གནའ་བོའི་བོད་ཀྱི་པྲ་ལྟས་མོ་ཡི་རིག་གནས་སྐོར་མདོ་ཙམ་བརྗོད་པ།

མཁའ་འབུམ་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


[གནད་བཏུས] སེང་གོ་རུས་རྒྱུད་ནི་བོད་བཙན་པོའི་རྒྱལ་རབས་ལ་མཛད་རྗེས་ཆེ་བའི་རུས་རྒྱུད་རྙིང་བ་ཞིག་ཡིན། རུས་རྒྱུད་འདི་ལས་མཆེད་པའི་མི་ལྔས་སོ་སོའི་རང་ཉིད་ཀྱི་དཔའ་མཛངས་ལ་བརྟེན་ནས་སྔ་ཕྱིར་བོད་བཙན་པོའི་ཁབ་ལ་བྱས་རྗེས་མི་དམན་པ་ཞིག་བཞག་ཡོད། འོན་ཏེ་ཕྱིས་ཀྱི་ཡིག་ཚང་ཁག་ཏུ་དེའི་སྐོར་འཁོད་པ་ཉུང་བས། འདིར་ཏུན་ཧོང་ཡིག་རྙིང་གཞིར་བཟུང་ནས་རུས་རྒྱུད་འདིའི་སྐོར་ཅུང་ཙམ་གླེང་ཡོད།

[གནད་ཚིག] ཡིག་རྙིང་། སེང་གོ་རུས་རྒྱུད།

གླེང་གཞི།

སེང་གོ་རུས་རྒྱུད་ནི་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་རུས་རྒྱུད་ཅུང་རྙིང་བའི་གྲས་སུ་གཏོགས་ཤིང་། སྔ་ཕྱིར་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་བཙན་པོ་དྲུག་གི་རིང་ལ་ཕྱི་ཡི་ཆབ་སྲིད་དང་། ནང་གི་ཁབ་སོ་གཉིས་སུ་གཏོགས་པའི་དཔོན་གནས་མི་འདྲ་བ་བཞེས་ནས་མཛད་རྗེས་མི་དམན་པ་བཞག་ཡོད། འོན་ཀྱང་རུས་རྒྱུད་འདིའི་སྐོར་ཕྱིས་ཀྱི་ལོ་རྒྱུས་ཡིག་ཚང་སྟེ། རྒྱལ་རབས་དང་ཆོས་འབྱུང་དུ་བཀོད་པ་ཉུང་བས་དེ་འབྲེལ་གྱི་ལོ་རྒྱུས་སྐོར་ཅུང་ཟད་རབ་རིབ་ཏུ་སྣང་། སྟབས་ལེགས་པ་ཞིག་ལ་ཏུན་ཧོང་ནས་ཐོན་པའི་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ཡིག་རྙིང་ཁྲོད་དུ། དེའི་སྐོར་ཅུང་ཟད་ཐོན་ཡོད་པས་སེང་གོ་རུས་རྒྱུད་ཀྱི་སྔ་ཕྱིའི་ལོ་རྒྱུས་ལ་དཔྱོད་པར་རྔོ་ཐོགས། དེས་ན་འདིར་ཡང་ཡིག་རྙིང་དེ་དག་གཙོར་བྱས་ཏེ་སེང་གོ་རུས་རྒྱུད་དེ་ཐོག་མར་ནང་གི་ཁབ་སོ་གཉེར་བ་དང་རིམ་གྱིས་ཕྱི་ཡི་ཆབ་སྲིད་ཇི་ལྟར་གཉེར་བ། རུས་རྒྱུད་འདིས་བཙན་པོའི་ཁབ་ལ་མཛད་རྗེས་གང་དག་བཞག་ཡོད་པར་དབྱེ་ཞིབ་བྱ་རྒྱུ་ཡིན།

དང་པོ། སེང་གོ་རུས་རྒྱུད་དང་འབྲེལ་བའི་ཡིག་ཚང་ངོ་སྤྲོད།

ཧྥ་རན་སེའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཆའི་ཨང་རྟགསpt1287①ལས། བཙན་པོ་གནམ་རི་སྲོང་བཙན་གྱི་ལོ་རྒྱུས་སུ་སེང་གོ་རུས་རྒྱུད་ཀྱི་ལོ་རྒྱུས་ཟིན་ཐོ་ཐོག་མར་བྱུང་ཡོད། ནང་དོན་གྱི་ཆ་ནས་ཀྱང་ད་ཡོད་ཡིག་ཚང་སྐོར་ལས་ཅུང་ཟད་ཞིབ་མོར་བཀོད་པ་དེ་ཡིན། དེར་མཐུད་ནས་གོང་གི་ཡིག་ཆའི་འཕྲོ་མཐུདpt1288ནི་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ལོ་རེ་རེའི་བྱུང་བའི་དོན་དག་གཙོ་བོ་ཟིན་ཐོར་བཀོད་པའི་དོན་ཆེན་གནད་བསྡུས་ཞེས་པ་ཡིན། དེ་ལས་སེང་གོ་རུས་རྒྱུད་དང་འབྲེལ་པའི་སྐོར་གྱི་གནས་ཚུལ་འགའ་ཐོན་པ་ནི་རུས་རྒྱུད་འདིའི་ཕྱིས་ཀྱི་གནས་ཚུལ་སྐོར་རྟོགས་པར་ཕན་ཐོགས། pt1288ནི་རྩོམ་འདིའི་ཐད་ཀའི་རྒྱུ་ཆའི་ཡོངས་ཁུངས་གཙོ་བོ་ཡིན། ཡིག་ཆ་འདིའི་ནང་དོན་མདོར་བསྡུས་དང་ཁ་ཐོར་ཡིན་ཡང་སེང་གོ་རུས་རྒྱུད་ཀྱི་ལོ་རྒྱུས་གསལ་པོོ་བྱེད་པར་མེད་དུ་མི་རུང་ཞིང་། རུས་རྒྱུད་འདི་ནི་དུས་རབས་བདུན་པའི་སྟོད་ནས་དུས་རབས་བརྒྱད་པའི་དཀྱིལ་གྱི་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ཆབ་སྲིད་ལམ་ལུགས་དང་འབྲེལ་ནས་རྟོག་དཔྱོད་བྱས་ན། ད་གཟོད་ནང་གི་ཁབ་སོ་གཉེར་བའི་སྣམ་ཕྱི་པ་ནས་རིམ་གྱིས་ཕྱི་ལ་ཆབ་སྲིད་གཉེར་བའི་རྒྱལ་ཕྲན་རྗེ་བོ་དང་འདུན་མ་བསྡུ་བ། རྗེ་ཞིང་གི་ཕྱིང་རིལ་བགྱིས་པའི་གྲས་སུ་ཚུད་པ་ཤེས་ཐུབ་པས་གཤམ་ནས་རེ་རེ་བཞིན་གླེང་བར་བྱའོ། །

གཉིས་པ། སེང་གོ་རུས་རྒྱུད་ཀྱི་ཐོག་མའི་གནས་སྟངས།

བོད་བཙན་པོའི་རྒྱལ་རབས་དུས་སུ་རུས་རྒྱུད་མི་འདྲ་བའི་བློན་དང་བློན་ཆེན་པོ་མང་པོ་བྱུང་ཡོད་ལ། རུས་རྒྱུད་མི་འདྲ་བ་སོ་སོའི་རང་རང་གི་སྲིད་ཀྱི་ཁེ་དབང་དང་གྲལ་གྱི་གདན་ཐོབ། དཔའ་བོའི་ཕྱག་རྒྱ་ལ་སོགས་པའི་ཆེད་དུ་བཙན་པོའི་ཁབ་ལ་སྟོབས་ཤུགས་དང་དཔའ་མཛངས་གཉིས་འབུལ་བཞིན་ཡོད། དཔའ་མཛངས་ཀྱི་ཚད་ལ་བརྟེན་ནས་རུས་རྒྱུད་སོ་སོའི་གདན་ཐོབ་ཀྱང་མི་འདྲ། སེང་གོ་རུས་རྒྱུད་ལ་མཚོན་ནའང་། ཐོག་མའི་དུས་སྐབས་སུ་ནང་གི་ཁབ་སོར་གཏོགས་པའི་སྣམ་ཕྱི་པའི་དཔོན་གནས་ཁུར། རིམ་བཞིན་རུས་རྒྱུད་རང་གི་རིགས་སུ་གྱུར་པ་དག་གིས་དཔའ་མཛངས་ལ་བརྟེན་ནས་སྲིད་ཀྱི་ཁེ་དབང་དང་གྲལ་གྱི་གདན་ཐོབ་མཐོ་རུ་བཏང་། རུས་རྒྱུད་འདིའི་ཐོག་མའི་ལོ་རྒྱུས་ཟིན་ཐོ་དེ་ཏུན་ཧོང་ནས་ཐོན་པའི་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ཡིག་ཆpt1287རུ།“འུང་གྀ་རྗེས་ལ་དགས་པོ་འབངས་སུ་མངའ་བ་ལས་ལོག་གོ། ། འུང་ནས་རྗེ་བློན་ཡོངས་སུ་འདུས་ཏེ། ། དགས་པོ་ལྷ་དེ་དགུག་པའི་བཀའ་གྲོས་མཛད་ནས། ། དམག་པོན་སུས་བྱ་ཞེས་བློད་ན་སེང་གོ་མྱི་ཆེན་གྱྀས། ། ཁོ་བོས་རྔོ་ཐོག་ཆེས་ཁས་བླངས་སོ། ། འུང་ནས་ཁྱུང་པོ་སྤུང་སད་ན་རེ། ། ཁྱོད་འདས་དམག་པོན་འོང་ངམ། །མྱྀ་མཛངས་པ་གོ། ། སྒྱེ་འུ་ནང་དུ་མྱུང་བུ་བཅུག་པ་དང་མཚུངས་ཤེས་བྱ་ན། ། ཁྱོད་འདའ་བཙན་པོ་འི་སྣམ་པྱྀ་པར་བཀའ་བསྩལ་ནས། ། ལོ་དུ་མ་ཞིག་ལོན་ན། ། འཛངས་རྔོ་ཐོག་གོ་ཞེས། ། མྱྀ་ཆིག་གྀས། བསྟོད་པ་ཁོ་བོས་མ་ཐོས་ན། །ཁྱོ་འདའས་མྱྀ་འོང་བ་ལ་བསྒྲེ་བསྒྲེ་སྟེ། ། འབངས་ཆབ་འཚལ་བར་མཆི་འོ། ། ཞེས་བྱས་སོ། ། མྱྀ་ཆེན་ན་རེ། ། མྱྀ་ཡོངས་ཀྱི་ཁོ་བོ་ལ་སྙན་དུ་མྱྀ་བརྗོད་པ་ཡང་བདེན་ནོ། ། ཁོ་བོ་སྔོན་སྒྱེའུ་ནང་དུ་ཞུགས་ཀྱང་མ་ཞུགས། ། རྩེ་མོ་པྱིར་མ་བྱུང་བ་ཡང་བདེན་ནོ། ། ཁོ་བོ་སྔོན་སྒྱེའུ་ནང་དུ་ཞུགས་སུ་ཟིན་ན། ། རྩེ་མོ་བས་ཡུ་བ་ཕན་ཆད་པྱུང་སྟེ་སོང་ཟིན་ནོ། ། འུང་གིས་དེང་ཁོ་བོས་གསོལ་བ་ཡང་། ། སྔོན་ཇི་འི་ནང་དུ་ཡང་མ་ཞུགས་པས། ། གདོད་འཇུག་པར་གསོལ་བ་ཡྀན་ནོ་ཞེས་བྱས་སོ། ། འུང་ནས་བཙན་པོས་ཀྱང་མྱི་ཆེན་གསོལ་བ་བཞིན་གནང་ནས་དགས་པོ་འབངས་སུ་དགུག་པ་འྀ་དམག་པོན་དུ་བཀའ་སྩལ་ཏོ། ། འུང་ནས་མྱི་ཆེན་གྱིས། དགས་པོ་ལྷ་དེ་བརྒལ་ཏེ། ། དགས་པོ་ཡོངས་སུ་བཀུག་སྟེ། །མྱི་ཆེན་གྱི་བྱ་དགའར། ། གསེར་ཁུང་རེ་འུ་རྒལ་གྱི་མྱི་དང་འབྲོག་དུ་བཆས་ཏེ་སྩལ་ཏོ། ། འབྲོང་ཆེ་པོ་རྔུལ་གྱི་རྭ་མྱི་ཡོངས་ཀྱི་ཁ་ན་བརྗོད་ན། ། སེང་འགོ་མྱི་ཆེན་གྱྀས། །དགས་ཀྱི་བསེན་མཁར་ལ། ། མདུང་མོ་ཐབས་གཆིག་གྀས། ། འབྲོག་མོ་ཐང་གང་ཐོབ། ། པྱོགས་རྔེག་སུམ་བརྩན་སྐྱ་བོ་རང་གྀས། ། དཔའ་བ་འྀ་པུལ་པྱིན་ན། ། ཉིན་ཆིག་ལ་དགས་པོ་མྱི་བརྒྱའ་བསད་ཆེས་འུང་སྐད་དོ”②ཞེས་བཀོད་པ་འདི་ཡིན། ཡིག་ཆ་འདིའི་ནང་དུ་དྭགས་པོ③འབངས་སུ་འགུག་པའི་ཕྱིར་དུ་རྒྱལ་བློན་གྲོས་ལ་མོལ་བའི་ཚེ་ན། བཙན་པོའི་སྣམ་ཕྱི་པ་སེང་གོ་མྱི་ཆེན་ཞེས་སེང་གོ་རུས་རྒྱུད་ཀྱི་མི་སྣ་ཐོག་དང་པོར་བྱུང་། རུས་རྒྱུད་འདིའི་ཆེས་ཐོག་མའི་མཆེད་ཁུངས་དང་མངའ་ཁོངས་ཀྱི་སྐོར་ཡིག་རྙིང་གཞན་པ་གང་དུའང་མ་མཐོང་བས་དེ་འབྲེལ་གྱི་སྐོར་གང་ཡང་འབྲི་མ་སྤོབས། ཡིན་ནའང་གོང་འཁོད་ཡིག་ཆ་ལས། ང་ཚོས་སེང་གོ་མྱི་ཆེན་ནི་བཙན་པོ་གནམ་རི་སྲོང་བཙན་དུས་ཀྱི་མི་ཡིན་པ་དང་། ཁོང་ནི་བཙན་པོའི་ནང་གི་ཁབ་སོ་རུ་གཏོགས་པའི་སྣམ་ཕྱི་བའི་འགན་བཞེས་ཡོད་པ་རྟོགས་ཐུབ། སྣམ་ཕྱི་པ་ནི་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་དཔོན་གནས་རིགས་ཤིག་ཡིན་ལ། དཔོན་གནས་དེའི་བྱེ་བྲག་གི་འགན་ནུས་དང་དབང་ཆའི་སྐོར་ལ་རྒྱུས་གསལ་པོ་ལེན་ཐབས་བྲལ། ཡིན་ཡང་ཕྱིས་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་རིང་ཆོས་མི་འཇིག་ཕྱིར། གཙིགས་བཅས་པའི་བཀའ་གཙིགས་ཡི་གེ་དང་ལྷ་སའི་གཙུག་ལག་ཁང་མདུན་གྱི་རྒྱ་བོད་འདུམ་པའི་དབོན་ཞང་རྡོ་རིང་བཅས་གཞིར་བཟུང་ན། དཔོན་གནས་འདིའི་འགན་ནུས་དང་ཁེ་དབང་ལ་ཡང་འགྱུར་བ་གང་འཚམ་ཞིག་བྱུང་ཡོད་པར་སྙམ། བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ཆབ་སྲིད་ཤེས་རིག་གི་འཕེལ་རིམ་ལས་དཔགས་ན་ཡང་ཆབ་སྲིད་ལམ་ལུགས་གང་ལ་མཚོན་ན་ཡང་མངའ་ཁོངས་རྒྱ་བསྐྱེད་དང་དམག་སྡེ་གསར་འཛུགས། ཁྲིམས་སྲོལ་བཅོས་སྒྱུར་གྱི་འགྲོས་དང་བསྟུན་ནས་འགྱུར་བའི་རྣམ་པར་གནས་ཡོད། སྣམ་ཕྱི་པ་ཡང་ཐོག་མའམ་བཙན་པོ་གནམ་རི་སྲོང་བཙན་གྱི་སྐབས་སུ་མ་མཐའ་ཡང་དམག་སྲིད་དང་འབྲེལ་བ་མེད་པའི་དཔོན་སྣ་ཞིག་ཡིན་པ་རྟོགས་ཤིང་། དེའང་བཙན་པོའི་ནང་འཁོར་དུ་གྱུར་པའི་ཞབས་ཕྱི་པ་ལྟ་བུ་ཞིག་ཡིན④པ་དོན་དངོས་དང་མཐུན་པར་འདོད། སེང་གོ་མྱི་ཆེན་ནི་སྣམ་ཕྱི་པ་ཟིན་ཐོར་བཀོད་པ་སྔ་ཤོས་ཡིན་ཞིང་། དུས་སྐབས་འདིའི་གནས་ཚུལ་ལས་དཔགས་ན། ཧ་ལམ་བཙན་པོའི་ཕོ་བྲང་ནང་གི་ལས་ཀ་བྱེད་མཁན་ནམ་སྲིད་སྐྱོང་ལ་རམ་འདེགས་གནང་མཁན་གྱི་བཟོ་ཡིན་འདུག། སྣམ་ཕྱི་པའི་དཔོན་གནས་འདི་ཡང་བཙན་པོ་གནམ་རི་སྲོང་བཙན་གྱི་ཡར་སྔོན་དུ་གནས་པའི་ཚུལ་བརྡ་རྙིང་ཡིག་ཆ་རུ་མཐོང་ཐབས་བྲལ་ཡང་དཔོན་སྣ་འདི་ལག་ཏུ་བསྟར་གྱིན་མེད་པའི་ངེས་པ་མེད། དེ་ན་སེང་གོ་རུས་རྒྱུད་ཀྱང་ཧ་ལམ་བཙན་པོ་སྔ་མ་དག་ནས་བཟུང་སྟེ་སྤུར་རྒྱལ་པའི་མངའ་ཞབས་སུ་གྱུར་ཅིང་། རང་གི་དཔའ་མཛངས་ལ་བརྟེན་ནས་ནང་གི་ཁབ་སོའམ་བཙན་པོ་ཕོ་བྲང་ནང་ཁུལ་དུ་ཞབས་ཏོག་སྒྲུབ་བཞིན་ཡོད།

གསུམ་པ། སེང་གོ་མྱི་ཆེན་གྱི་མཛད་རྗེས།

བཙན་པོ་གནམ་རི་སྲོང་བཙན་གྱི་རིང་ནི་གཅིག་གྱུར་གྱི་བོད་བཙན་པོའི་རྒྱལ་རབས་གསར་དུ་འཛུགས་བཞིན་པའི་གནད་འགག་གི་དུས་སྐབས་ཤིག་ཏུ་འཁེལ་ཞིང་། ཁོང་གི་ཡབ་སྟག་རི་གཉན་གཟིགས་ཀྱི་རིང་ནས་མགོ་བརྩམས་ཏེ་མཐའ་འཁོར་གྱི་རྒྱལ་ཕྲན་ཁག་ཏུ་ཆབ་སྲིད་མཛད་ནས་མངའ་ཞབས་སུ་བཅུག རིང་པོོ་མ་ལོན་པར་བཙན་པོ་དགུང་དུ་གཤེགས། དེའི་རྗེས་ལ་ཁོང་ལ་སྲས་གཉིས་འཁྲུངས་པ་ལས་རྒྱལ་རྒྱུད་སྐྱོང་མཁན་ནི་བཙན་པོ་གནམ་རི་སྲོང་བཙན་ཡིན། ཁོང་གིས་བཙན་པོའི་ཡབ་ཀྱི་རིང་ལ་མངའ་ཞབས་སུ་འཇུག་མ་ཐུབ་པའི་སུམ་པ་དང་རྩང་བོད། ཉག་ཉི་དྭགས་པོ། རྐོང་པོ། མྱང་པོ་སོགས་དབང་དུ་བསྡུས། དུས་སྐབས་འདི་ནི་ཕྱི་ཚུལ་ནས་བལྟས་ན་གཅིག་གྱུར་དང་ཞི་བདེའི་རྣམ་པ་ཞིག་མངོན་ཡོད་ནའང་། དོན་ལ་ལོ་རྒྱུས་ཀྱི་ཡོལ་བའི་རྒྱབ་ཏུ་འགལ་བའི་ཕུང་ཆེན་ཞིག་བག་ལ་ཉལ་ཡོད། དེ་ནི་གཅིག་ནས་རྒྱལ་བློན་བར་གྱི་འགལ་བ་དང་བཙན་པོ་རྒྱལ་རྒྱུད་ནང་ཁུལ་གྱི་འགལ་བ། བློན་གསར་རྙིང་བར་གྱི་འགལ་བ་འདི་གསུམ་ག་ཡིན་ཞིང་། བཙན་པོ་གནམ་རི་སྲོང་བཙན་གྱི་འགལ་བའི་ཕུང་པོོ་འདི་གསུམ་ཐག་གཅོད་ལེགས་པོ་བྱེད་མ་ཐུབ་པས། ཐ་མར་རང་ཉིད་ཀྱི་སྐུ་སྲོག་ཀྱང་ཤོར་བའི་ཚུལ་ཡིག་རྙིང་དུ། བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ།“ཡབ་འབངས་ནྀ་འཁུས། ཡུམ་འབངས་ནྀ་ལོག།། གཉེན་ཞང་ཞུང་། མཛོ་སུམ་པ། །ཉག་ཉྀ་དགས་པོ། ། རྐོང་པོ། ཀུན་ཀྱང་ངོ་ལོག།། ཡབ་གནམ་རྀ་སློན་མཚན་ལ་དུག་བོན་ཏེ་བཀྲོངས་སོ། །”⑤ཞེས་བག་ཏུ་ཉལ་བའི་འགལ་འདུའི་ཕུང་པོ་དེའི་ཁྲོད་ནས་བཙན་པོའང་སྐུ་གཤེགས་པ་གསལ་པོོར་མཚོན་ཡོད།བཙན་པོ་གནམ་རི་སྲོང་བཙན་གྱི་སྐུ་རིང་ལ་ཡབ་ཀྱི་རིང་གི་བློན་པོ་མྱང་དབའས་མནོན་གསུམ་དང་གྲོགས་སུ་སྦྲན་ནས་དགུ་གྲྀ་ཟིང་པོ་རྗེ་དབང་དུ་བསྡུས་པ་དང་།དེར་མཐུད་ཁྱུང་པོོ་སྤུང་སད་ཟུ་ཙེ་ཡིས་རྩང་བོད་ཀྱི་རྗེ་བོ་མར་མུན་གྱི་མགོ་བཅད་དེ་བཙན་པོར་ཕུལ་ཞིང་། བཙན་པོས་རྩང་བོད་ཀྱི་དུད་ཁྱིམ་ཉིས་ཁྲི་ཟུ་ཙེར་བདག་རྐྱེན་དུ་བསྩལ། སེང་གོ་མྱི་ཆེན་གྱི་དྭགས་པོ་འབངས་སུ་བཀུག་པ་དེpt1287རུ་བཙན་པོ་གནམ་རུ་སྲོང་བཙན་གྱི་སྐབས་ཡིན་པར་བྲིས་ཡོད་མོད། འོན་ཏེ་དེའི་ནང་གི་བཙན་པོ་གནམ་རི་སྲོང་བཙན་གྱི་ལོ་རྒྱུས་དང་། ཁྲི་སྲོང་བཙན་སྐབས་ཀྱི་ལོ་རྒྱུས་ཡིག་ཆ་གཉིས་བསྡུར་ནས་དཔྱད་ན། དྭགས་པོ་འབངས་སུ་བཀུག་པ་དེ་དངོས་དོན་བཙན་པོ་ཁྲི་སྲོང་བཙན་གྱི་སྐབས་ཡིན་པར་སྙམ། དྭགས་པོ་ངོ་ལོག་པ་ནི་བཙན་པོ་ཁྲི་སྲོང་བཙན་གྱི་སྐབས་ཡིན་པ་ཡིག་རྙིང་དུ། ཉག་ཉི་དྭགས་པོ་ཀུན་ཀྱང་ངོ་ལོག་ཅེས་ཐོན་ཡོད་ལ། གལ་ཏེ་བཙན་པོ་གནམ་རི་སྲོང་བཙན་གྱི་སྐབས་སུ་ཡང་དྭགས་པོ་ངོ་ལོག་ཡོད་ན། དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་དྭགས་པོ་ཐེངས་གཉིས་ལ་ངོ་ལོག་པ་དང་། སེང་གོ་མྱི་ཆེན་གྱི་དྲ་མ་ཡང་ལན་གཉིས་དྲངས་དགོས་པས། སེང་གོ་མྱི་ཆེན་གྱི་དྭགས་པོ་འབངས་སུ་བཀུག་པ་ནི་བཙན་པོ་གནམ་རི་སྲོང་བཙན་གྱི་སྐབས་སུ་བསྟན་པ་ནི་བཤུས་སྐྱོན་དང་འབྲི་ནོར་ཐེབས་པར་སྙམ། ལོ་རྒྱུས་ཀྱི་ཚུལ་དངོས་ནི་བཙན་པོ་ཁྲི་སྲོང་བཙན་གྱི་སྲིད་འགན་བཞེས་མ་ཐག་ནང་གི་འགལ་བ་ཐག་གཅོད་ལེགས་པོ་བྱེད་མ་ཐུབ་པས། བཙན་པོའི་ཡབ་ཀྱང་དུག་དྲངས་ནས་བཀྲོངས་ཤིང་མངའ་ཞབས་ཀྱི་རྒྱལ་ཕྲན་གཞན་དག་ཀྱང་ངོ་ལོག བཙན་པོ་ཁྲི་སྲོང་བཙན་གྱིས་སྲིད་འགན་བཞེས་པའི་དུས་སུ། ཡབ་ཀྱི་རིང་གི་བློན་པོ་མྱང་དབའས་གནོན་གསུམ་དང་ཁྱུང་པོ་སྤུང་སད་ཟུ་ཙེ་སོགས་ཀྱིས་རོགས་རམ་འོག་ཏུ་སྔར་ངོ་ལོག་པའི་རྒྱལ་ཕྲན་དག་འབངས་སུ་བཀུག དྭགས་པོ་ཡང་དུས་སྐབས་དེའི་བོད་བཙན་པོའི་ཁབ་ལ་ངོ་ལོག་པའི་གྲས་ཀྱི་གཅིག་ཡིན། དྭགས་པོ་མངའ་འོག་ཏུ་བསྡུ་བའི་དྲ་མ་དྲངས་མཁན་ལ་ཡང་ཁྱུང་པོ་སྤུང་སད་ཟུ་ཙེ་དང་བཙན་པོའི་སྣམ་ཕྱི་པ་སེང་གོ་མྱི་ཆེན་གཉིས་ཀྱིས་རྩོད་པ་མང་དུ་བྱས་མཐར། དྭགས་པོ་འབངས་སུ་འགུག་པར་དྲ་མ་དྲངས་མཁན་སྣམ་ཕྱི་པ་སེང་གོ་མྱི་ཆེན་གྱི་ཕྲག་ཏུ་ལྷུང་། དྭགས་པོ་མངའ་ཞབས་སུ་བཅུག་པ་ནི་སེང་གོ་མྱི་ཆེན་གྱི་མཛད་རྗེས་ཡིན་ཞིང་། དུས་སྐབས་འདི་ནས་བཟུང་སེང་གོ་རུས་རྒྱུད་འདི་སྲིད་ཀྱི་ནང་དུ་ཞུགས་མགོ་བརྩམས།


བཞི་པ། སེང་གོ་མྱི་ཆེན་གྱི་དཔའ་མཛངས།


དཔའ་ཞིང་མཛངས་པ་ནི་བོད་བཙན་པའི་དུས་ཀྱི་བློན་ཆེ་ཆུང་དང་དམག་གི་གདན་ཐོབ་མཐོ་དམའ་མཚོན་བྱེད་གཙོ་བོ་ཞིག་ཡིན། དཔའ་ཞིང་མཛངས་པ་ལ་བརྟེན་ནས་ཕྱི་ཡི་ཆབ་སྲིད་རྒྱ་བསྐྱེད་ཅིང་ནང་གི་ཁབ་སོ་དམ་པོར་འཛིན་པ་ཡིན། སེང་གོ་མྱི་ཆེན་གྱིས་ཀྱང་རང་གི་དཔའ་མཛངས་ལ་བརྟེན་ནས་དྭགས་པོ་མངའ་ཞབས་སུ་བཀུག དུས་སྐབས་འདིའི་བློན་པོ་ཚོའི་དཔའ་མཛངས་ཀྱི་ཚད་ནི་ཏུན་ཧོང་ཡིག་ཆར།“ཁྱུང་པོ་སྤུང་སད་ཟུ་ཙེ་མཛངས་ཀྱི་ཚད་ནི། རྩིས་གྲ་གསུམ་ཞལ་ལྕེ་གྲ་བཞི་ཡང་རྣ་བས་ཉན་ཞིང་གཆོད། མྱིག་མངས་གྲ་ཆིག་ཀྱང་ཟླ་ལ་རྩེ་ན། རྒྱལ་བྱ་པུག་རོན་ཁྱུ་གཆིག་ནམ་ཀ་ལ་འཕུར་བ་ཡང་། བགྲངས་པ་ལས། བྱ་ཅིག་མ་ཚང་ན། ། ཁྲས་བསད་པ་འདྲའས་ལྟོས་ཤེས་མཆི་ནས། མྱི་ཡོངས་ཀྱིས་བལྟས་པ་ལས། ། བྱ་ཆིག་ཁྲས་བཀུམ་སྟེ། སྤུང་སད་ཟུ་ཙེ་ལྟེ་བུ། ཚོར་སྐྱེན་ལ་དཀུ་ཆེ། །སྙིང་མཛངས། ། མྱྀ་ཆིག་ལ་ཚོགས་དགུ་ཚོགས་ན། ཟུ་ཙེ་ལྟ་བུ་སུ་གང་ལ་ཡང་མྱེད་དོ། །”⑥ ཞེས་དཔའ་ཞིང་མཛངས་པའི་ཚེ་བློན་པའི་གྲལ་ཐབས་དང་། དམག་གི་གདན་ཐོབ་སོགས་གཞན་དང་མི་འདྲ་བ་ལོངས་སུ་སྤྱོད་ཐུབ་པ་གསལ་པོོར་མཚོན་ཡོད། སེང་གོ་མྱི་ཆེན་གྱིས་དྭགས་པོ་འབངས་སུ་འགུག་པའི་ཁྲོད་དུ་རང་གི་དཔའ་ཞིང་མཛངས་པར་བརྟེན་ནས་བྱས་རྗེས་བཞག་པས་གཏིང་རག་ཀྱང་མི་དམན་པ་ཐོབ་ཡོད། ཁོང་གི་དཔའ་མཛངས་ཀྱི་ཚད་དེ་ཟུ་ཙེ་ལྟར་ཞིབ་ཏུ་ཐོན་མེད་རུང་། དྭགས་པོ་འབངས་སུ་བཀུག་པའི་རྗེས་སུ་མྱི་ཆེན་གྱི་བྱ་དགར་གསེར་ཁུང་རེའུ་རྒལ་གྱི་ས་ཆ་གནང་ཞིང་། “མི་རྣམས་ཀྱིས་ཁ་ན་སེང་འགོ་མྱྀ་ཆེན་གྱྀས། ། དགས་ཀྱི་བསེན་མཁར་ལ། ། མདུང་མོ་ཐབས་གཆྀག་གིས། ། འབྲོག་མོ་ཐང་གང་ཐོབ།”⑦ཅེས་སེང་གོ་མྱི་ཆེན་གྱི་དཔའ་ཞིང་མཛངས་པའི་ཚད་དེ་གསལ་པོོར་མངོན་ཡོད།“སེང་གོ་མྱི་ཆེན་གྱི་མིང་དང་ལོ་རྒྱུས་ཙམ་ད་ལྟ་ཡང་དྭགས་པོ་རྣམས་ལ་གླེང་རྒྱུ་འདུག”⑧དྭགས་པོ་ཞེས་པའི་ས་མིང་འདི་ཏུན་ཧོང་ཡིག་རྙིང་དུ་ལན་མང་པོར་བྱུང་ཡོད་ལ། དེ་ལས་བྱུང་བ་སྔ་ཤོས་སུ་གྱུར་པ་ནི་རྒྱལ་ཕྲན་རྣམས་དང་དེ་དག་གི་རྗེ་བློན་རྣམས་ཀྱི་མིང་གི་ཁྲོད་དུ“ཡུལ་དྭགས་ཡུལ་སེ་མོ་གྲུ་བཞི་ན། རྗེ་དྭགས་རྒྱལ་གྱྀ་སྤྲོག་ཟིན། བློན་པོ་ཕོ་གུ་དང་པོག་རོལ་གཉིས།”⑨ཞེས་གནའ་བོའི་བོད་ཀྱི་རྒྱལ་ཕྲན་བཅུ་གཉིས་ཁྲོད་ཀྱི་གཅིག་ཡིན། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་རུ། ཡང་“ཡུལ་དྭགས་ཡུལ་སེ་མོ་གྲུ་བཞི་ན། རྒྱལ་པོ་དྭགས་རྗེ་ལྕེ་མང་བཞུགས། བློན་པོ་བླ་དང་ཀམ་མོ”⑩ ཞེས་འབྲི་ཚུལ་ལ་ཁྱད་པར་ཅུང་ཟད་ཙམ་མ་གཏོགས། ཧ་ལམ་ཡིག་རྙིང་གི་བརྗོད་སྟངས་དང་གཅིག་མཚུངས་བྱུང་། དྭགས་པོ་ས་ཆ་དེ་ཡང་བོད་དབུས་གཙང་རུ་བཞི་རུ་ཕྱེ་བའི་གཡོ་རུའི་མངའ་ཁོངས་ཀྱི་ས་ཁུལ་ཞིག་ཏུ་ངོས་འཛིན་ཞིང་། སྟོང་སྡེ་ཡང་གསར་དུ་བཙུགས་པར་མཛད་འདུག ད་ལྟའི་ལྷོ་ཁ་ས་ཁུལ་དང་རྒྱ་ཚ་རྫོང་དང་། སྣང་རྫོང་གི་མངའ་ཁུལ་ཡིན་པར་མཁས་པ་མང་པོས་ངོས་འཛིན་གནང་འདུགདེ་བཞིན་དུ་ལྷ་དེ་ལ་དང་གསེར་ཁུང་རེའུ་རྒལ། བསེན་མཁར་ལ་སོགས་པའི་ས་ཆ་དག་ཀྱང་དྭགས་པོ་མངའ་ཁོངས་ཀྱི་ས་ཆ་ག་གེ་མོ་ཞིག་ཡིན་པ་ཤེས་ཐུབ། སེང་གོ་མྱི་ཆེན་ནས་བཟུང་རུས་རྒྱུད་འདིས་ནང་གི་ཁབ་སོ་འཛིན་པའི་སྣམ་ཕྱི་པ་ནས་རིམ་བཞིན་རྒྱལ་ཕྲན་རྗེ་བོའི་ཚུལ་དུ་ཕྱི་ཡི་ཆབ་སྲིད་མཛད་པའི་ལས་ཀྱི་ནང་དུ་ཞུགས་ནས་བཙན་པོའི་ཁབ་ལ་མཛད་རྗེས་བཞག


ལྔ་པ། སེང་གོ་རུས་རྒྱུད་ཀྱི་མི་སྣ་གཞན་དག


སེང་གོ་རུས་རྒྱུད་འདི་དུས་ནམ་ཞིག་ལ་ཡུལ་གང་ཞིག་ནས་མཆེད་པ་ཞིབ་ཏུ་བརྗོད་མི་བཏུབ་རུང་། མིག་སྔའི་འབྲེལ་ཡོད་ཡིག་ཚང་གཞིར་བཟུང་ན། སེང་གོ་ཞེས་པའི་མིང་དངོས་སུ་བྱུང་བ་ནི་བཙན་པོ་གནམ་རི་སྲོང་བཙན་གྱི་སྐབས་སུ་ཡིན། འདིའི་ཡར་སྔོན་དུ་ཡང་རུས་རྒྱུད་འདི་མེད་མི་སྲིད། སེང་གོ་མྱི་ཆེན་གྱི་སྐབས་སུ་བཙན་པོའི་སྣམ་ཕྱི་པ་ནས་རིམ་གྱིས་རྒྱལ་ཕྲན་རྗེ་བོའི་ཚུལ་དུ་བཞུགས་ནས་དྭགས་པོ་ས་ཆ་ལ་མངའ་དབང་བསྒྱུར། ཡིན་ཡང་རུས་རྒྱུད་འདིའི་རྒྱུད་འཛིན་པའམ་ཕྱི་རབས་པ་དག་གིས་མེས་པོའི་བྱ་བཞག་གི་རྒྱུན་ཇི་ལྟར་བསྐྱངས་པ་དང་། དཔོན་གནས་ཅི་ཞིག་འཁུར་བ་སོགས་ཕྱིས་ཀྱི་འབྲེལ་ཡོད་གནས་ཚུལ་འཁོད་པ་གང་ཡང་མ་མཐོང་། ཏུན་ཧོང་ཡིག་རྙིང་གི་དོན་ཆེན་གནད་བསྡུས་ཀྱི་ཤོག་དྲིལ་གོང་འོག་བསྒྲིགས་ནས་ཞིབ་ཏུ་དཔྱད་ན། སེང་གོ་རུས་རྒྱུད་དང་འབྲེལ་པའི་གནས་ཚུལ་ཐར་ཐོར་འགའ་མཐོང་བས་ཡིད་ལ་སྤྲོ་བས་བརྟས། གཤམ་དུ་དོན་ཆེན་གནད་བསྡུས་སུ་འཁོད་པའི་སེང་གོ་རུས་རྒྱུད་ཀྱི་མི་སྣ་རེ་རེ་བཞིན་གླེང་བར་བྱའོ། །ཡིག་རྙིང་གི་དོན་ཆེན་གནད་བསྡུས་སུ“གླང་གྱྀ་ལོ་ལ་བབ་སྟེ(སྤྱི་ལོ701)། ་་་་་་ཡུམ་ཁྲི་མ་ལོད། ངན་ལམ་ཙལ་སར་པ་ན་བཞུགས་ཤྀང་། འདུན་མ་གླགུ་ཆུང་དུ་ཞང་བཙན་ཏོ་རེ་ལྷས་བྱིན་དྔ་། སེང་གོ་སྣང་ཏོ་རེ་སྐྱི་ཟུང་གྱིས། བསྡུས་པར་ལོ་གཆྀག”སེང་གོ་སྣང་ཏོ་རེ་སྐྱི་ཟུང་ཞེས་པའི་མིང་བྱུང་ཡོད་ལ། འདུན་མ་བསྡུས་པའི་ལས་སུ་ཞུགས་ཡོད་པ་ལས་ཁོང་གི་གོ་གནས་སྣམ་ཕྱི་པ་དང་མི་འདྲ་ཞིང་། ཁོང་ནི་སེང་གོ་རུས་རྒྱུད་ཁྲོད་ཀྱི་སེང་གོ་མྱི་ཆེན་གྱི་རྗེས་ནས་བྱུང་བའི་མི་སྣ་དང་པོ་ཆགས་ཤིང་། འདུན་མ་བསྡུས་པའི་ལས་སུ་ཞུགས་པའི་དཔོན་གནས་མཐོ་ཤོས་ཀྱི་མི་སྣ་དེ་ཡིན། དོན་ཆེན་གནད་བསྡུས་སུ། མི་སྣ་འདིའི་རྗེས་སུ་ཡང་སེང་གོ་རུས་རྒྱུད་ཀྱི་མི་སྣ་རིམ་པར་བྱུང་ཞིང་ཧ་ལམ་དུས་རབས་ཕྱེད་ཀའི་རིང་ལ་བཙན་པོའི་ཁབ་ཏུ་ལས་ཀ་འདྲ་མིན་བྱེད་བཞིན་ཡོད། འོན་ཏེ་གླང་གི་ལོ་སྟེ701སྔོན་དུ་སེང་གོ་རུས་རྒྱུད་ཀྱི་གནས་ཚུལ་ཅི་ཡང་མ་མཐོང་། ཕྲན་གྱིས་བློ་ངོར་དུས་སྐབས་འདི་ནི་ཧ་ལམ་བོད་བཙན་པོའི་རྒྱལ་ཁབ་ཏུ་སྟོབས་ཤུགས་ཆེས་ཆེ་བ་ནི། བློན་ཆེན་མགར་གྱི་གདུང་རྒྱུད་ཡིན་ཞིང་ཁོང་གི་བུ་ལྔ་པོས་ཕྱི་ལ་ཆབ་སྲིད་མཛད་ནས་ཁབ་མཐའ་རྒྱ་བསྐྱེད་དང་ནང་གི་ཁབ་སོ་མཛད་པས། རུས་རྒྱུད་གཞན་གྱི་བློན་ཆེན་དག་གིས་སྟོབས་ཤུགས་མགར་ཚང་ལ་མ་དོ་བས་ཡིན་ནམ་སྙམ། གོང་གི་གླང་གི་ལོ་ནི་ཏག་ཏག་འདུས་སྲོང་མང་པོ་རྗེ་ཡིས་མགར་ཚང་ལ་བཀྱོན་ཕབ་པའི་ལོ་གསུམ་པ་ཡིན། སེང་གོ་སྣང་ཏོ་རེ་སྐྱི་ཟུང་ནི་བཙན་པོ་འདུས་སྲོང་མང་པོ་རྗེ་ཡི་རིང་ལ་དཔའ་ཞིང་མཛངས་པ་ལ་བརྟེན་ནས་སྲིད་ཀྱི་བྱ་བར་ཞུགས། “ལུགྀ་ལོ་ལ(སྤྱི་ལོ719)། བཙན་པོ་དབྱརད་བལ་པོ་ན་བཞུགས། དབྱར་འདུན་དྲའྀ་ཟར་ཕུར་ཞང་བཙན་ཏོ་རེ་དྔ། བློན་ཁྲྀ་སུམ་རྗེས་བསྡུསྟེ། རུ་གསུམ་གྱྀ་རྗེ་ཞིང་གྱྀ་ཕྱིང་རྀལ་གྱི་རྩིས་དྔ། སོག་མའྀ་རྩིས་དྔ། རུ་ཡོང་ཕྱྀ་གསེང་གུམ་སྟེ། བྲུང་པ་སེང་གོ་མོན་བུ་བཆུག་པའྀ་རྩིས་བགྱིས།”བཙན་པོ་ཁྲི་ལྡེ་གཙུག་བརྟན་སྐབས་ཀྱི་དོན་ཆེན་གནད་བསྡུས་སུ། “བྲུང་པ་སེང་གོ་མོན་བུ་ཞེས་སེང་གོ་རུས་རྒྱུད་ཀྱི་མི་སྣ་ཞིག་བྱུང་ཞིང་། བྲུང་པའི་དཔོན་གནས་འཁུར་མཁན་ཞིག་ཡིན། བྲུང་པ་ལ་འགྲེལ་ཚུལ་མི་འདྲ་བ་མང་ཞིང་གཅིག་གྱུར་གྱི་བཞེད་ལུགས་ཤིག་ཆགས་མེད། བོད་བཙན་པོའི་རྒྱལ་རབས་དུས་ཀྱི་དཔོན་སྣ་ཆེ་གྲས་མདུན་དུ་ཡོད་པའི་ཉེ་བཅར་དཔོན་གནས་ཤིག་མིན་ནམ་སྙམ།”ཞེས་དཔོན་སྣ་ཆེ་གྲས་མདུན་གྱི་ཉེ་བཅར་དཔོན་གནས་ཤིག་ཡིན་ཡང་དབང་ཆ་ཅུང་ཟད་ཆེ་བར་མངོན། བྲུང་པ་སེང་གོ་མོན་བུས་རྗེ་ཞིང་གིས་ཕྱིང་རིལ་གྱི་རྩིས་དང་སོག་མའི་རྩིས་ལེན་པ་ལས་ཤེས་ཐུབ། སེང་གོ་མོན་བུ་འདི་དང་ཐོག་བྲུང་པའི་དཔོན་གནས་ཁུར་བ་དང་། བར་དུ་དཔོན་གནས་ནས་ཕྱུང་ཡོད་པ་ཡིག་རྙིང་དུ། “ཕགི་ལོ་ལ(སྤྱི་ལོ723)། བཙན་པོ་དབྱརད་བལ་པོ་ན་བཞུགས་ཤྀང་། དབྱར་འདུན་དྲྀབ་ནག་དུ་བློན་ཁྲི་སུམ་རྗེས་བསྡུ་སྟེ། མངན་ལང་གྲོ་སྙ་བརྩན་ཁོང་ལོད་དང་། སེང་གོ་འབྲིང་བརྩན་མོན་ཆུང་གཉྀས་ཕྱུང་སྟེ། ཆོག་རོ་སྙ་ཞྀན་ཀོང་དྔ། གནུབས་ཁྲྀ་སུམ་རྗེ་སྟག་བརྩན་གཉྀས་བཆུག”ཅེས་སྐབས་དེའི་གནས་ཚུལ་གཞན་ཤེས་ཐབས་བྲལ་རུང་བྲུང་པ་ཕྱུང་ནས་གཞན་བཅུག་པ་གསལ་པོ་ཡིན། ཡིན་ཡང་འོག་ཏུ། “གླང་གྱྀ་ལོ་ལ(སྤྱི་ལོ725)། དགུན་ཕོ་བྲང་བྲག་མར་ན་བཞུགསྟེ། ཚང་བས་སྣར་སེང་གོ་མོན་ཆུང་སྤྱུགས”ཞེས་སེང་གོ་མོན་ཆུང་སྤྱུགས་པའི་གནས་ཚུལ་ཡང་ཐོན་པས། ཤོག་དྲིལ་གོང་འོག་སྦྲེལ་ནས་དཔྱོད་དུས་ཕལ་ཆེར་སེང་གོ་མོན་ཆུང་གིས་བཙན་པོའི་ཁྲིམས་དང་འགལ་བའི་སྦྱོར་བ་སྤེལ་ནས་སྤྱུགས་པ་མིན་ནམ་སྙམ།

“ལུགྀ་ལོ་ལ(སྤྱི་ལོ731)། བཙན་པོ་་་་་་དགུན་བྲག་མར་གྱྀ་འོམ་བུ་ཙལ་ན་བཞུགསྟེ། དགུན་འདུན་སྐྱྀ་ཤོ་མ་རར་བློན་ཆེན་པོ་ཆུང་བཟང་གྱྀས་བསྡུསྟེ། རྩང་ཆེན་གྱྀ་བྲུང་པ། ཞ་སྔ་ཐང་རྩན་བྱུང་ནས། སེང་གོ་སྨོན་བུ་བཅུག་པའྀ་རྩིས་བགྱྀས་པར་ལོ་གཆིག”ཅེས་སེང་གོ་རུས་རྒྱུད་ཀྱི་མི་སྣ་སེང་གོ་སྨོན་བུ་བྱུང་ཞིང་། ཁོང་ནི་ཏག་ཏག་སེང་གོ་མོན་ཆུང་སྤྱུགས་ནས་ལོ་དྲུག་འགོར་རྗེས་སུ་ཡང་བསྐྱར་སེང་གོ་རུས་རྒྱུད་ཀྱི་བྲུང་པའི་དཔོན་གནས་འཁུར་མཁན་ཡིན། ཡིག་རྙིང་དུ་ཁོང་རང་བྲུང་པར་བསྐོས་པ་མ་གཏོགས་གཞན་མེད་པས་ཞུ་ཐབས་བྲལ།

“བྱ་གགི་ལོ་ལ(སྤྱི་ལོ745)། བཙན་པོ་དགུན་བྲག་དམར་ན་བཞུགས། དགུན་འདུན་དྲ་བྱེར་འདུས། བྲུང་པ་ཞང་ཏྲེ་གོང་ཕྱུང་སྟེ། ཅོག་རོ་རྨ་གོང་བཅུག་པ་དྔ། སེང་གོ་འཕན་ལ་སྐྱེས་ཕྱུང་སྟེ། མྱང་འདུས་ཁོང་བཅུག་པའྀ་རྩིས་བགྱྀ་སྟེ། ཇོ་མོ་ཁྲྀ་བཙན་གྱྀ་མདད་བཏང་བར་ལོ་གཆྀག”ཅེས་པ་འདི་ནི། ཏུན་ཧོང་ཡིག་རྙིང་གི་དོན་ཆེན་གནད་བསྡུས་སུ་བྱུང་བའི་སེང་གོ་རུས་རྒྱུད་ཀྱི་མཐའ་མཇུག་གི་གནས་ཚུལ་ཡིན། སེང་གོ་འཕན་བྲུང་པའི་དཔོན་གནས་ལས་ཕྱུང་བ་བཀོད་པ་དེ་ཡིན།

བཙན་པོ་ཁྲི་འདུས་སྲོང་དང་ཁྲི་ལྡེ་གཙུག་བརྟན་ཡབ་སྲས་ཀྱི་རིང་ལ། སེང་གོ་རུས་རྒྱུད་ཀྱི་མི་སྣ་སེང་གོ་སྣང་ཏོ་རེ་སྐྱི་ཟུང་དང་སེང་གོ་མོན་ཆུང་། སེང་གོ་སྨོན་བུ། སེང་གོ་འཕན་སོགས་ཀྱི་མཚོན་པའི་རུས་རྒྱུད་འདི་ལས་མཆེད་པའི་མི་ལྔ་པོའི་འདུན་མ་བསྡུ་བ་དང་རྗེ་ཞིང་ལ་ཕྱིང་རིལ་བགྱིས་པ། སོག་རིལ་བགྱིས་པའི་ལས་མང་དུ་བྱས་ནས་བོད་བཙན་པོའི་རྒྱལ་རབས་ཀྱི་བརྟན་བརླིང་ཡོང་བར་བྱས་རྗེས་མི་དམན་པ་བཞག།


མཇུག་བསྡུ་བའི་གཏམ།


སེང་གོ་རུས་རྒྱུད་ཀྱི་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་བཙན་པོ་ལྔ་ཡི་རིང་ལ་རང་གི་དཔའ་ཞིང་མཛངས་པའི་ཁྱད་ཆོས་ལ་བརྟེན་ནས། ནང་གི་ཁབ་སོ་རུ་གཏོགས་པའི་སྣམ་ཕྱི་པ་ནས་རིམ་གྱིས་རྒྱལ་ཕྲན་རྗེ་བོ། བྲུང་པ་སོགས་ཀྱི་དཔོན་གནས་ཁུར་ནས་ཕྱི་ལ་ཆབ་སྲིད་མཛད། སེང་གོ་མྱི་ཆེན་གྱིས་དྭགས་པོ་འབངས་སུ་བཀུག་པར་བརྟེན། བྱ་དགའི་བདག་རྐྱེན་དུ་དྭགས་པོ་ས་ཆ་ཐོབ་ནས་དབང་བསྒྱུར་ཞིང་། དེའི་རྗེས་ཀྱི་སེང་གོ་རུས་རྒྱུད་ཀྱི་མི་སྣ་གཞན་དག་གིས་འདུན་མ་བསྡུས་པ་དང་རྗེ་ཞིང་གིས་རྩིས་བགྱིས་པ། བྲུང་པའི་དཔོན་གནས་སོགས་ཁུར་ནས་བོད་བཙན་པོའི་ཁབ་ལ་སྲི་ཞུ་གང་ནུས་བསྒྲུབས་ཡོད། འོན་ཏེ་ཕྱིས་ཀྱི་ཡིག་ཆ་ཁག་ཏུ་རུས་རྒྱུད་འདིའི་སྐོར་འཁོད་པ་ཉུང་བས། རྩོམ་ཐུང་འདིར་གཙོ་བོ་ཏུན་ཧོང་ཡིག་རྙིང་དུ་འཁོད་པའི་རུས་རྒྱུད་འདིའི་སྐོར་འཁོལ་དུ་ཕྱུངས་ནས་དཔྱད་པ་གཏོང་ཁུལ་བགྱིས་ཡོད། །


① 金雅声 郭恩主编 法国国家图书馆藏敦煌藏文文献 [M] 上海古籍出版社2011

② 金雅声 郭恩主编 法国国家图书馆藏敦煌藏文文献[M]上海古籍出版社2011:7

③ དགས་པོ་ལ་འབྲི་ཚུལ་མི་འདྲ་བ་གཉིས་བྱུང་ཡོད་དེ། ཏུན་ཧོང་ཡིག་རྙིང་དུ་དགས་པོ་དང་ཕྱིས་ཀྱི་ལྡེའུ་ཆོས་འབྱུང་གཙོ་བྱས་པའི་ཡིག་ཚང་ཁག་ཏུ་དྭགས་པོ་ཞེས་ཝ་ཟུར་བཞག་ཡོད། རྩོམ་འདིར་དྭགས་པོ་བྲིས་ཡོད།

④ རྨེ་རུ་ཡུལ་ལྷ་ཐར། བོད་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་ལམ་ལུགས་ཞིབ་འཇུག [M] མི་རིགས་དཔེ་སྐྲུན་ཁང་། 2010:97

⑤ 金雅声 郭恩主编 法国国家图书馆藏敦煌藏文文献[M]上海古籍出版社 2011:9

⑥ གཉའ་གོང་དཀོན་མཆོག་ཚེ་བརྟན། བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ཁྲོལ་རབ་གསལ་མེ་ལོང་།[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001:31

⑦ 金雅声 郭恩主编 法国国家图书馆藏敦煌藏文文献[M]上海古籍出版社2011:7

⑧ དགེ་འདུན་ཆོས་འཕེལ། བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་པའི་རྒྱལ་རབས་དེབ་ཐེར་དཀར་པོ། [M] མི་རིགས་དཔེ་སྐྲུན་ཁང་། 2009:60

⑨ 金雅声 郭恩主编 法国国家图书馆藏敦煌藏文文献[M]上海古籍出版社2010:394

⑩ མཁས་པ་ལྡེའུ། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་[གནད་བཏུས] རྩོམ་ཡིག་འདིར་གཡུང་དྲུང་བོན་གྱི་ཕྱྭ་གཤེན་ཐེག་པ་ལས། པྲ་ལྟས་མོ་བཅོས་ཀྱི་གོ་དོན་དང་དབྱེ་བ་སོགས་ལས་འཕྲོས་ཏེ་བོད་ཀྱི་སྤྱི་ཚོགས་ལ་ཕན་པའི་ཡོན་ཏན་སོགས་ཅུང་ཙམ་གླེང་ཡོད།

[གནད་ཚིག] གཡུང་དྲུང་བོན། ཕྱྭ་གཤེན་ཐེག་པ། མོ། པྲ།

རང་རེའི་བོད་འདིར་ཆེས་དར་སྔ་བའི་རིག་གནས་ནི་གདོད་མའི་བོན་གྱི་རིག་གནས་ཡིན་ཞིང་། གདོད་མའི་བོན་ནི་བོད་མི་ཐུན་མོང་གི་བསམ་བློ་ལས་འཁྲུངས་པའི་སྤྱི་ཚོགས་ཀྱི་རྣམ་པ་མཚོན་པའི་ཆོས་ལུགས་ཤིག་ཡིན། ལྷག་པར་དུ་སྟོན་པ་གཤེན་རབ་མི་བོ་ཆེ་འདི་འཁྲུངས་པ་ནས་བཟུང་། གདོད་མའི་བོན་གྱི་རིག་གནས་ལ་དག་ཐེར་དང་ཞིབ་རྒྱས་སུ་བཏང་ནས། བོན་ཐམས་ཅད་སྒོ་བཞི་མཛོད་ལྔ་དང་ཐེག་པ་རིམ་དགུ་རུ་བསྡུས་པའི་གཡུང་དྲུང་བོན་འདི་ཉིད་གསར་དུ་བཏོད་པ་ཡིན། དེ་ལས་ཆེས་དར་སྔ་བ་ནི་རྒྱུའི་བོན་ཡིན། དེ་ནས་འབྲས་བུའི་བོན་རྣམས་དར་བ་ཡིན། པྲ་ལྟས་མོ་ནི་རྒྱུའི་བོན་ལས་ཕྱྭ་གཤེན་ཐེག་པའི་ཁུངས་སུ་འདུ་ལ། འདི་ཉིད་ཕལ་ཆེར་ཞིག་བོད་ཁམས་ཡོངས་སུ་ད་ལྟའི་བར་དུ་རྒྱུན་མ་ནུབ་པར་ཁ་སང་དེ་རིང་གི་མཚམས་སུ་ཡང་རྒྱུན་སྤྱོད་བྱེད་བཞིན་འདུག ཡིན་ནའང་དེང་སྐབས་ཀྱི་དམངས་ཁྲོད་དུ་དར་བའི་མོ་དང་གདོད་མའི་དུས་སྐབས་ཀྱི་མོ་གཉིས་ཆ་ཡོངས་སུ་མཚུངས་པ་ཞིག་མིན་ཏེ། མོ་དེ་དག་བརྒྱུད་པའི་གོ་རིམ་དུ་མོ་པ་དང་མཁས་པ་དག་གིས་ཉམས་མྱོང་དང་། བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་གང་ལ་གང་འཚམ་དུ་བཅོས་སྒྲིག་བྱས་པས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

དང་པོ། པྲ་ལྟས་མོའི་གོ་དོན་དང་དབྱེ་བ།

༡. པྲ་ལྟས་མོའི་གོ་དོན།

དེ་ཡང་མོ་པྲའི་རིག་གནས་འཇིག་རྟེན་འདིར་ཤིན་ཏུ་དར་སྔ་ཞིང་། འཛམ་གླིང་གི་ས་ཆ་མང་པོར་དར་མྱོང་བའི་གནའ་བོའི་རིག་གནས་ཤིག་ཡིན། བྱེ་བྲག་བོད་ཀྱི་ཡུལ་འདིར་མོ་པྲའི་རིག་གནས་དར་ཚུལ་གྱི་ལོ་རྒྱུས་རགས་ཙམ་བརྗོད་ན། 《རྒྱལ་རབས་གསལ་བའི་མེ་ལོང》ལས།“རྒྱུའི་བོན་རིགས་བཞི་ནི་སྣང་གཤེན་བལ་ཐོན་ཅན་གྱི་ཕྱ་དང་གཡང་འགུགས་ལྷ་དང་སྨན་གསོལ། དགེ་ལེགས་དང་དཔལ་བསྐྱེད་ནས་མི་ནོར་རྒྱས་པར་བྱེད། འཕྲུལ་གཤེན་བལ་ཚོན་ཅན་གྱིས་མདོ་དང་ཡས་གཏོང་། སྲིད་དང་རྟེན་འཛུགས། འཕྲལ་ཕུགས་ཀྱི་འགལ་རྐྱེན་སེལ་བར་བྱེད་དོ། ། ཕྱ་གཤེན་ཇུ་ཐིག་ཅན་གྱིས་ལེགས་ཉེས་ཀྱི་ལམ་སྟོན། ཡིན་མིན་གྱི་ཐེ་ཚོམ་སེལ། ཟག་བཅས་ཀྱི་མངོན་ཤེས་འཆད་པར་བྱེད། དུར་གཤེན་མཚོན་ཆ་ཅན་གྱིས་གསོན་གྱི་གེགས་སེལ། གཤིན་གྱི་དུར་འདེབས། ཆུང་གི་སྲི་གནོན། གནམ་གྱི་རྒྱུ་སྐར་ལ་བལྟ། སའི་འདྲེ་བཏུལ་བ་ཡིན།”①ཞེས་འབྱུང་བ་བཞིན། ཕྱ་གཤེན་ཇུ་ཐིག་ཅན་ནི་ཇུ་ཐིག་ལ་བརྟེན་ནས་མོ་འདེབས་མཁན་ཞིག་ཡིན་པས། པྲ་ཞེས་གསལ་པོོར་གླེང་མེད་ནའང་པྲ་དང་ཇུ་ཐིག་གཉིས་མོ་འདེབས་ཕྲེང་ཐག་གཅིག་ལ་བརྒྱུས་པའི་ཕྲེང་རྡོག་གཉིས་ལྟར་དུས་མཉམ་དུ་བྱུང་བར་འདོད་པས། དུས་དེ་ཉིད་ནས། པྲའི་རིག་གནས་དར་ཡོད་པར་སྣང་ངོ་། ། 《སྦ་བཞེད》ལས། “སློབ་དཔོན་པདྨས་ལྷ་མངའ་གསོལ་པས། ནམ་ཕྱེད་ཙམ་ན་བློན་པོ་ཀུན་གྱིས་མར་མེ་ཁྱེར་ནས་བལྟས་པས། ལྷ་རྣམས་གཏམ་གཏོང་ཞིང་རང་བཤོས་གསོལ་པ་མཐོང་། མར་མེ་ཐམས་ཅད་རང་འབར། རོལ་མོ་ཐམས་ཅད་རང་འཁྲོལ། སྤོས་ཐམས་ཅད་འབར་ཞིང་སྦྲེག འཕན་ལྔ་བཏགས་པ་ལྔ་བརྒྱར་འཕེལ། ཅོང་རང་བརྡུང་ཞིང་འཁྲོལ། དེའི་དཀྱིལ་དབུས་སུ་གསང་སྔགས་ཀྱི་གཞུང་གི་ལྷ་ཡི་དཀྱིལ་འཁོར་བྲིས་ནས་གཟིམས་མལ་བ་ལྷ་ལུང་འཚོ་ཞེར་སྙན་ལེགས་ལ་པྲ་རྟེན་བྱས་ཏེ་ལྷ་བབས་པས། དེས་བོད་ཀྱི་ལྷ་འདྲེ་མ་བཏུལ་བ་རྣམས་ཀྱི་མིང་སྨྲས་ཏེ་འཕང་ཐང་དུ་ཆུ་ཕབ་པ་ཤམ་པོ། ལྷ་སར་ཐོག་ཕབ་པ་ཐང་ལྷ། མུ་གེ་དང་། ལོ་ཉེས་དང་། མི་ནད་གཏོང་བ་བརྟན་མ་བཅུ་གཉིས་ལ་སོགས་པ་ཀུན་སྨྲས”②ཞེས་འབྱུང་བ་དང་། 《འཇིག་རྟེན་མཆོད་བསྟོད》ལས།“བོན་ཤེས་པ་ཅན་བཅུ་གཉིས་ཀྱི་སྐབས་སུ། ཕྱྭ་གཤེན་ཐེག་པ་གཏོ་དཔྱད་ཇི་ཐིག་དང་། མོ་པྲ་དབྱངས་འཆར་རྩིས་དང་སྨན་ལ་སོགས་དར་ཁྱབ་བྱུང”③ཞེས་བཀོད་འདུག སློབ་དཔོན་པདྨ་འབྱུང་གནས་ཀྱིས་པྲ་རྟེན་ལ་བརྟེན་ནས་པྲ་ཕབ་པ་དེ་ནི་བན་དེར་པྲ་ཕབ་ཀྱི་ཐོག་མའི་ལོ་རྒྱུས་སུ་སྣང་ཞིང་། དེའི་རྗེས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་ལ་བྱོན་དུས་པྲ་ཕབ་པ་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ་སྐུ་བསྙུང་བཞེས་དུས། པ་སངས་ཆོས་རྗེས་པྲ་ཕབ་སྟེ་ནད་ལ་བརྟག་པ་སོགས་པའི་ལོ་རྒྱུས་ཡོད། ཡང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སྤྲུལ་སྐུ་ནི་བོད་ཁམས་ཀྱི་ལྷ་མོའི་བླ་མཚོའི་ནང་བལྟས་ནས། དེ་ལས་ཐོན་པའི་བརྡ་ལ་དཔྱད་ནས་སྐུ་བཙལ་བའི་སྲོལ་ ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རོ། །

གཡུང་དྲུང་བོན་ལུགས་སུ་རྒྱུའི་ཐེག་པ་བཞིའི་དང་པོ་ཕྱྭ་གཤེན་ཐེག་པའི་ནང་པྲ་ལྟས་མོ་དང་སྣང་མཐོང་རྩིས། ན་གསོ་གཏོ། འཆི་བསླུ་དཔྱད། བཅས་བཞི་ཡོད་ལ། དེ་དག་གི་ཐོག་མ་པྲ་ལྟས་མོ་ནི་བོན་གྱི་མོ་ཡི་བསྟན་བཅོས་ཡིན། བོན་གྱི་ཞིབ་འཇུག་པ་ཆེན་མོ་མཁས་དབང་ནམ་མཁའི་ནོར་བུས།“པྲ་ཞེས་པ་ལེགས་ཉེས་མཚོན་པའི་རྟགས་ཅི་དང་ཅི་ཤར་པ་ཞིག་ལ་ཟེར་བ་དང་། མོ་ནི་ལེགས་ཉེས་ཤན་འབྱེད་བྱེད་ཀྱི་བརྟག་པའི་རིགས་གང་ཅིའང་རུང་པ་ཞིག་ལ་ཟེར། གཞན་ཏུ་མོ་པྲ་ཞེས་པ་གཅིག་གྱུར་གྱི་མིང་ལྟ་བུ་ཞིག་ཏུ་སྣང་མོད། མོ་དང་པྲ་ཞེས་པ་ལྐོག་གྱུར་གསལ་བར་སྟོན་བྱེད་ཀྱི་ཆ་རྐྱེན་མི་འདྲ་བ་གཉིས་ཡིན”④ཞེས་གསུངས་ཡོད་པ་དང་། 《བོད་རྒྱ་ཚིག་མཛོད་ཆེན་མོ》ལས།“པྲ་ནི་རྫས་སྔགས་སོགས་ལ་བརྟེན་ནས་མེ་ལོང་སོགས་ཀྱི་ནང་དུ་འཆར་བའི་སྣང་བརྙན་ལ་བརྟགས་ནས། བཟང་ངན་གྱི་ཕྱྭ་བརྟག་པའི་ཆོ་ག་ཞིག་ཅེས་དང་། ལྟས་ནི་འབྱུང་འགྱུར་གྱི་རྟགས་མཚན་ནམ་མཚན་མ། མོ་ནི་འབྱུང་འགྱུར་གྱི་བྱ་བ་སོགས་བརྟག་ཐབས་ཤིག”⑤ཡང《དག་ཡིག་གསར་བསྒྲིགས》ལས།“པྲ་མཁན་གྱིས་མེ་ལོང་དང་སྒྲོན་མེའི་འོད་ལ་བརྟེན་ནས་མོ་འདེབས་པའི་ཆོ་ག་ཞིག་གི་མིང་ཡིན”⑥ཞེས་མཚན་ཉིད་བཞག་ཡོད་པ་དག་ལ་གཞིགས་ན། པྲ་དང་མོ་གཉིས་ནི་ལེགས་ཉེས་སྟོན་པའི་ཐབས་ལམ་གཉིས་ཡིན་པ་དང་། གནའ་མིའི་སེམས་ཁམས་སུ་ལེགས་ཉེས་དང་གསང་བ་ལྐོག་གྱུར་གསལ་བར་སྟོན་བྱེད་ཀྱི་ཆ་ནས་གཞི་གཅིག་ལ་སོང་ཡོད་པ་རེད། གཞན་ཡང་མོ་ཡི་ཟླ་དེར་བཏབ་དང་བརྒྱབ་སོགས་ཀྱི་དུས་གསུམ་གྱི་བྱེ་བྲག་གང་རུང་སྤྱད་ཡོད་པ་དང་། ཡང་མོ་བརྡར་དང་ཕྱྭ་བརྡར་ཞེས་པའི་སྐབས་ཀྱི་བརྡར་ནི་ལེགས་ཉེས་སམ་གསང་བ་ལྐོག་གྱུར་དེ་གསལ་པོོ་ཤེས་དགོས་ན། བརྡར་ཤ་ལེགས་པོ་གཅོད་དགོས་པས་དེའི་དོན་སྟོན་པ་ཡིན་སྙམ། པྲ་ཡི་ཟླ་དེར་དབབ་ཀྱི་དུས་གསུམ་གྱི་བྱེ་བྲག་གང་རུང་བཀོལ་ཡོད་པས། སྐབས་དེར་ལྷ་སྲུང་གིས་རྒྱུད་བརླམས་ཡོད་པར་སྟོན་པ་དེ་ལས་མོ་དང་པྲ་གཉིས་བར་ཁྱད་པར་ཡོད་པ་གསལ་པོོ་རྟོགས་ཐུབ།

༢. པྲ་ལྟས་མོའི་དབྱེ་བ།

“སྤྱིར་བོན་གྱི་མོ་ལ་ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་དང་། ཡེ་མཁྱེན་སྒྲ་བླའི་མངོན་ཤེས། ཡེ་རྗེ་སྨོན་པའི་རྨི་ལམ། ཡེ་དབང་ལྷ་ཡི་བཀའ་བབ་བཅས་རྣམ་པ་བཞི་རུ་དབྱེ”⑦ཡོད་ལ། དེ་དག་རེ་རེ་ལའང་དབྱེ་བ་ཤིན་ཏུ་མང་སྟེ། ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་ལ《ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོན་མེ》ལས།“ད་ལྟར་སྲིད་པའི་བླ་འདུད་ལ། ། ཞིབ་ཚགས་བྱས་ན་དྲུག་བརྒྱ་ཡོད། སངས་ཁྲི་ཕྲག་འབུམ་ཞེས་སུ་བཤད། ། བབ་སྐྱེན་པ་བསྡུས་བས་སུམ་བརྒྱ་དྲུག་ཅུ་ཡོད། བརྒྱག་གིས་བསྒྱུར་བ་མི་འདྲ་ཁྲི་ཙམ་ཡོད། བརྒྱག་གཙོ་བོ་བདུན་བརྒྱ་ཉི་ཤུར་འདུས”⑧ཞེས་གསུངས་པ་ལྟར་ཤིན་ཏུ་མང་ལ།“མདུད་པའི་གཙོ་བོ་ལ་དེང་དེང་དང་། ཁྱུང་བརྒྱད། སྐྱམ་ཞེས་པ་ལྟ་བུ་དྭངས་མའི་མདུད་པ་དང་། མཛངས་མའི་མདུད་པ། སྙིགས་མའི་མདུད་པ་སོགས་རིགས་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་ཡོད་པར་གསུངས། ཇུ་ཐིག་གི་མོ་རྒྱག་ཚུལ་ནི་ཇུ་ཐིག་གི་མོ་ཆས་སུ་ཐི་གུ་རིང་ཐུང་དྲུག་ཡོད་པ་དེ་རྣམས་ཀྱི་ཐིག་སྣེ་ཟུང་རེ་ཉིས་གཤིབ་བྱས་པའི་རྩེར་མདུད་པ་རེར་བོར་བས། མདུད་པའི་རྣམ་པ་མི་འདྲ་བ་བཞི་འབྱུང་ཞིང་ལྷག་མ་རྣམས་མོ་མའི་ཕྱག་གཉིས་ཀྱིས་ཐིག་གུ་ཟུང་རེར་དམ་དུ་བཟུང་སྟེ། ཐད་ཀར་ཁ་ཕྱེ་པ་ན་མདུད་པའི་རྣམ་པ་མི་འདྲ་བ་ཅི་རིགས་ཤིག་འབྱུང་སྲིད་པ་དེ་དག་ལ་བརྟག་དགོས་པ་དེ་ཡིན། ཡེ་མཁྱེན་དགྲ་བླའི་མངོན་ཤེས་ཀྱི་ཁོངས་སུ་དགྲ་བླ་ཝེར་མའི་ཚོགས་སམ་ལྷ་དང་སྲུང་མའི་ཚོགས་ལ་གསོལ་འདེབས་བདེན་བདར་གྱི་སྒོ་ནས། རྡེའུ་བཞི་བཅུ་ཞེ་གཉིས་ལ་བརྟེན་པའི་འཕྲུལ་མོ་དང་། མཚོན་བྱེད་ཀྱི་བརྡ་རིས་སྣ་ཚོགས་ལ་བརྟེན་པའི་བརྡ་མོ། ལུག་གི་སོག་རུས་ལ་བརྟེན་པའི་སོག་མོ། ཤྭོ་ལ་བརྟེན་པའི་ཤྭོ་མོ། ཕྲེང་བ་ལ་བརྟེན་པའི་ཕྲེང་མོ། ཤིང་བྱང་ལྔ་ལ་བརྟེན་པའི་ཆོ་ལོ། མེ་ལོང་ལ་བརྟེན་པའི་པྲ་མོ་རྣམས་ཀྱིས་མཚོན་པའི་མོའི་རིགས་མི་འདྲ་བ་དུ་མ་ཡོད། ཡེ་རྗེ་སྨོན་པའི་རྨི་ལམ་ནི། རྨི་ལམ་ལ་བརྟེན་ནས་ལྐོག་གྱུར་གྱི་ཚུལ་བརྟག་པའི་ཐབས་ཤིག་སྟེ། དེ་ནི་ཟླ་བ་ཉའམ་གཟའ་སྐར་འཕྲོད་སྤྱོར་ལེགས་པའི་དུས་བཟང་ལ་བརྟེན་ནས་རྨི་ལམ་སྒུག་པ། ཕུ་ཝེར་སོགས་ཕྱྭའི་ལྷ་བསྙེན་ཅིང་དེ་དག་གི་ཐུགས་རྗེ་ལ་བརྟེན་ནས་རྨི་ལམ་སྒུག་པ། རྨི་ལམ་གསལ་པོོ་འབྱུང་པ་དང་། རྨི་ལམ་རང་ཐོག་ཏུ་ངོ་ཤེས་ཐུབ་པ། རྨི་ལམ་ལ་དབང་བསྒྱུར་བ་སོགས་ཀྱི་ཐབས་ཚུལ་མི་འདྲ་བ་ཅི་རིགས་ཤིག་ཡོད་པ་དེའི་རིགས་ལ་ཟེར་བ་ཡིན།”⑨ཡེ་དབང་ལྷ་ཡི་བཀའ་བབས་ནི། ཕུར་ཝེར་སོགས་ཕའི་ལྷ་ཞིག་གམ་ཡང་ན་ཤིན་ཏུ་བཀའ་གཉན་པའི་ལྷ་གཞུང་མགོན་པོ་རྣམ་གསུམ་དུ་གྲགས་པ་སྟེ། ཨ་ཏི་མུ་ཝེར། ཀུ་བྱི་མང་ཀེ གེ་ཁོད་རྣམས་ཀྱིས་གཙོས་པའི་ལྷ་གང་ཡང་རུང་པ་ཞིག་མིར་བརླམས་ནས་ལེགས་ཉེས་ལུང་བསྟན་པ་ཞིག་སྟེ། དེའི་སྲོལ་མ་ཉམས་པ་དངོས་སུ་བཞུགས་པ་དེ་ནི། དེང་དུས་བོད་དུ་ཡོངས་གྲགས་སུ་གནས་ཆུང་ཆོས་སྐྱོང་གིས་མཚོན་པའི་ཆོས་སྐྱོང་ཞིག་མིར་བརླམས་ནས་བླང་དོར་གྱི་གནད་གསལ་པོར་བསྟན་པ་དེ་རིགས་ལ་ངོས་འཛིན་དགོས་པ་ཡིན། སྣང་གསལ་པྲ་ཡི་རིགས་འདི་ནི་ཡེ་དབང་ལྷའི་བཀའ་བབས་ཞེས་བྱ་བའི་བོན་གྱི་བྱེ་བྲག་ཅིག་ཡིན་ཞིང་། དེའང་པྲ་རྟེན་ཕོ་མོ་སུའང་རུང་བའི་མིག་གི་སྣང་ལ་བབས་པའི་པྲ་ཞིག་དང་། རྣ་བའི་སྒྲའི་སྣང་ཆ་ལ་བབས་པའི་པྲ་ཞིག་ཡིད་ཀྱི་ཀུན་རྟོག་གི་སྣང་ཆ་ལ་བབས་པའི་པྲ་ཞིག་བཅས་སྐྱེས་པའི་ལུས་ངག་ཡིད་གསུམ་དང་འབྲེལ་པའི་པྲའི་ཚུལ་ལུགས་གསུམ་དུ་སྲིད་པ་ཡིན།

མོ་འདེབས་པ་ལ། མོ་མས་ཐོག་མར་རྒྱུན་དུ་མོ་ལྷ་འམ་ལྷ་སྲུང་དག་ལ་མོ་བདར་གཏོང་དགོས་པ་ཡིན་ལ་དེ་རྗེས་མོ་འདེབས་པ་ཡིན། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི 《རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་འཕྲེང་མོ་འདེབས་ཚུལ་ལྐོག་གྱུར་གསལ་བའི་མེ་ལོང》དུ།“རྟེན་འབྱུང་གནད་ལ་ངེས་ཤེས་དང་། །ཐེ་ཚོམ་བྲལ་བའི་ཡིད་ཆེས་དང་། ། ལྷ་སྲུང་གྲོགས་སུ་ཁུག་པ་གསུམ། ། མོ་ཕྱྭ་ཐིག་པའི་རྒྱུ་གསུམ་ཡིན། །”⑩ཅེས་དང་། རྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི《ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་གི་མོ་བདར་ཆུང་བ་ཉེར་མཁོ་ཁྱེར་བདེ》ལས།“མཆོད་པ་དམ་པ་འདི་བཞེས་ལ། ། ལྷ་ཡིས་བདེན་རྫུན་དྲངས་སུ་བསྟན། །བདུད་ཀྱི་བསླུ་བྲིད་ལྷད་མ་བསྲེ། ། མི་ཡིས་མ་ཤེས་མོ་ལ་འདྲི། ། མོ་ལ་ཅི་འབབ་ལྷ་ལ་རག ། ལྷ་ལ་ཡེ་ཤེས་སྤྱན་མངའ་བས། ། ལེགས་ཉེས་བདེན་རྫུན་ཤན་དྲང་ཕྱེས། ། སྔ་ཕྱི་དུས་གསུམ་མ་སྒྲིབ་བསྟན། ། ཡིད་གཉིས་ཐེ་ཚོམ་མདུད་པ་ཁྲོལ། །” ཞེས་མོ་འདེབས་པའི་སྔོན་འགྲོར་མོ་ལྷའམ་ལྷ་སྲུང་དག་ལ་གསོལ་མཆོད་དང་འབོད་པ་གཏོང་དགོས་ཤིང་། མོ་ལུང་དུ་གང་ཞིག་བབས་ཀྱང་དེ་ནི་ཐད་ཀར་མོ་ལྷ་དང་། ལྷ་སྲུང་དག་གིས་མཐུས་བྱས་པར་འདོད་པ་ཡིན་ནོ། །

གཉིས་པ། པྲ་ལྟས་མོ་དང་འབྲེལ་པའི་སྣང་མཐོང་རྩིས་དང་། ན་གསོ་གཏོ། མཆི་བསླུ་དཔྱད་སོགས་ཀྱི་སྐོར།

༡. སྣང་མཐོང་རྩིས།

ཕྱྭ་གཤེན་ཐེག་པའི་ལུགས་སུ། སྣང་མཐོང་རྩིས་ཞེས་ལྐོག་ཏུ་གྱུར་པའི་ལེགས་ཉེས་ཀྱི་གནས་ཚུལ་ཤན་འབྱེད་པ་ལ་མེད་དུ་མི་རུང་བའི་ཤེས་རིག་ཅིག་ཏུ་ངོས་འཛིན་བྱས་ཡོད། བོད་ཀྱི་གདོད་མའི་དུས་སྐབས་ནས་བཟུང་མིའི་རིགས་ཀྱི་འཚོ་བའི་གོམ་སྟབས་རྩིས་ཀྱི་རིག་པ་དང་འབྲལ་ཐབས་མེད། རྩིས་ལ་དབྱེ་ན་བཞི་ཡོད་དེ། གབ་བརྩེ་འཕྲུལ་གྱི་མེ་ལོང་དང་། སྤར་ཁམས་སྨེ་བ་གླིང་སྐོར། འབྱུང་བ་དུས་ཀྱི་འཁོར་ལོ། ཇི་ཞག་རྟེན་འབྲེལ་ལས་རྩིས་བཅས་ཡིན་ལ། དེ་དག་ལ་ཡང་ནང་གསེས་ལ་གབ་རྩེ་བརྒྱ་དྲུག་ཅུ་ཡོད་པར་བཤད། རང་རེའི་བོད་མི་རྣམས་ལ་ཆུང་བྱིས་པའི་དུས་ནས་བཟུང་རྒན་པ་རྣམས་ཀྱིས། དགུང་ཕྱི་དྲོའི་སྤྲིན་དམར་མེ་དང་། ནངས་སྔ་མོའི་མཚམས་སྤྲིན་ཆུ་ཡིན་ཚུལ། ལྷོ་སྤྲིན་བྱང་ལ་ལྡང་ན། བྱང་གི་རྒྱ་མཚོ་ཆེན་པོ་དགོང་ལ་འཕྱོ་བ་དང་། བྱང་སྤྲིན་ལྷོ་ལ་ལྡང་ན། ལྷོ་ཡི་ཙན་དན་དམར་པོ་མེ་རུ་འབར་ཚུལ། གཞན་ད་དུང་སྟོན་དགོང་མཐའ་ཡིན་ན། ལོ་འབྲེག་རྒན་པོས་ཟོར་བ་རྡོར། དཔྱིད་དགོང་མཐའ་ཡིན་ན། ལུག་རྫི་རྒན་པོས་ལྷམ་འཚེམ་ལ་སོགས་པའི་སྤྲིན་པ་དང་རླུང་བུ་ལ་དཔྱད་ནས་གནམ་གཤིས་བརྟགས་ཚུལ་ཡང་མང་པོ་ཡོད། རང་རེའི་བོད་རྣམས་ཀྱིས་ཚེ་འདི་ཕྱིའི་ལེགས་ཉེས་ཀྱི་གནས་མང་པོ་རྟོགས་ཐབས་བྱས་ཏེ། སོ་སོའི་དོན་ཆེན་དང་འཚོ་བའི་ལས་ཀ་ཅི་རིགས་པ་དོན་གཉེར་བྱེད་པ་དང་། མིའི་བླ་ཡིད་སྲོག་ལུས་གསོ་ཞིང་ཚེ་དང་བསོད་ནམས།ཀླུང་རྟ་སོགས་དར་བའི་ཆོ་ག་སྣ་ཚོགས་སྤེལ་བཞིན་ཡོད། དེ་བཞིན་རྩིས་ཀྱི་རིག་པ་འདི་ནི་མི་རྣམས་ཀྱིས་རང་བྱུང་ཁམས་ཆེན་མོར་ངོས་འཛིན་དང་སྒྱུར་བཅོས་བྱ་བའི་བྱ་བཞག་ཆེན་མོའི་ཁྲོད། འཚོ་གནས་ལ་མེད་དུ་མི་རུང་བའི་གཞུང་ལུགས་ཆེན་པོ་ཞིག་ཡིན་ནོ། །

༢. ན་གསོ་གཏོ།

“གཏོ་ཞེས་པ་ནི་གནོད་པ་བཅོས་ཤིང་ལྷ་འདྲེ་ལ་བརྔན་ཡོན་འབུལ་བའི་ཆོ་ག་ཞིག་ལ་གོ”དེང་རབས་ཀྱི་མཁས་པ་དག་གིས། བསྲུང་བྱ་ལ་འགོ་ཞིང་འཚེ་བའི་ལྷ་ཀླུ་གཉན་གསུམ་སོགས་ཀྱིས་ཐུགས་དམ་བསྐངས་ནས་ལས་ལ་བསྐུལ་ཏེ། མི་ལ་བྱུང་བའི་གནོད་འཚེ་ཐམས་ཅད་མཐུ་སྟོབས་ཀྱིས་བཟློག་ཐབས་བྱེད་པའི་ཆོ་ག་ཞིག་ལ་གོ་བཞིན་ཡོད། མཁས་དབང་ནམ་མཁའི་ནོར་བུས།“བོན་གནའ་ལུགས་སུ་གྲགས་པའི་གཏོ་ནི་གསོན་པོ་བདེ་བ་དང་ནད་པ་གསོ་བ། འགལ་རྐྱེན་བཟློག་པ། འཆི་བ་བསླུ་བ་ལ་སོགས་པའི་དགོས་དོན་དུ་མ་ལ་བརྟེན་པའི་དཔྱད་ཀྱི་བྱེ་བྲག་ཅིག་ཡིན་པས་དེ་སྐད་དུ་གྲགས་ལ། བོན་ཕྱྭ་གཤེན་པའི་ལུགས་སུ། འཆི་བསླུ་གཏོ་ཞེས་བཤད་པ་སྟེ་དུས་རིམ་བར་མའི་སྐབས། བོད་དུ་དར་བའི་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ཁོངས་སུ། འགྲོལ་ཤེས་གཏད་བྱད་ཅེས་སུ་གྲགས་པའི་བོན་ལུགས་དེའི་གྱེར་སྒོ་གང་ལས་བྱུང་བའི་གཞི་སྟེ། བོན་སྒོ་བཞི་མཛོད་ལྔ་རུ་དབྱེ་བའི་སྐབས་སུ། དབོན་གསས་ཕྱྭ་གཉན་གཏོ་ཡི་སྒོ། ཞེས་པས་གསལ་པ་དེ་ཡིན”ཞེས་གསུངས་ཡོད།

བོན་གཞུང་རྣམས་སྒོ་བཞི་མཛོད་དང་ལྔའི་དབྱེ་སྲོལ་དེ་ལྟར་ན། ཆབ་དཀར། ཆབ་ནག འཕེན་ཡུལ། དཔོན་གསས་དང་མཐོ་ཐོག་ཅེས་ལྔ་སྟེ། གཏོ་གཞུང་ནི་ཆབ་ནག་གི་ཁོངས་སུ་འདུ་བ་ཡིན། ཡང་མཁས་དབང་ནམ་མཁའི་ནོར་བུས། གཏོའི་ཤེས་རིག་དེའི་རྨང་གཞི་ནི། སྲིད་པའི་ཁམས་འདིར་རང་རེའི་དབང་པོས་མངོན་སུམ་དུ་མཐོང་ཚོར་མི་ཐུབ་པའི་སྐྱེ་འགྲོ་མིའི་འགྲོ་བ་ལས་ཐ་དད་པ། དབྱིངས་ཀྱི་ལྷ་དང་བར་སྣང་གི་གཉན། ས་གཞིའི་བརྟན་མ། རྒྱ་མཚོའི་ཀླུ་ལ་སོགས་རང་རེའི་ཐུན་མོང་གི་དབང་པོས་མངོན་སུམ་དུ་མ་གྱུར་པའི་སྐྱེ་འགྲོ་མཐུ་དབང་དང་ལྡན་པ་དེ་རིགས་ལ་གཏོད་ཅེས་སུ་གྲགས་པ་ཡིན་ཞེས་གསུངས་པ་ལྟར། གཏོ་ནི་ལྷ་ཀླུ་གཉན་གསུམ་སོགས་ཀྱི་གནོད་པ་སེལ་ཕྱིར་འཕེན་པའི་ཆོ་ག་ཞིག་ཡིན་པ་ཤེས་ཐུབ། དེ་ལྟར་མོ་དང་རྩིས་ལ་བརྟེན་ནས་ལེགས་ཉེས་ཅི་རིགས་གསལ་བའི་རྗེས་སུ་མི་མཐུན་པའི་རྐྱེན་ངན་དང་། བར་ཆད། སྡུག་བསྔལ་སོགས་བཅོས་པའམ་སེལ་བར་བྱེད་པ་ལ་གཏོ་ཆོག་གིས་རིམ་གྲོ་བྱེད་པ་ཡིན། རང་རེའི་བོད་མི་རྣམས་ཀྱིས་དགོན་པའི་རབ་བྱུང་བའམ་སྔགས་པ་སོགས་གདན་དྲངས་ཏེ། མི་རྣམས་ལ་རྐྱེན་ངན་བར་ཆད་ཟློག་པའི་གཏོ་རིགས་འདྲ་མིན་སྣ་ཚོགས་པའི་ཆོ་ག་མཛད་དེ། ལྷ་ཀླུ་གཉན་བཙན་དང་འདྲེ་སྲིན་འབྱུང་པོ་སོགས་ཀྱི་གནོད་པ་སེལ་ཐབས་བྱེད་ཀྱི་ཡོད། བོད་ཀྱི་དགེ་འདུན་པ་རྣམས་དགོན་པའི་ཆོས་སྒོར་ཞུགས་རྗེས། གཏོ་ཆོག་ལ་སློབ་སྦྱོང་བྱེད་དགོས་པ་དང་དེ་ལྟ་བུའི་ཤེས་རིག་ཀྱང་དགོན་པ་རྣམས་ལ་མེད་ཐབས་བྲལ་བ་ཞིག་རེད།

༣. འཆི་བསླུ་དཔྱད།

དེ་ནས“ལུས་ཀྱི་འབྱུང་བ་འཁྲུགས་པ་ལས་བྱུང་བའི་རླུང་མཁྲིས་བད་ཀན་དང་། ལུས་ཕྱི་ནང་ལ་རྨས་སྐྱོན་ཐེབས་པ་སོགས་ནི། གཏོ་ཆོག་ཙམ་གྱིས་བཅོས་མི་ནུས་པས་གསོ་དཔྱད་ཀྱི་ཐབས་ལ་བརྟེན་དགོས། གསོ་དཔྱད་ལ་ཡང་རྒྱུ་རྐྱེན་མཐོང་ལ་དཔྱད་པ་དང། ངོས་འཛིན་རྩ་ལ་དཔྱད་པ། ཕན་གནོད་ཆུ་ལ་དཔྱད་པ། འཆི་སོས་ཁམས་ལ་དཔྱད་པ་སྟེ་བཞི་རུ་དབྱེ་ཡོད་ཅིང་།”གསོ་བ་རིག་པའི་གཞུང་ལུགས་ཆེན་པོ་བདུད་རྩི་སྨན་གྱི་མདོ་དགུ་དང་འབུམ་བཞི་སོགས་གཞུང་ཡང་མང་པོ་ཡོད་ལ། དེ་ལས་བྱུང་བའི་ལུས་པོ་གསོ་དཔྱད་དང་འབྱུང་བ་རང་གནས་སུ་སྙོམ་པར་བྱེད་པའི་བཅོས་ཐབས་སྣ་ཚོགས་ཡོད་པ་རྣམས་དེང་ཡང་བོད་ཀྱི་སྤྱི་ཚོགས་དང་ཁ་བྲལ་ཐབས་མེད་པར་སྣང་ཡོད་དོ། །

དེ་དག་སྤྱོད་ཚུལ་གྱི་ཆ་ནས་རང་དོན་མ་ཡིན་པར་གཞན་དོན་ཁོ་ནར་སྤྱོད་པ་སྟེ། 《མདོ་དྲི་མེད་གཟི་བརྗིད》ལས།“སེམས་བསྐྱེད་གཞི་མ་ལྡན་པ་ན། །བསྐལ་པར་བསོད་ནམས་མ་བསགས་ཀྱང་། ། སྐད་ཅིག་འགྲོ་བ་ཞི་བདེ་ཡི། ། ཐར་པ་ཐོབ་པའི་འགྲམ་གཞིར་འགྱུར། ། དེས་ན་སེམས་བསྐྱེད་དྲག་པོ་ཡིས། །ཕྱིར་མི་ལྡོག་པའི་འབྲས་བུ་འཐོབ། ། ཅེས་དང་། མཐར་ཐུག་གི་ཡོན་ཏན་ལ། ཁམས་གསུམ་འཁོར་བའི་ས་བསྒྲལ་ནས། ། མོས་པར་སྤྱོད་པའི་ས་ལ་གནས། ། མོས་སྤྱོད་ས་བཞི་ཡར་བརྒལ་ནས། ། གཡུང་དྲུང་ཐེག་པའི་ས་ལ་འཇོག ། གཡུང་དྲུང་ས་བཅུ་རིམ་བགྲོད་ནས། ། སྐུ་གསུམ་རྫོགས་པའི་ས་ལ་གནས། །མཐར་ཐུག་ཡོན་ཏན་དེ་ལྟར་འཐོབ། །”ཅེས་གསུངས་ཡོད་དོ། །

མདོར་ན། རང་རེ་བོད་ཁ་བ་ཅན་གྱི་ཡུལ་གྲུ་འདིའི་ལུགས་སྲོལ་དང་ཆོ་ག་བཟང་ངན་སྣ་ཚོགས། ཡབ་མེས་དག་གིས་རྒྱུན་ལྡན་གྱི་འཚོ་བ་དང་ཐོན་སྐྱེད་ངལ་རྩོལ་གྱི་གོ་རིམ་ཁྲོད་དུ་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་གསར་དུ་གཏད་ཅིང་། ཕྱི་ཡུལ་གྱི་བྱ་དངོས་མང་པོ་དང་དེ་འབྲེལ་གྱི་ལྟས་སྣ་ཚོགས་ལ་ངོས་འཛིན་དང་རང་བློར་འཚམ་པའི་འགྲེལ་པ་སྣ་ཚོགས་བྱས་ཡོད། པྲ་ལྟས་མོ་དང་། སྣང་མཐོང་རྩིས། ན་གསོ་གཏོ། འཆི་བསླུ་དཔྱད་སོགས་ཀྱི་རིག་གནས་འདི་དག་ཀྱང་བོད་ཀྱི་གདོད་མའི་སྤྱི་ཚོགས་ཀྱི་དུས་ནས་བྱུང་ཞིང་། ཕྱིས་སུ་སྟོན་པ་གཤེན་རབ་མི་བོ་ཆེ་བྱོན་ནས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་ཕྱྭ་གཤེན་ཐེག་པའི་ཁུངས་སུ་བསྡུས་ཡོད་ལ། རིག་གནས་འདི་དག་གནའ་སྔ་མོ་ནས་བོད་རང་ལ་ཡོད་པ་ད་ལྟ་ཡང་མ་ཉམས་པར་རང་རེའི་བོད་ཀྱི་སྤྱི་ཚོགས་དང་འཚོ་བའི་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་པ་མིག་མཐོང་ལག་ཟིན་དུ་གྱུར་ཡོད་དོ། །

* མཁའ་འབུམ་བཀྲ་ཤིས། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི༢༠༡༦ལོའི་ཆོས་ལུགས་རིག་པའི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།


① ས་སྐྱ་བསོད་ནམས་རྒྱལ་མཚན། རྒྱལ་རབས་གསལ་བའི་མེ་ལོང་།[M]མི་རིགས་དཔེ་སྐྲུན་ཁང་། 1993:57

② སྦ་གསལ་སྣང་། སྦ་བཞེད།[M]བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 2010:275

③ རེབ་གོང་མཁར་རྩེ་རྒྱལ། འཇིག་རྟེན་མཆོད་བསྟོད།[M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009:6


④ ནམ་མཁའི་ནོར་བུ། ཞང་བོད་ལོ་རྒྱུའི་ཏི་སའི་འོད།[M]ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2015:120-121

⑤ ཀྲང་དབྱི་སུན་གྱིས་གཙོ་སྒྲིག་བྱས། བོད་རྒྱ་ཚིག་མཛོད་ཆེན་མ།[M]མི་རིགས་དཔེ་སྐྲུན་ཁང་། 2013:1218

⑥ དག་ཡིག་གསར་བསྒྲིགས།[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011:605

⑦ ཁྱུང་བོ་བློ་ལྡན་སྙིང་པོ་དང་སྤ་ཚང་བསོད་ནམས་རྒྱལ་མཚན་གཉིས་ཀྱིས་ཟིན་བྲིས་བཏབ། འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ། (《མདོ་དྲི་མེད་གཟི་བརྗིད》)[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2000:24

⑧ འཇམ་མགོན་མི་ཕམ་རྒྱ་མཚོ། སྲིད་པ་འཕྲུལ་གྱི་ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོལ་མེ། འཇམ་མགོན་མི་ཕམ་རྒྱ་མཚོ་མཆོག་གི་གསུང་འབུམ། སྡེ་དགེའི་ཤིང་དཔར། ཤོག་ངོས༤ན་གསལ།

⑨ནམ་མཁའི་ནོར་བུ། ཞང་བོད་གནའ་རབས་ལོ་རྒྱུས་ནོར་བུའི་མེ་ལོང་།[M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990:137

⑩ ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། རྟ་མགྲིན་གསང་སྒྲུབ་ཀྱི་ཆོས་སྐོར་ལས་འཕྲེང་མོ་འདེབས་ཚུལ་ལྐོག་གྱུར་གསལ་བའི་མེ་ལོང་། སྣ་རིང་ཤིང་དཔར་གྱིི་ངོས༦ན་གསལ།


11 རྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན། ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་གི་མོ་བདར་ཆུང་བ་ཉེར་མཁོ་ཁྱེར་བདེ། སྣ་རིང་ལག་བྲིས་མ། ཤོག་ངོས༦ན་གསལ།

12   དགེ་བཤེས་བློ་གྲོས་རབ་གསལ་གྱིས་གཙོ་སྒྲིག་བྱས། གནའ་བོའི་ཞང་བོད་ཚིག་མཛོད།[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010:96

13  ནམ་མཁའི་ནོར་བུ། ཞང་བོད་ལོ་རྒྱུའི་ཏི་སའི་འོད།[M]ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2015:24

14 ཁྱུང་བོ་བློ་ལྡན་སྙིང་པོ་དང་སྤ་ཚང་བསོད་ནམས་རྒྱལ་མཚན་གཉིས་ཀྱིས་ཟིན་བྲིས་བཏབ། འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ། (《མདོ་དྲི་མེད་གཟི་བརྗིད》)[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2000:25

15   ཁྱུང་བོ་བློ་ལྡན་སྙིང་པོ་དང་སྤ་ཚང་བསོད་ནམས་རྒྱལ་མཚན་གཉིས་ཀྱིས་ཟིན་བྲིས་བཏབ། འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ། (《མདོ་དྲི་མེད་གཟི་བརྗིད》)[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2000:26
 2010:214

11 མིག་དམར་ཚེ་རིང་། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་བོད་ལྗོངས་མི་དམངས། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2008:106

12  གཉའ་གོང་དཀོན་མཆོག་ཚེ་བརྟན། བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ཁྲོལ་རབ་གསལ་མེ་ལོང་།[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001:71


 13 གཉའ་གོང་དཀོན་མཆོག་ཚེ་བརྟན། བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ཁྲོལ་རབ་གསལ་མེ་ལོང་། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001:83


 14རྨེ་རུ་ཡུལ་ལྷ་ཐར། བོད་བཙན་པོའི་རྒྱལ་རབབས་ཀྱི་ཆབ་སྲིད་ལམ་ལུགས་ཞིབ་འཇུག [M]མི་རིགས་དཔེ་སྐྲུན་ཁང་། 2010:124


15 16  གཉའ་གོང་དཀོན་མཆོག་ཚེ་བརྟན། བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ཁྲོལ་་རབ་གསལ་མེ་ལོང་། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001:84.85


17 18 གཉའ་གོང་དཀོན་མཆོག་ཚེ་བརྟན། བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ཁྲོལ་རབ་གསལ་མེ་ལོང་། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001:87.91


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1