན་འཁེལ་བ་ཞིག་ཆགས་ཟིན་པས་མི་རིགས་གཞན་པའམ་རྒྱལ་ཁབ་གཞན་པ་ཞིག་གི་བསམ་བློའི་རིག་གནས་དེ་འཕྲལ་འཕྲལ་དང་ལེན་བྱེད་ཁག་པོར་གྱུར་པའང་རྒྱུ་མཚན་དེར་ཐུག
          རིག་གནས་ཀྱི་དབྱེ་བ་གཙོ་བོ་གསུམ་ལས་བྱེད་སྟངས་རིག་གནས་ཏེ་འགུལ་བསྐྱོད་བྱེད་སྟངས་ཀྱི་རིག་གནས་ནང་ཐོན་སྐྱེད་བྱེད་ཐབས་དང་། རྩ་འཛུགས་བྱེད་སྟངས། འཚོ་གནས་བྱེད་ཐབས། འཚོ་བ་རོལ་སྟངས། སྤྱོད་སྟངས། བསམ་གཞིགས་བྱེད་ཐབས་སོགས་འདུ་བས། དེ་ནི་རིག་གནས་ཀྱི་ཆེས་རྩ་བར་གྱུར་པའི་ནང་དོན་ཡིན་ལ། གང་ཟག་གི་ཚོགས་པ་དང་ཚོགས་པ། ཚོ་པ་དང་ཚོ་པ། མིའི་རིགས་དང་གཞན་རིགས་ཀྱི་ཆེས་རྩ་བའམ་ཆེས་དོན་སྙིང་ལྡན་པའི་ཁྱད་པར་འབྱེད་བྱེད་ཅིག་ཡིན།  དེ་བས་བྱེད་སྟངས་རིག་གནས་ནི་དངོས་པོའི་རིག་གནས་དང་བསམ་པའི་རིག་གནས་གཉིས་ཀའི་ཁོངས་སུའང་མི་གཏོགས།  རིག་གནས་དེ་དངོས་པོའི་རིག་གནས་དང་བསམ་བློའི་རིག་གནས་གཉིས་ཀྱི་ཁོངས་སུ་བསྡུ་ཐབས་བྱེད་པ་ནི་ཕྱོགས་རེའི་ལྟ་ཚུལ་ཞིག་ཡིན། དེས་ན་ང་ཚོས་གོང་དུ་སྤྱི་སྡོམ་བྱས་པའི་རིག་གནས་ཀྱི་གོ་དོན་དྲུག་པོ་དེའང་དངོས་པོའི་རིག་གནས་དང་བསམ་པའི་རིག་གནས་གཉིས་ཀྱི་ར་བ་ལས་བརྒལ་ཐུབ་མེད་པས་ཧ་ཅང་གུ་དོག་པའི་སྐྱོན་འདུག  དེའི་ཁྲོད་ད་དུང་རིག་གནས་ཀྱི་གོ་དོན་མང་ཆེ་བ་བསམ་བློའི་རིག་གནས་ཁོ་ན་ལས་བརྒལ་ཐུབ་མེད་པས་ང་ཚོའི་མེས་པོ་རྣམས་ཀྱིས་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་བསྐྲུན་པའི་དངོས་པོའི་རིག་གནས་ཏེ་གསང་གསུམ་གྱི་རྟེན་སྣ་ཚོགས་དང་། གཙུག་ལག་ཁང་། ཕོ་བྲང་པོ་ཏ་ལ་སོགས་ཀྱང་རིག་གནས་ཀྱི་ཁོངས་སུ་མི་འདུ་བའི་སྐྱོན་འདུག རིག་གནས་ཟེར་དུས་ལ་ལས་གླེགས་བམ་དང་འབྲེལ་བ་ཡོད་པ་ཁོ་ནར་གོ་བའམ།  ཡང་ན་བརྡ་སྤྲོད་ཙམ་ལ་གོ་ནས་ཁྱབ་ཆུང་བར་འགྱུར་བཞིན་འདུག་དེ་ལྟར་བྱས་ཚེ་བོད་ཀྱི་མཁས་པ་སྔ་མ་དང་མེས་པོ་གོང་མ་རྣམས་ཀྱིས་ང་ཚོ་མི་རབས་ཕྱི་མ་རྣམས་ལ་ཆེད་དུ་བསྐྲུན་པའི་དངོས་པོའི་རིག་གནས་དང་བསམ་བློའི་རིག་གནས། བྱེད་སྟངས་རིག་གནས་སོགས་ཀྱི་ཁྲོད་མང་ཆེ་བ་རིག་གནས་ཀྱི་གར་སྟེགས་སྟེང་རྒྱང་མཐར་བསྐྲོད་པའི་ནག་ཉེས་ང་ཚོའི་ཕྲག་ཏུ་ལེན་དགོས་བྱུང་། གཤམ་དུ་སྒྲ་ཡངས་འཇུག་གི་དབང་དུ་བྱས་པའི་རིག་གནས་ཀྱི་མངོན་པར་གསལ་བའི་ཁྱད་ཆོས་འགའ་བརྗོད་པའི་ཐབས་ལ་བརྟེན་ནས་དེའི་གོ་དོན་ལ་གོམ་གང་མདུན་སྤོས་ཀྱིས་དབྱེ་ཞིབ་བྱ་བའོ།།
          གཉིས། རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྐོར་གླེང་བ།
          ༡ ཡུལ་ཁམས་ཀྱི་རང་བཞིན་དང་ཡུལ་ཁམས་ལས་བརྒལ་བའི་རང་བཞིན་ལྡན་པ།
          རིག་གནས་ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཐོན་རྫས་ཤིག་ཡིན་པའི་ཆ་ནས་བཤད་ན། དེ་ནི་མིའི་རིགས་ཀྱི་བྱུང་བ་དང་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ཐོག་མར་གསར་དུ་བྱུང་བ་དང་དེ་ནས་འཕེལ་རྒྱས་དང་ ཕུན་ཆོགས་སུ་བྱུང་བ་ཞིག་ཡིན་པས། རིག་གནས་དེ་གདོད་མའི་མིའི་རིགས་གྲོལ་ཚུལ་གྱི་ཁོར་ཡུག་དང་ས་  ཁོངས་ལ་ཁ་གྱེས་མི་ཐུབ།  གདོད་མའི་འགྲོ་བ་མིའི་རིགས་དེ་ཡང་ས་ཁོངས་དང་ཡུལ་ཁམས་ཀྱི་དབང་དུ་གྱུར་ཏེ་རྐྱེན་སྣ་ཚོགས་ཀྱི་དབང་གིས་བར་མཚམས་ཆད་དེ་ཕན་ཚུན་འགྲོ་འོང་བྱེད་པ་ཉུང་ལ།  ཚོགས་པ་དང་ཚོགས་པ། ཚོ་པ་དང་ཚོ་པ། རུས་རྒྱུད་དང་རུས་རྒྱུད་དུ་ཆད་བྱུང་བས། ཡུལ་ཁམས་སོ་སོར་གནས་པའི་ཚོགས་པ་རྣམས་ཀྱིས་ཀྱང་རང་རང་གི་ཐུན་མོང་མིན་པའི་བྱེད་ཐབས་དང་བློ་གྲོས་སྤྱད་དེ་རང་ཉིད་ཀྱི་རིག་གནས་གསར་གཏོད་མཛད།འདི་ལྟར་གདོད་མའི་རིག་གནས་ལ་ཡུལ་ཁམས་ཀྱི་ཁྱད་ཆོས་མངོན་གསལ་བྱུང་བ་མ་ཟད།  ཡུལ་ཁམས་སོ་སོའི་རིག་གནས་ཀྱི་བར་ཡང་ཁྱད་པར་བྱུང་བ་ཡིན།  ཕྱིས་སུ་རིག་གནས་སོ་སོའི་རྒྱུན་མུ་མཐུད་དུ་བསྐྱངས་བྱུང་བས། འཇར་པན་རིག་གནས་དང་། ནུབ་གླིང་རིག་གནས། ཀྲུང་གོའི་རིག་གནས་སོགས་ཀྱི་དབྱེ་བའང་བྱུང་བ་རེད། དེ་ཡང་ཡུལ་ཁམས་རིག་གནས་ནི་ངེས་པར་དུ་རྒྱལ་དམངས་རང་བཞིན་ཅན་གྱི་རིག་གནས་སམ་མི་རིགས་རང་བཞིན་ཅན་གྱི་རིག་གནས་ཡིན་དགོས་པའི་ངེས་པ་མེད་མོད།རྒྱལ་དམངས་རང་བཞིན་ནམ་མི་རིགས་རང་བཞིན་གྱི་རིག་གནས་ལ་ཡུལ་ཁམས་ཀྱི་ཁྱད་ཆོས་ངེས་པར་དུ་ལྡན་པ་ཞིག་ཡིན།
          རྒྱལ་དམངས་རང་བཞིན་གྱི་རིག་གནས་ནི་ཡུལ་ཁམས་རང་བཞིན་གྱི་རིག་གནས་ཤིག་ཡིན་ཟེར་དོནཡང་། རྒྱལ་ཁབ་ཅིག་ལ་མཚོན་ན་མངའ་ཁོངས་གཏན་འཁེལ་བ་ཞིག་ཡོད་ལ། མངའ་ཁོངས་དེར་ཡུལ་ཁམས་ཀྱི་དབང་དུ་བྱས་པའི་མི་རིགས་གཅིག་གམ་ཡང་ན་མང་པོ་ཞིག་མཆིས་རུང་རྒྱལ་ཁབ་དེའི་ཐུན་མོང་གི་རིག་གནས་ཤིག་མཚོན་པ་ཡིན། དེ་བས་རྒྱལ་དམངས་རང་བཞིན་གྱི་རིག་གནས་ཀྱིས་རྒྱལ་ཁབ་དང་རྒྱལ་ཁབ་གྱི་རིག་གནས་ཀྱི་ཁྱད་པར་ཡང་མཚོན་པ་ཡིན།
          མདོར་ན། རྒྱལ་དམངས་རང་བཞིན་ཟེར་བ་ནི་རྒྱལ་ཁབ་མི་འདྲ་པའི་རྒྱལ་དམངས་སོ་སོ་ལ་གཞན་དང་ཁྱད་པར་ཆེ་བའི་ཐུན་མོང་མ་ཡིན་པའི་འཚོ་བ་སྤྱོད་སྟངས་དང་བསམ་གཞིགས་བྱེད་ཐབས། རིན་ཐང་གཞལ་ཆས། མཇེས་རྟོག་གི་ལྟ་བ། བསམ་པའི་འཁྱེར་སོ། སེམས་ཁམས་ཀྱི་རྒྱུ་སྤུས་སོགས་ཡོད་པ་དེར་ཟེར་བ།
          མི་རིགས་རང་བཞིན་གྱི་རིག་གནས་ཀྱང་ཡུལ་ཁམས་རང་བཞིན་གྱི་རིག་གནས་ཤིག་ཡིན་ལ།དེ་ནི་མི་རིགས་དེ་ཉིད་འཚོ་གནས་བྱེད་སའི་ས་ཁོངས་ཀྱི་དབང་གིས་དབྱེ་བས། རྒྱལ་ཁབ་ཀྱི་ས་ཁྱོན་ཡོངས་དབྱེ་གཞི་བྱས་པའི་རྒྱལ་དམངས་རང་བཞིན་དང་བསྡུར་ན་ཁྱད་པར་ཡོད། རྒྱལ་ཁབ་གཅིག་གི་མངའ་ཁོངས་སུ་མི་རིགས་མང་པོ་འཚོ་སྡོད་བྱེད་པའི་ངེས་པ་ཡོད་པ་མ་ཟད། མི་རིགས་གཅིག་དེ་རྒྱལ་ཁབ་མི་འདྲའི་ཡུལ་ཁམས་སོ་སོར་ཁྱབ་པའི་ངེས་པའང་ཡོད་པས།  རྒྱལ་དམངས་རང་བཞིན་གྱི་རིག་གནས་ནི་མི་རིགས་རང་བཞིན་གྱི་རིག་གནས་མིན་པ་ཐག་གིས་ཆོད། གཞན་ད་དུང་མིའི་རིགས་ཀྱི་ལོ་རྒྱུས་སྟེང་དམག་འཁྲུག་དང་འཐབ་འཛིང་རྒྱུན་མི་ཆད་པར་བྱུང་བས་རྒྱལ་ཁབ་སོ་སོའི་མངའ་ཁོངས་ཀྱང་དེ་དང་བསྟུན་ནས་འགྱུར་ལྡོག་ཆེན་པོ་བྱུང་ཞིང་།  མི་རིགས་ཀྱི་ཡུལ་ཁམས་དག་ཀྱང་སྐབས་རེར་རྒྱལ་ཁབ་འདིའི་དབང་དུ་གྱུར་པ་དང་སྐབས་རེར་རྒྱལ་ཕྲན་དེའི་མངའ་ཁོངས་སུ་གཏོགས་པ་སོགས་ཡུལ་ལ་འགྱུར་བ་སྣ་ཚོགས་བྱུང་བའི་དཔང་གིས་རིག་གནས་ཀྱི་རྒྱལ་དམངས་རང་བཞིན་གྱི་ཁྱད་ཆོས་དེ་མངོན་གསལ་དོད་པོར་མཐོང་མི་ཐུབ། ཡིན་ན་ཡང་མི་རིགས་ཀྱི་ཡུལ་ཁམས་དེ་རྒྱལ་ཁབ་གང་གི་མངའ་ཁོངས་སུ་གྱུར་ཀྱང་མི་རིགས་རང་བཞིན་གྱི་རྒྱུད་འཛིན་དང་གོམས་གཤིས་ལ་ཤུགས་རྐྱེན་ཐེབས་མི་ནུས་པས། མི་རིགས་མངའ་ཁོངས་དེ་ལྟོས་འཇོག་གིས་བཤད་ན་ཅུང་བརྟན་བརླིང་ཡིན།  མི་རིགས་ཀྱི་ཡུལ་ཁམས་ཅུང་བརྟན་བརླིང་ཡིན་པ་དེས་མི་རིགས་རང་བཞིན་གྱི་རིག་གནས་ལ་སྲོག་རྩ་དང་རྒྱུད་འཛིན་བརྟན་པོ་ཞིག་གཏན་འཁེལ་བྱུང་ལ།  རྒྱུ་མཚན་དེའི་ཕྱིར་ཡུལ་ཁམས།ཀྱི་དབང་དུ་གྱུར་པའི་རིག་གནས་ནང་རིག་གནས་ལ་མི་རིགས་རང་བཞིན་ལྡན་པའི་ཁྱད་ཆོས་དེ་ཧ་ཅང་མངོན་གསལ་ཡིན།
          ཡུལ་ཁམས་ལས་བརྒལ་བའི་རིག་གནས་ཀྱི་ཁྱད་ཆོས་ལ་གོ་དོན་གཉིས་མཆིས་ཏེ།
          (༡)  རིག་གནས་ཁ་ཤས་ཤིག་ལ་ཆ་མཚོན་ན། ཁོར་ཡུག་འདི་རུ་བྱུང་ཞིང་གནས་པ་མ་ཟད། ཡུལ་ལྗོངས་གཞན་དུའང་བྱུང་ཞིང་གནས་འདུག རིག་གནས་དེ་རིགས་ནི་ཡུལ་ལྗོངས་ངེས་ཅན་གྱི་རིག་གནས་དམིགས་བསལ་བ་ཞིག་མིན་ལ། ས་གནས་སམ་ཡུལ་ཁམས་མང་པོ་ཞིག་གི་ཐུན་མོང་གི་རིག་གནས་སུ་གྱུར་པས། དེ་ལ་མིའི་རིགས་ཀྱི་རིག་གནས་སམ།  མིའི་རིག་གནས།  ཡང་ན་རིག་གནས་ཀྱི་མིའི་རིགས་རང་བཞིན་ཞེས་ཀྱང་བཏགས་ཆོག  དཔེར་ན།  སྐད་ཆ་ལ་བརྟེན་ནས་ཡིད་ཀྱི་འགྱུར་བ་མཚོན་པར་བྱེད་ཐབས་དང་།  ལག་ཆས་ཕྱི་རོལ་གྱི་དངོས་པོ་བཅོས་ཏེ་འཚོ་གནས་བྱེད་ཐབས་སུ་བསྒྱུར་བ་སོགས་ནི་མིའི་རིགས་རང་བཞིན་གྱི་རིག་གནས་ཡིན་པས་འགྲོ་མིའི་རིགས་ཡོད་སའི་ས་གནས་ཀུན་ལ་ཁྱབ་འདུག
           (༢)  རིག་གནས་ཁ་ཤས་ཤིག་ལ་ཆ་མཚོན་ན།  དང་ཐོག་ཡུལ་ཁམས་དང་ས་གནས་ངེས་ཅན་ཞིག་ཏུ་བྱུང་ཞིང་བེད་སྤྱོད་བྱེད་ན་ཡང་། རྗེས་སུ་ཡུལ་ཁམས་གཞན་པ་དག་གིས་ཀྱང་རིམ་གྱིས་ཉམས་ལེན་དང་ལག་བསྟར་བྱུང་། རིག་གནས་དེ་རིགས་ནི་ཡུལ་ཁམས་གཞན་གྱིས་བསྡུ་ལེན་དང་ལག་བསྟར་མ་བྱས་སྔོན་དུ་ཡུལ་ཁམས་རིག་གནས་སུ་གཏོགས་ཀྱང་ཉམས་ལེན་བྱས་རྗེས་ཡུལ་ཁམས་ལས་བརྒལ་བའི་རིག་གནས་སུ་གྱུར་ཏེ་ཐ་ན་མིའི་རིགས་སྤྱིའི་རིག་གནས་སུ་གྱུར་པའང་ཡོད།
          སྤྱིར་བཏང་དུ་བཤད་ན།  རང་བྱུང་ཚན་རིག་དང་ལག་རྩལ། གསར་གཏོད་བྱས་པའི་དངོས་རྫས་སོགས་ནི་དང་ཐོག་དཔེ་མཚོན་རང་བཞིན་ལྡན་པའི་ཡུལ་ཁམས་ཀྱི་རིག་གནས་ཡིན་ན་ཡང་། རིག་གནས་ལ་ཡུལ་ཁམས་ལས་བརྒལ་བའི་ཁྱད་ཆོས་ངེས་པས་རྗེས་སུ་མིའི་རིགས་ཀྱི་རང་བཞིན་ལྡན་པའི་རིག་གནས་སུ་གྱུར། དཔེར་ན། རང་རྒྱལ་གྱི་ཤོག་གུ་དང་། མེ་རྫས། པར་འདེབས་ལག་རྩལ། ཕྱོགས་སྟོན་འཁོར་ལོ་སོགས་གསར་གཏོད་ཆེན་པོ་བཞི་ལྟ་བུའམ་ཕྱི་གླིང་བའི་གློག་རྩིས་འཕྲུལ་ཆས་ལྟ་བུ་ནི་ད་ལྟ་འཛམ་གླིང་གི་མི་རིགས་རིས་མེད་ཀྱིས་བཀོད་སྤྱོད་བྱེད་པ་བཞིན་ནོ།།
          རིག་གནས་དེ་ཡུལ་ཁམས་ལས་བརྒལ་ཏེ་ཕན་ཚུན་བརྗེ་རེས་བྱེད་པར་བཀག་འགོག་ཆེན་པོ་གཉིས་འདུག་སྟེ།
          (༡)  ཡུལ་ཁམས་དང་ས་གནས་སུ་ཆད་པའི་བཀག་འགོག  མི་རིགས་གང་ཞིག་དང་རྒྱལ་ཁབ་གང་ཞིག་ཡིན་ན་ཡང་ས་གནས་དང་ཡུལ་ལྗོངས་ངེས་ཅན་དུ་འདུས་སྡོད་བྱས་ཏེ་འཚོ་ཐབས་ཀྱི་ལས་ལ་བརྩོན་བཞིན་པ་ཞིག་ཡིན་པས། འགྲིམ་འགྲུལ་གྱི་ཕྱི་རྐྱེན་ཇི་ལྟར་ལེགས་ནའང་ས་གཤིས་ཀྱི་ཆགས་ཚུལ་དང་ཁོར་ཡུག་སོགས་ཀྱི་དབང་གིས་མི་རིགས་ཕན་ཚུན་གྱི་རིག་གནས་ལ་རྒྱུས་ལོན་དང་ཤེས་རྟོགས་བྱུང་དཀའ་བ་འདི་ནི་ཡུལ་ཁམས་ཀྱི་བཀག་འགོག་ཡིན་ལ། མི་རིགས་འཚོ་སྡོད་བྱེད་སའི་ས་གནས་བར་ཕན་ཚུན་ཐག་ཇི་ལྟར་ཉེ་ནའང་གཅིག་གིས་གཅིག་ལ་སྒོ་བརྒྱབ་སྟེ་རིག་གནས་བར་ཕན་ཚུན་བརྗེ་རེས་མི་བྱེད་པ་འདི་ཡང་ཡུལ་ཁམས་ཀྱི་བཀག་འགོག་ཏུ་གཏོགས་པས། ཡུལ་ཁམས་བར་འགྲོ་འོང་གི་འབྲེལ་བ་ཟེར་བ་ཞིག་མེད་ཚེ་རིག་གནས་ཁྱབ་སྤེལ་བྱེད་པ་ཟེར་བ་ཞིག་ཀྱང་ཡོད་མ་ཡིན།  འདི་ལྟར་མི་རིགས་བར་རིག་གནས་ཕན་ཚུན་བརྗེ་རེས་ཀྱི་སྒོ་ཐམས་ཅད་བརྒྱབ་ཚེ་མིའི་རིགས་ཀྱི་རིག་གནས་སུ་གཏོགས་པའི་རིག་གནས་རྣམས་ཀྱང་ཡུལ་ཁམས་ངེས་ཅན་ཞིག་གི་ར་བར་བཀག་ནས་ནམ་ཡང་ཕྱི་ཕྱོགས་སུ་བསྐྱོད་མི་ཐུབ་པའི་ཉེན་ཁ་ཡོད།
          (༢) སེམས་ཁམས་ཀྱི་བཀག་འགོག ཡང་ས་གནས་ཕན་ཚུན་བར་འགྲོ་འོང་གི་སྒོ་ཐམས་ཅད་ཕྱེས་ཏེ་བཀག་རྒྱ་མེད་པར་བཟོས་ཀྱང་། དེ་ཙམ་གྱིས་རིག་གནས་དེ་ཡུལ་ཁམས་ལས་བརྒལ་བར་བརྗེ་རེས་བྱེད་པ་མངོན་འགྱུར་བྱུང་ཞེས་བཤད་སྲོལ་མེད་ལ།དེའི་རྒྱུ་མཚན་ནི་མི་རིགས་གང་ཞིག་ཡིན་རུང་རང་མི་རིགས་ཀྱི་རིག་ནས་ཀྱིས་ཕྱི་ཕྱོགས་ཀྱི་རིག་གནས་ལ་ཚད་མི་འདྲ་བར་ཕྱིར་འདེད་དམ་དང་ལེན་བྱེད་མི་འདོད་པའི་སེམས་ཁམས་ཤིག་ལྡན་པ་ཡིན། དེ་ནི་རིག་གནས་བརྗེ་རེས་དང་རིག་གནས་ཁྱབ་སྤེལ་བྱེད་པའི་ཁྲོད་ཀྱི་སེམས་ཁམས་ཀྱི་བཀག་འགོག་ཅེས་པ་དེ་ཡིན། དེང་རབས་གསར་འཕྲིན་སྤྱི་ཚོགས་ལ་ཐོན་པ་དེས་གནམ་ས་ཀུན་ཀྱང་ཆུང་དུ་གྱུར་ཏེ་ཡུལ་ཁམས་ཀྱིས་ཆད་པའི་བཀག་འགོག་དེ་ཚད་ངེས་ཅན་ཞིག་གི་སྟེང་མེད་པར་བཟོས་ཀྱང་། ཡུལ་ཁམས་ལས་བརྒལ་བའི་རིག་གནས་(མིའི་རིགས་ཀྱི་རང་བཞིན་ལྡན་པའི་རིག་གནས།)དེ་ཁྱབ་སྤེལ་བྱེད་པ་ལ་ཆེས་ཆེ་བའི་བཀག་འགོག་ཏུ་གྱུར་པ་ནི་མིའི་སེམས་ཁམས་ཀྱི་བཀག་འགོག་དེ་ཡིན།
          ༢.དུས་རབས་གྱི་རང་བཞིན་དང་དུས་རབས་ལས་བརྒལ་བའི་རང་བཞིན་ལྡན་པ།
          རིག་གནས་ལ་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་ཅན་ཞིག་ལྡན་ཟེར་བ་ནི། དུས་རབས་འདིའི་རིག་གནས་དང་དུས་རབས་གཞན་གྱི་རིག་གནས་བར་ཁྱད་པར་ཆེན་པོ་འདུག་པ་དེར་བསྟན་པ་ཡིན། དུས་རབས་མི་འདྲ་བའི་རིག་གནས་བར་ཁྱད་པར་འདུག་པའི་རྒྱུ་མཚན་ནི་ང་ཚོས་ལོ་རྒྱུས་ལ་དུས་རབས་ཀྱི་དབྱེ་མཚམས་འབྱེད་སྐབས། ཐོན་སྐྱེད་བྱེད་ཐབས་ཀྱི་ངོ་བོའི་ཁྱད་པར་དེ་དབྱེ་བ་འབྱེད་བྱེད་གཙོ་བོར་འཛིན་ལ།ཐོན་སྐྱེད་བྱེད་ཐབས་དེ་ཡང་སྒྲ་ཡངས་འཇུག་གི་དབང་དུ་བྱས་ན་མ་གཞི་རིག་གནས་ཤིག་ཡིན་པས། དུས་རབས་སོ་སོའི་ཐོན་སྐྱེད་བྱེད་ཐབས་ཀྱི་ཁྱད་པར་དེ་མཐར་གཏུག་ན་དུས་རབས་སོ་སོའི་རིག་གནས་ཀྱི་ཁྱད་པར་ཞིག་ཀྱང་ཡིན།
          གཞན་ཡང་། རིག་གནས་ཀྱི་ཕྱོགས་མང་པོ་ཞིག་ཐོན་སྐྱེད་བྱེད་ཐབས་ངེས་ཅན་ཞིག་གི་རྨང་གཞིའི་སྟེང་གསར་གཏོད་བྱས་པ་ཁོ་ན་ཡིན་པས།  སྤྱིར་བཤད་ན་རིག་གནས་ལ་དུས་རབས་ཀྱི་ཁྱད་ཆོས་མེད་པ་མི་སྲིད། དེའི་རྐྱེན་བོད་ལ་མཚོན་ན་རིག་གནས་ལའང་གདོད་མའི་རིག་གནས་དང་། བཙན་པོའི་དུས་སྐབས་ཀྱི་རིག་གནས། ཉེ་རབས་རིག་གནས། དེང་རབས་རིག་གནས། ཡང་ན་དེང་རབས་དང་སྲོལ་རྒྱུན་གྱི་རིག་གནས་ལ་སོགས་པའི་དུས་རབས་ཀྱི་དབྱེ་མཚམས་སམ་རིག་གནས་ཀྱི་དུས་རབས་རང་བཞིན་གྱི་ཁྱད་པར་བྱུང་བ་ཡིན།
          དུས་རབས་ལས་བརྒལ་བའི་རིག་གནས་ཞེས་པ་ནི་མི་རིགས་གང་ཞིག་ཡིན་ཀྱང་རུང་དེའི་རིག་གནས་ནང་དུས་རབས་སོ་སོའི་(གདོད་མའི་རིག་གནས་ཕུད)རིག་གནས་ཀྱི་ཐུན་མོང་གི་ཆ་ཞིག་སྟེ་འགྱུར་བ་མེད་པའི་རིག་གནས་དེར་ཟེར་ལ།  དུས་རབས་གང་དུའང་འགྱུར་བ་མེད་པའི་རིག་གནས་དེར་ཟེར་ལ།  དུས་རབས་གང་དུའང་འགྱུར་བ་མེད་པར་ཐུན་མོང་དུ་གནས་པའི་རིག་གནས་དེ་ནི་མི་རིགས་དེར་མཚོན་ན་ཡུན་གཏན་རང་བཞིན་ལྡན་པའི་རིག་གནས་ཤིག་ཡིན་པས། མི་རིགས་དེ་དང་གཏན་དུ་ཁ་མི་འབྲལ་བར་གནས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1