རྒྱལ་དབང་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་གི་ལོ་རྒྱུས་རིན་ཐང་སྐོར་གླེང་བ།

ཐེག་ཆེན་རྡོ་རྗེ རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


[གནད་བཏུས] དཔྱད་རྩོམ་འདིར《རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང》གཞིར་བཟུང་ནས། དམ་པ་ཁོང་གི་རང་རྣམ་གྱི་བརྗོད་བྱ་དང་རྗོད་བྱེད། རང་རྣམ་གྱི་ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་སོགས་ལ་དཔྱད་པ་རགས་ཙམ་བགྱིས་ཡོད།

[གནད་ཚིག] རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། རང་རྣམ། ཁྱད་ཆོས། ལོ་རྒྱུས་ཀྱི་རིན་ཐང་།

རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་རབ་བྱུང་བཅུ་པའི་མེ་སྦྲུལ་ལོ་སྟེ། སྤྱི་ལོ1617ལོར་ལྷོ་ཁའི་འཕྱོངས་རྒྱས་འཕྱིང་བ་སྟག་རྩེར་སྐུ་འཁྲུངས་པ་ནས་དགུང་གྲངས་རེ་དྲུག་ཏུ་སོན་པ་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ལོ་སྟེ། སྤྱི་ལོ1682ལོར་གཟུགས་སྐུའི་བཀོད་པ་བསྡུས། རང་རྣམ་འདིར་ཁོང་ཉིད་སྐུ་འཁྲུངས་པ་ནས་དགུང་གྲངས་རེ་ལྔར་སོན་པ་རབ་བྱུང་བཅུ་གཅིག་པའི་ལྕགས་བྱ་ལོ་སྟེ། སྤྱི་ལོ1681ལོའི་བར་གྱི་མཛད་པ་ཅི་རིགས་བཀོད་ཡོད་ཅིང་། རང་རྣམ་འདིའི་མཚན་དངོས་ལ《ཟ་ཧོར་གྱི་བན་དེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་པའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང》ཞེས་བཀོད་ཡོད། བརྗོད་བྱའི་ཆ་ནས་པོད་གསུམ་གྱི་བདག་ཉིད་ཅན་དུ་ངེས་ཏེ། པོད་དང་པོར་ཕལ་ཆེར་སྤྱི་ལོ1717ནས1665བར་གྱི་གནས་ཚུལ་དང་།གཉིས་པར་སྤྱི་ལོ1665ནས1675བར། གསུམ་པར་སྤྱི་ལོ1675ནས1681བར་གྱི་གནས་ཚུལ་བཀོད་ཡོད། དེ་མིན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་དུ་ཀཱུ་ལའི་གོས་བཟང་གི་ཁ་སྐོང་བྲིས་ཡོད་མོད། འདིར་གཙོ་བོ་ནི་རྒྱལ་དབང་ལྔ་པ་རང་གིས་བྲིས་པའི་རང་རྣམ་པོད་གསུམ་གྱི་བདག་ཉིད་ཅན་དེ་ཡིན། གཞན་ཡང་རྒྱལ་དབང་ཁོང་ཉིད་ཀྱི་བསམ་བློའི་སྙིང་སྟོབས་དང་ཀུན་སློང་གང་འདྲ་ཞིག་གི་འོག་རང་རྣམ་འདི་བརྩམས་པ་རེད་ཅེ་ན། སྤྱིར་རྒྱལ་དབང་ལྔ་པ་ཁོང་ཉིད་ཀྱིས་གསུངས་པ་ལྟར། རང་རྣམ་འདི་ནི་སྤྱི་ལོ1667ལོར་དངོས་སུ་མགོ་བརྩམས་པ་ཡིན་ཞིང་། དེ་སྔོན་ཁོང་ཉིད་རང་ལོ27སོན་སྐབས། ཞབས་གཡོག་ཅིག་གིས་རང་རྣམ་ཞིག་འབྲི་དགོས་པར་སྐུལ་མ་བྱས་ཀྱང་། ཁོང་ཉིད་ནས་དགོས་པ་མེད་པར་དགོངས་ནས་བཏང་སྙོམས་སུ་བཞག་པ་དང་།སླར་ཡང་དཔལ་ལྡན་བླ་མ་དམ་པ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་གྱིས། རྟོགས་བརྗོད་ཅིག་འབྲི་དགོས་པའི་ཆབ་ཤོག་སོགས་བསྩལ་ཀྱང་རང་ཉིད་ལ་བྲེལ་བ་ཆེ་བ་དང་། ཕར་ཕྱིན་གྱི་ཡིག་ཆ་ཞིག་ཀྱང་རྩོམ་བཞིན་པས་འཕྲལ་དུ་རྩོམ་མི་ཐུབ་པའི་རྒྱུ་མཚན་སོགས་ཕུལ་ནས་མ་བྲིས་པ་རེད། རྗེས་སུ་དགུང་ལོ50སྟེང་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཁྲི་ཐོག་བཞི་པ་བ་སོ་ཆོས་ཀྱི་རྒྱལ་པོའི་སྤྲུལ་སྐུ་ངག་དབང་ཆོས་ཀྱི་དབང་ཕྱུག་སོགས་དམ་པ་མང་པོས་ཡང་ཡང་བསྐུལ་པ་དང་།གནས་ཆུང་ལྕོག་ནས་སྤྲུལ་པའི་ཆོས་སྐྱོང་ཆེན་པོས་ཀྱང་། རྟོགས་བརྗོད་བྲིས་ཤིག་ཅེས་པའི་རྡོ་རྗེའི་གསུང་འཕྲིན་བྱུང་བར་བརྟེན་རང་རྣམ་འདི་རྩོམ་པའི་ལས་སུ་ཞུགས་པ་རེད། རང་རྣམ་འདི་ལ་ཆ་མཚོན་ན་དམ་པ་ཁོང་གིས།“རང་གི་བྱ་བྱེད་རང་ལ་ལྐོག་ཏུ་མ་གྱུར་པར་མངོན་སུམ་དུ་སྣང་བ་རྣམས་ལ། མེད་ལ་ཡོད་དང་ཡོད་ལ་མེད་ཅེས་པའི་གཡོ་སྒྱུའི་ཚིག་དང་བྲལ་བའི་སྒོ་གསུམ་བདེ་སྡུག་བར་མའི་ཟློས་གར་འདི་ལྟར་བསྒྱུར།”①ཞེས་དང་།“བླ་མ་ལ་ལའི་རྣམ་ཐར་སྙན་དངགས་ཀྱི་ལམ་ནས་དྲངས་ཆེས་པ་དང་། འགའ་ཞིག་གནག་རྫི་རྒན་པོའི་ཚིག་འདྲ་བའི་ཕལ་རྟགས་ཅན། རང་གི་ཉེས་པ་ཐབས་ཀྱིས་གཞན་ལ་འགེལ་པ་འཕྱོན་མའི་གཏམ་ལྟ་བུ། བག་ཚ་བའི་གནས་ཁོ་ན་ངོ་མཚར་གྱི་གཏམ་དུ་བྱེད་པ་གཞན་གྱི་བློར་ཆུད་པར་མི་ནུས་པའི་གྲུབ་པའི་དབང་ཕྱུག་ཆེན་པོའི་རྣམ་ཐར་ལྟ་བུ། མཆོག་དམན་གང་གིས་མཐོང་ཡང་སྤྲོ་བ་སྐྱེད་པའི་ལམ་ཡིག་རྟོགས་བརྗོད་སོགས་བཟང་ངན་འབྲིང་གསུམ་མང་པོ་ཞིག་མཐོང་ཡང་།དེ་དག་གི་རྗེས་སུ་འབྲང་བའི་པར་བཀབ་མ་བྱས་པར་རང་ལོ་བཅོ་ལྔར་སླེབས་པ་ཡན་བློ་ངོར་གང་གསལ་དང་དེ་ཕྱིན་ཇའི་སང་སྡེ་པ།… ...འདར་བ་ལོ་ཆེན་ངག་དབང་ཕུན་ཚོགས་ལྷུན་གྲུབ་རྣམས་ཀྱིས་རེག་ཟིག་ཏུ་བཀོད་པ་གཞི་བྱས།”②ཞེས་གསུངས་པ་ལྟར།གཡོ་སྒྱུའི་གསོག་གསོབ་ཀྱི་ཚིག་དང་བྲལ་བ་དང་།དགོས་མེད་ཚིག་རྒྱན་གྱི་སྤུ་རིས་དོར། ཡོད་མེད་སྒྲོ་སྐུར་གྱི་རྒྱས་འགེབ་སྤངས། ཕལ་ཚིག་གྲོང་སྐད་ཀྱི་སྙིགས་རོ་བསྐྱུར་ཏེ་ཞི་དུལ་ཁེངས་སྐྱུང་གི་སྒོ་ནས་རིགས་རུས་ཆོ་འབྲང་དང་། སྡོམ་པ་བཞེས་ཚུལ། སློབ་གཉེར་མཛད་ཚུལ། ཆོས་སྲིད་ལུགས་གཉིས་ཀྱི་མངའ་གསོལ་མཛད་ཚུལ། གཞན་དོན་འཕྲིན་ལས་བསྐྱངས་ལུགས་སོགས་རང་གི་ངང་ཚུལ་ཇི་མ་ཇི་བཞིན་རང་བཞིན་བརྗོད་པའི་ཚིག་སྦྱོར་ལ་བརྟེན་ནས་རྒྱས་པར་མཛད་ཡོད་པར་མ་ཟད། རང་ལོ་བཅོ་ལྔར་སོན་པའི་སྔོན་གྱི་དོན་དག་རྣམས་ནི་ཆེད་གཉེར་མི་སྣའི་རེག་ཟིག་ཏུ་བཀོད་པ་སོགས་ཡིག་ཆ་གཞིར་བྱས་ནས་བྲིས་པ་རེད།

དང་པོ། བརྗོད་བྱའི་ནང་དོན་གྱི་ཆ།

 རང་རྣམ་འདིའི་ནང་དོན་གྱི་ཆ་ལ་མཚོན་ན་ཕལ་ཆེར་ཕྱོགས་གཉིས་ནས་གླེང་ཆོག་སྟེ། གཅིག་ནི་གཙོ་ཆེར་རང་ཉིད་ཀྱིས་ཆོས་ལུགས་གྲུབ་མཐའི་ངོས་ནས་ཇི་ལྟར་སྒྲུབ་པ་ཉམས་ལེན་བྱས་པ་དང་། རིམ་གྲོ་སོགས་ཆོས་ལུགས་ཀྱི་མཛད་པ་བརྗོད་ཡོད། ཕྱོགས་གཅིག་ནི་སྐབས་དེའི་སྤྱི་ཚོགས་གནས་བབ་དང་ཆབ་སྲིད་ཀྱི་འགལ་བ་སོགས་བརྗོད་ཡོད་དེ། སྤྱིའི་ཆ་ནས་རང་རྣམ་གྱི་མགོ་མཇུག་བར་གསུམ་ཞིབ་ཚགས་ལྡན་པ་དང་། དོན་དངོས་ཡིན་པ། ང་ཚོའི་མིག་མདུན་དུ་མངོན་གསལ་དོད་པའི་སྤྱི་ཚོགས་འཚོ་བའི་ལོ་རྒྱུས་ཀྱི་ལྗོངས་དངོས་ཤིག་འཆར་ཡོང་བ་རེད། དཔེར་ན། རང་རྣམ་དུ་ཁོང་ཉིད་བྱིས་དུས་ཀྱི་འཚོ་བ་དང་མི་སྣ་མཇལ་ཕྲད་སྐབས། མིའི་གདོང་གི་རྣམ་འགྱུར་དེ་ཙམ་ཡང་གསོན་པོར་བྲིས་པ་འདི་དག་ནི་རང་རྣམ་གྱི་ཁྱད་ཆོས་སུ་སྣང་ལ། གཞན་རང་རྣམ་གྱི་བརྗོད་བྱ་ལ་མཚོན་ན། ཁོང་ཉིད་ཀྱི་མི་ཚེ་ཧྲིལ་བོའི་ལོ་རྒྱུས་བྲིས་ཏེ། འབྲེལ་ཡོད་ཀྱི་མི་སྣ་དང་། ལོ་རྒྱུས་དོན་རྐྱེན། སྤྱི་ཚོགས་ཀྱི་འགལ་འདུ་སོགས་དམ་པ་ཁོང་ཉིད་ཆབ་སྲིད་པ་ཞིག་ཡིན་པའི་ཆ་ནས་ཕྱོགས་སོ་སོའི་གནས་ཚུལ་འདུས་ཡོད།དཔེ་མཚོན་ཙམ་ཞིག་བརྗོད་ན། ང་ཚོས་རང་རྣམ་དུ་མཐོང་བའི་དཔོན་ཆས་རིན་ཆེན་རྒྱན་གོས་གཏན་ལ་འཁེལ་དགོས་པའི་རྒྱུ་མཚན་སྐོར་གྱི་གནས་ཚུལ་ལྟ་བུ་སྟེ།“མི་བཞི་ལྔ་ཙམ་ཚོགས་པར་རྒྱ་བལ། བོད་མོན། ཁམས་ཀོང་། ཧོར་འབྲོག རྒྱ་སོག མངའ་རིས་པ་སོགས་ཆས་སྣ་དགུ་ཚང་པ”③ཡོད་པ་དང་། འགའ་ཞིག་གིས་སྔར་གྱི་སོག་ལུགས་དེ་བབ་ཆགས་ཟེར་ནས་གྱོན་ཚུལ་བྱས་པ་སོགས“སྟོད་ཁོག་སོག་པོ་དང་སྨད་ཁོག་བོད་བྱས་པ་ཡ་མ་བརླ་བར་སོང”④པ་ལྟ་བུའི་སྣང་ཚུལ་སྣ་ཚོགས་ཤིག་སྣང་བས། མི་སྣའི་འདུ་ཤེས་དང་རིག་གནས་ཀྱི་འགྱུར་བ་སོགས་གལ་འགངས་ཆེ་བའི་དུས་ཤིག་ལ་འཕྲད་ཡོད་པ་རྟོགས་ཐུབ་སྟེ། ལོ་རྒྱུས་ལ་ཕྱིར་མིག་དང་སློབ་སྦྱོང་བགྱིས་ནས། རིག་གནས་སླར་གསོ་དང་དཔོན་ཆས་བསྐྱར་གསོ་མཛད་དེ་ཡ་མ་བརླར་འགྱུར་གྱིན་པའི་གནས་ཚུལ་ལ་བཅོས་སྒྱུར་གནང་ཞིང་།རྒྱལ་དབང་ལྔ་པས་གཏན་ལ་ཁེལ་པའི《ཡ་རབས་རྣམས་ལ་འོས་པའི་རིན་ཆེན་རྒྱན་ཆའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ཞེས་བྱ་བ་དེ་ནི།“དུས་རབས་བཅུ་བདུན་པའི་དཀྱིལ་ལམ་མཇུག་གི་དགའ་ལྡན་ཕོ་བྲང་ས་གནས་སྲིད་གཞུང་གི་རྒྱན་གོས་ལམ་ལུགས་ལ་ཞིབ་འཇུག་བྱེད་པའི་དཔྱད་ཡིག་དང་པོ་ཡིན་པས། གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་རིན་ཐང་ཅན་གྱི་ཡིག་ཚགས་ཡིན།”⑤ད་དུང་ཡང་དགའ་ལྡན་ཕོ་བྲང་སྐབས་ཀྱི་སེར་སྐྱ་མི་དྲག་གི་གྲལ་འཛིན་གྱི་རིམ་པ་དང་། ཁྲི་སྟན་གྱི་མཐོ་དམའ་དང་སྲབ་མཐུག་སོགས་སེར་སྐྱ་མི་དྲག་གི་གོ་ས་གཏན་འཇགས་བྱས་ཡོད།⑥འདི་ལས་རྒྱལ་དབང་ལྔ་པའི་སྐབས་དེའི་ཆབ་སྲིད་ཀྱི་འདུ་ཤེས་མངོན་པ་དང་། སྒྲིག་སྲོལ་འདི་ལྟ་བུའི་གཏན་འབེབ་དང་སྲིད་འབྱོད་རིག་གསུམ་གྱི་གནས་ཚུལ་བཀོད་འདུག་པ་འདི་ནི། སྐབས་དེའི་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་ཡིག་ཆ་ཞིག་རེད།

གཉིས་པ། རྗོད་བྱེད་ཚིག་གི་ཆ།

རྣམ་ཐར་འདིའི་ལུས་ནི་བཅད་ལྷུག་སྤེལ་མའི་རྣམ་པ་ཅན་ཞིག་ཡིན་ཏེ། ཤིས་བརྗོད་ཕྱག་བྱ་དང་དངོས་པོ་ངེས་བསྟན་སོགས་ནི། བོད་ཀྱི་རྣམ་ཐར་ཕལ་མོ་ཆེ་དང་འདྲ་བར་ཚིགས་བཅད་ཀྱི་ལམ་ནས་སྤེལ་ཡོད་པ་དང་།གཞུང་དངོས་ནི་ཕལ་ཆེར་ཚིག་ལྷུག་གིས་བྲིས་ཡོད། རང་རྣམ་གྱི་མགོ་མཇུག་བར་གསུམ་གྱི་ཚིག་གི་སྡེབ་སྦྱོར་དང་། སྤྱོད་སྟངས་ཐད་ནས་ས་གནས་ཀྱི་ཡུལ་སྐད་སྤྱོད་ཆེ་བ་དང་རྩོམ་གཤིས་ཁྱད་པར་བ་ཞིག་སྣང་བ་ནི། རང་རྣམ་དུ“ཁོང་གིས་རྩོམ་རིག་བརྡ་ཆད་མང་དུ་མ་བཀོད་པར་ཡུལ་དང་ལུང་པའི་སྐད་ཀྱི་སྟེང་ནས་སྐབས་དེའི་གནས་ཚུལ་ཇི་བཞིན་བརྡ་གསལ་པོོ་འཕྲོད་པར་བརྩོན་ཡོད་པ”⑦སྟེ། རང་རྣམ་གྱི་རྗོད་བྱེད་ཚིག་གི་ཐད་ནས་སྤྱད་པའི་ཐ་སྙད་མང་པོ་ཞིག་ནི་ད་ལྟ་གོ་དཀའ་བར་སྣང་ཞིང་། དེ་བཞིན་རང་རྣམ་དུ་དཔེ་ཆོས་དང་གཏམ་དཔེ་མང་པོ་ཞིག་བཀོལ་སྤྱོད་གནང་ཡོད། ཀུན་གྱིས་མཁྱེན་གསལ་ལྟར། རྒྱལ་དབང་ལྔ་པ་ནི་རིག་པའི་གནས་ཀུན་ལ་མཁས་པ་ཞིག་ཡིན་པས། ཁོང་གི་བརྩམས་ཆོས་དེབ་ཐར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སོགས་གང་ལ་བལྟས་ནའང་། ཚིག་སྦྱོར་བདེ་ཞིང་རྩོམ་རྩལ་ཆེན་པོ་ལྡན་པ་སྟེ། སྔ་ཕྱི་བར་གསུམ་གྱི་ཚིག་གི་སྦྱོར་སྟངས་གཞན་དང་མི་མཚུངས་པ་དང་། གཞན་དཔེ་ཆོས་མང་དུ་དྲངས་པ་ཡང་རྣམ་ཐར་དེའི་ཁྱད་ཆོས་མངོན་གསལ་ཅིག་ཡིན་པས། འདི་ལ་རྩོམ་རིག་ཞིབ་འཇུག་གི་རིན་ཐང་དང་ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་ཆེ་བ་ནི་སྨྲོས་མ་དགོས་པ་རེད།

གསུམ་པ། ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་།

རང་རྣམ་འདིར་ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པར་འདོད་དེ། རང་རྣམ་འདི་ལས་ང་ཚོས་མ་མཐའ་ཡང་རྒྱལ་དབང་ལྔ་པ་ཆེན་མོའི་དུས་ཀྱི་མི་ལོ65ལྷག་གི་སྤྱི་ཚོགས་གནས་བབ་དང་། སྐབས་དེར་བྱུང་བའི་ལོ་རྒྱུས་དོན་ཆེན། པོ་ཏ་ལ་སོགས་ཇི་ལྟར་འཛུགས་སྐྲུན་བྱས་པའི་གནས་ཚུལ། བོད་པ་རང་ཉིད་དང་མཐའ་འཁོར་གྱི་མི་རིགས་བར་གྱི་འབྲེལ་པ་ཇི་འདྲ་ཡིན་པ་སོགས་གསལ་པོར་རྟོགས་ཐུབ་པར་མ་ཟད། དུས་རབས་བཅུ་བདུན་པའི་བོད་ཀྱི་སྤྱི་ཚོགས་འཚོ་བ་དང་རིག་གནས་ལོ་རྒྱུས་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་ལོ་རྒྱུས་ཡིག་ཆ་གལ་ཆེན་ཞིག་རེད། ལྷག་པར་དུ་ཁོང་གི་གསུང་རྩོམ་ནང་དུ་བཀོད་པའི་གསལ་ཞིང་དག་པའི་ལོ་ཚིགས་དང་། དུས་སྐབས་དེར་བྱུང་བའི་ལོ་རྒྱུས་ཀྱི་དོན་རྐྱེན་དག་གི་གནས་ཚུལ་ཞིབ་ཕྲར་བཀོད་ཡོད་པ་ནི། དེང་སྐབས་དགའ་ལྡན་ཕོ་བྲང་གིི་སྐོར་ལ་ཞིབ་འཇུག་བྱེད་པའི་རྒྱལ་ཕྱི་ནང་གི་མཁས་པ་མང་པོ་ཞིག་གིས་དཔྱད་གཞིའི་ཡིག་ཆ་གཙོ་བོ་ཞིག་ཏུ་རྩི་བཞིན་ཡོད། རང་རྣམ་འདི་ལ་མཚོན་ན། ཁྲེན་ཆིན་དབྱིན(陈庆英)དང་མ་ལེན་ལུང་། (马连龙)མ་ལིན(马林)སོགས་ཀྱིས་རྒྱ་ཡིག་དང་། མཁར་རྨེའུ་བསམ་གཏན་ལགས་ཀྱིས་དབྱིན་ཡིག་ཏུ་བསྒྱུར་པ་སོགས་ལས་ཀྱང་རང་རྣམ་འདིའི་དཔྱད་གཞིའི་རིན་ཐང་མཐོང་ཐུབ། དེ་མིན་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་སོགས་ཀྱིས་བསྒྲིགས་པའི《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ལྟ་བུ་དང་། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་ལྗོངས་ལོ་རྒྱུས་ཆེན་མོ》ལྟ་བུ་སོགས་ད་ལྟའི་ལོ་རྒྱུས་ཀྱི་དཔེ་དེབ་དང་།དཔྱད་རྩོམ་མང་པོ་ཞིག་གི་ནང་དུ་ཡང་འདི་ཉིད་དཔྱད་གཞིར་བཟུང་ཡོད།“རྒྱལ་དབང་ལྔ་པར་མཚོན་ན། ལོ་རྒྱུས་ལ་ཆེད་དུ་ཞིབ་འཇུག་གླེང་བརྗོད་སྤེལ་བའི་རིག་གཞུང་བརྩམས་ཆོས་མཛད་མེད་རུང་། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》དང་ཁོང་གི་རང་རྣམ་སོགས་ལོ་རྒྱུས་བསྟན་བཅོས་ཁག་ལ་མཇལ་ན། ཁོང་ནི་ངེས་པ་དོན་གྱི་ལོ་རྒྱུས་སྨྲ་བ་ཞིག་ཡིན་པ་དང་། ལོ་རྒྱུས་རིག་གཞུང་ཐད་ལ་རང་གི་ཐུན་མོང་མིན་པའི་ལྟ་བ་ཞིག་གྲུབ་ཡོད་པ་གསལ་པོར་མཐོང་ཐུབ།”⑧ཞེས་རྒྱལ་ཕྱི་ནང་གི་མཁས་པ་མང་པོས་ཁོང་ལ་གདེང་འཇོག་ཚད་མེད་གནང་གི་ཡོད་པར་མ་ཟད། ཁོང་གི་ལོ་རྒྱུས་རིག་པའི་ལྟ་བར་བསྟོད་བསྔགས་དང་ཞིབ་འཇུག་བྱེད་ཀྱིན་འདུག ལྷག་པར་དུ་ཁོང་གི་རྣམ་ཐར་ནང་ལོ་ཟླ་དུས་གྲངས་རེ་རེ་ནང་བྱུང་བའི་དོན་རྐྱེན་རེ་རེ་དང་། མི་རིགས་ཕན་ཚུན་སྐྱེས་འབུལ་གྱི་དངོས་པོ། དངོས་པོ་སོ་སོའི་མིང་། མི་རིགས་སོ་སོའི་བར་གྱི་འབྲེལ་པ། མི་སྣ་རེ་རེ། མིའི་མིང་དང་ས་མིང་ལ་སོགས་པ་རེ་རེ་བཞིན་བྱས་ནས་བྲིས་ཡོད་པ་དཔེར་ན། པཎ་ཆེན་རིན་པོ་ཆེ་སོག་ཡུལ་དུ་ཕེབས་པའི་སྐོར་དང་། ཁལ་ཁ་ཆོག་ཐུའི་བུ་ཨར་ས་ལང་ཁྲི་དམག་དང་ཨོ་རོད་གུ་ཤྲའི་དཔོན་སྔ་རྗེས་ལྷ་སར་འབྱོར་པ། དབུས་གཙང་ཆུ་རྟའི་བདེ་གཟར། ཀོང་པོའི་བདེ་གཟར་སོགས་སྐབས་དེར་བྱུང་བའི་ལོ་རྒྱུས་དོན་རྐྱེན་མང་པོ་ཞིག་ལ་ཞིབ་འཇུག་བྱེད་དགོས་ན་རང་རྣམ་འདིར་ངེས་པར་དུ་གཟིགས་དགོས་པ་རེད། “རང་རྣམ་དུ་ཁོང་གིས་སྐབས་དེར་བྱུང་བའི་ལོ་རྒྱུས་ཀྱི་དོན་སྣ་རེ་རེ་བཞིན་བྲིས་ཡོད་པར་མ་ཟད། ལྔ་པ་ཆེན་མོའི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྡེ་སྲིད་དུ་བསྐོས་རྗེས་བྱུང་བའི་ལོ་རྒྱུས་དོན་རྐྱེན་དང་།ཁོང་རང་ཉིད་ཀྱིས་ཆོས་ལ་སློབ་གཉེར་བགྱིས་པའི་གནས་ཚུལ་སོགས་ཞིབ་ཅིང་ཕྲ་བར་བཀོད་ཡོད་པ་ནི། སྔ་ན་མེད་པ་ཞིག་རེད། རང་རྣམ་དུ་བཀོད་པའི་ཆོས་ལུགས་བྱེད་སྒོ་ཁག་གི་སྤྱོད་ཆས་དག་གི་དངོས་མིང་དང་། འབུལ་རྟེན། གྲལ་ཞུགས་མི་སྣ་སོགས་རེ་རེ་བཞིན་གཅིག་ཀྱང་མ་ལུས་པར་བྲིས་པ་ནི། ལྷག་མ་ཞིག་མ་ཡིན་པར་སྐབས་དེ་དུས་ཀྱི་ཆོས་ལུགས་བྱེད་སྒོ་སོགས་ལ་ཞིབ་འཇུག་བྱེད་པའི་ཡིག་ཆ་དང་པོ་དེ་རེད།”⑨དེ་ལྟར་ང་ཚོས་དུས་རབས་བཅུ་བདུན་པའམ། སྤྱི་ལོ1617ནས1681ལོའི་རྒྱལ་དབང་ལྔ་པའི་སྐབས་བྱུང་བའི་ལོ་རྒྱུས་ཀྱི་དོན་རྐྱེན་རེ་རེ་དང་བོད་ཀྱི་སྤྱི་ཚོགས་འཚོ་བ། ལོ་རྒྱུས་རྒྱབ་ལྗོངས་སོགས་ལ་རྒྱུས་མངའ་ལེན་དགོས་ན་འདི་ནི་དཔྱད་གཞི་དང་པོ་ཡིན་པས་ངེས་པར་དུ་གཟིགས་དཔྱད་གནང་དགོས།མདོར་ན་རང་རྣམ་དུ“རང་ཉིད་མཆོག་ཏུ་རློམ་པའི་ང་རོ་ཡིས། ། བདག་བསྟོད་གཞན་སྨོད་དམ་པའི་ཚུལ་མིན་ཡང་། ། སྒྲོ་སྐུར་མེད་པར་རང་གི་ངང་ཚུལ་རྣམས། ། འཁོར་དུ་སྒྲོག་པ་སངས་རྒྱས་ཚུལ་ལུགས་ཡིན། །” ⑩ ཞེས་ཐོག་མའི་དམིགས་ཡུལ་གསལ་ཞིང་ལས་དོན་དྲང་མོའི་ངག་གིས་བརྗོད་ཡོད་པས། རང་རྣམ་འདི་ལ་རྩོམ་སྟངས་དང་རྩོམ་ལུས། བརྗོད་བྱ་དང་རྗོད་བྱེད། སྒྲིག་གཞི་དང་རྣམ་པ་སོགས་ཕྱོགས་གང་ཅིའི་ཐད་ནས་བལྟས་ཀྱང་དོན་དངོས་ཀྱི་ཆ་དང་། གསར་གཏོད་གྱི་ཆ། ལོ་རྒྱུས་ཞིབ་འཇུག་གི་ཆ་སོགས་གཞན་དང་མ་འདྲ་བའི་དགེ་མཚན་རྨད་དུ་བྱུང་བར་མངོན་ནོ། །


* ཐེག་ཆེན་རྡོ་རྗེ། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི2016ལོའི་ལོ་རྒྱུས་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།

①② ངག་དབང་བློ་བཟང་རྒྱ་མཚོ། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་། གླེགས་བམ་དང་པོ། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012:19.20


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1