2013ལོ་ནས2017ལོའི་བར་གྱི་མཐོ་རྒྱུགས་སྐད་ཡིག་རྒྱུགས་གཞིའི་སྟེང་གི་གནད་དོན་འགའ་གླེང་བ།

ཕག་མོ་བསམ་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


མཐོ་རྒྱུགས་ཀྱི་རྒྱུགས་གཞི་ནི་ད་ལྟའི་སློབ་གསོའི་ལམ་ལུགས་ལྟར་ན། སློབ་མ་ཞིག་གི་མི་ཚེའི་དཀྱོགས་མཚམས་ཀྱི་དབྱེ་བ་འབྱེད་བྱེད་གཙོ་བོ་ཞིག་ཡིན་པས་ན། འདི་ལ་ཕ་མ་དང་དགེ་རྒན་མ་ཟད། སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་ཀྱང་ཡིན། དེར་བརྟེན་འདི་ལ་རྒྱལ་ཁབ་སློབ་གསོ་པུའུ་གཙོ་བྱས་པའི་འབྲེལ་ཡོད་ལས་ཁུངས་ཀྱིས་མཐོང་ཆེན་བྱས་ཏེ་ལོ་རེའི་རྒྱུགས་གཞི་ལ་དབྱེ་ཞིབ་བྱས་ནས་ནོར་འཁྲུལ་ཡོ་བསྲང་དང་ལེགས་ཐོག་ལེགས་བརྩེགས་བྱས་ཏེ། ལོ་རེ་ནས་ལོ་རེར་རྒྱུགས་ཤོག་གི་སྤུས་ཀ་ལེགས་མིན་དང་ནང་དོན་ཆ་ཚང་མིན། སློབ་འབྲིང་སློབ་མ་ལ་འོས་མིན། ཡོངས་ཁྱབ་རང་བཞིན་ལྡན་མིན། ཆུ་ཚོད་ཀྱིས་འདང་མིན་བཅས་ལ་དམིགས་ནས་རྒྱུགས་ཤོག་བཅའ་བཞིན་ཡོད་པས། འདིར་ཉེ་བའི་ལོ་འགའི་རིང་གི་བོད་ཡིག་གི་རྒྱུགས་གཞིའི་སྐོར་ལ་རགས་ཙམ་བལྟས་ན། སྤྱིར་སྤྱི་ལོ2013ལོ་ནས་བཟུང་བོད་སྐད་ཡིག་གི་རྒྱུགས་གཞི་ལ་སྔར་ལས་བླ་ལྷག་གིས་འཕེལ་རྒྱས་བྱུང་ཡོད་ནའང་།
ད་དུང་རྒྱུགས་གཞི་སྒྲིག་པ་པོའི་ཆེད་ལས་སམ་དགའ་ཕྱོགས་ཀྱི་དབང་གིས་བསྒྲིགས་པའི་དྲི་བ་ཕྱོགས་རེ་ཅན་དང་། འདྲི་གཞིར་དྲིས་ལན་གཅིག་ཡོད་ཅེས་བཀོད་དེ་ལན་ལ་གཉིས་རེ་ཅན་བྱུང་བའི་དྲི་བ་ནོར་འཁྲུལ་ཅན། ལྟོས་གཞི་སློབ་མ་ལ་བསམ་བློ་མ་བཏང་བར་རང་སྣང་གང་ཤར་གྱིས་བཏོན་པའི་དྲི་བ། གང་ནས་བླངས་པའམ་དྲངས་པ་མི་ཤེས་ཤིང་ཡོང་ཁུངས་མི་གསལ་བའི་དྲི་བ། ངེས་སྦྱོང་དང་འདེམ་སྦྱོང་གི་ནང་དོན་ཉ་ཉུང་ལྟར་བསྲེས་པ། ཁ་སྐོང་ལ་སློབ་ཚན་གཅིག་ལས་ཤོ་ལོ་ཀ་གཉིས་རེ་ཁ་སྐོང་དུ་འཇུག་པའམ། ཚིག་རྒྱན་ཤེས་བྱ་ལས་དཔེར་བརྗོད་གཉིས་རེ་ཁ་སྐོང་དུ་འཇོག་པ་བཅས་ཀྱི་གནད་དོན་གང་མང་ཞིག་ངང་ངམ་ཤུགས་ཀྱིས་ཡོད་པས་འདིར་ཅུང་ཟད་ཅིག་གླེང་བར་བྱ།

དང་པོ། རྒྱུགས་ཡིག་སྔོན་མ་དག་གི་སྐྱོན་གླེང་བ།

༡. དྲི་བ་ཕྱོགས་རེ་ཅན།

2013ལོའི་བོད་སྐད་ཡིག་གི་རྒྱུགས་གཞིའི་ནང་དུ་གདམ་གསེས་ཀྱི་དྲི་བ13དང14,18,19,20རྣམས་བསྟུད་མར་ཚིག་རྒྱན་ཤེས་བྱའི་དྲི་བས་བཟུང་ཡོད་པ་དང་། 2015ལོའི་རྒྱུགས་ཤོག་སྟེང་གི་གདམ་གསེས་ལས། 14 .15. 16. 20. 21བཅས་ནི་བསྟུད་མར་ཤེས་བྱའི་རྣམ་གྲངས་ལས་བཀོད་ཡོད་པས། 2013ལོའི་རྒྱུགས་ཤོག་སྟེང་གི་ཚིག་རྒྱན་ཤེས་བྱ་ཁོ་ནས་རྩོམ་འབྲི་ལས་གཞན་པའི་སྤྱི་སྐར་གྱི་བརྒྱ་ཆའི་བཅོ་ལྔ་ཟིན་པ་དང་། 2015ལོའི་རྒྱུགས་ཤོག་ནང་དུ་ཤེས་བྱའི་རྣམ་གྲངས་གཅིག་པུ་ལས་བསྟུད་མར་དྲི་བ་ལྔ་ཐོན་པ་དེས་རྩོམ་འབྲི་ལས་གཞན་པའི་སྤྱིའི་སྐར་གྲངས་ཀྱི་བརྒྱ་ཆའི17ཙམ་ཟིན་ཡོད་པས། དེ་ནི་རྒྱུགས་གཞི་སྒྲིག་པ་པོ་རང་ཉིད་གང་ལ་དགའ་ན་དེ་བཀོད་ཡོད་པའི་སྣང་བ་སྟེར་རྐྱེན། རྒྱུགས་གཞི་ཕྱོགས་རེ་ཅན་ནམ་ཡོངས་ཁྱབ་རང་བཞིན་མེད་པའི་སྐྱོན་ཡོད།

༢. དྲི་བ་ནོར་འཁྲུལ་ཅན།

2017ལོའི་རྒྱུགས་ཤོག་གི་དྲི་ལན་འདེམ་པ་རུ།

“འདྲི་ཚིག་རེར་ལན་ཡང་དག་པ་གཅིག་ཡོད།” ཅེས་བྲིས་ཏེ་ལན་ལ་གཉིས་རེ་བཀོད་ཡོད་པ་དཔེར་ན།

1. གཤམ་གྱི་མིང་དང་ཚིག་ཁག་བཞི་ལས་ཡིག་ནོར་ཡོད་པའི་ཁག་ནི།

A. ལྡིང་ཁང་། ཚང་ཚིང་། གློག་འགྱུ་བ། ལྭ་འདབས་སྡོག B. ཀླན་ཀ ངན་རེངས། སྐྱོན་མཚང་བྲུས། བྱེས་དྲན་ཡུལ་དྲན། C. གཅམ་གསག ཁས་འཆོས། སྐྱི་བསེར་རླུང་། རྟག་བརྟན་ཐར་ཟུག D. རིགས་ལམ། སྨྱུང་གནས། འབྲི་ཐུལ་མ། གཟི་ཟན་མགོ་རྡུང་། ཞེས་བཀོད་པའི་ནང་དུ་ལན་ནོར་བ་ཅན་གཉིས་ཡོད་པ C. དང D. ཡིན།

14. གཤམ་གྱི་རིགས་སྤྱི་དང་ཚོགས་སྤྱིའི་མུ་བཞི་ལས་ནོར་བའི་ཁག་ནི། A. རིགས་སྤྱི་ཡིན་ལ་ཚོགས་སྤྱི་མ་ཡིན་པའི་མུ་ནི། ཤེས་བྱ་ལྟ་བུ། B. ཚོགས་སྤྱི་ཡིན་ལ་རིགས་སྤྱི་མ་ཡིན་པའི་མུ་ནི། བུམ་པ་ལྟ་བུ། C. རིགས་སྤྱི་དང་ཚོགས་སྤྱི་གཉིས་ཀ་ཡིན་པའི་མུ་ནི། སྨྱུ་གུ་ལྟ་བུ། D. རིགས་སྤྱི་དང་ཚོགས་སྤྱི་གཉིས་ཀའི་གང་ཡང་མ་ཡིན་པའི་མུ་ནི། རྟག་དངོས་གཉིས་ལྟ་བུ། ཞེས་པའི་ཚན་པའི་ལན་ཡང་དག་དེ B ཡིན་པ་ལ C ཡིན་ཞེས་བཀོད་ཡོད།

15. གཤམ་གྱི་རྟགས་སྦྱོར་སོ་སོ་རྟགས་ཀྱི་ནང་གསེས་གང་ཡིན་པ་ངོས་བཟུང་བ་ནོར་བའི་ཁག་ནི། A.ཅོག་ཙེ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར།_རྟགས་ཡང་དག་བཀོད་པ། B.མེ་ཏོག་ཆོས་ཅན། དཀར་པོ་ཡིན་ཏེ། ཁ་དོག་ཡིན་པའི་ཕྱིར།_མ་ངེས་པའི་རྟགས། C.གསེར་གྱི་རྒྱན་ཆ་ཆོས་ཅན། རྣ་ཤེས་ཀྱི་མཉན་བྱ་ཡིན་ཏེ། ཕྱིའི་གཟུགས་ཡིན་པའི་ཕྱིར།_འགལ་བའི་རྟགས་བཀོད་པ། D.ཟླ་བའི་ཁ་དོག་ཆོས་ཅན། ཁ་དོག་ཡིན་ཏེ། དམར་པོ་ཡིན་པའི་ཕྱིར། མ་དམིགས་པའི་རྟགས་བཀོད་པ། ཞེས་པའི་འདྲི་གཞི་འདིར་ལན་ཡང་དག་གཅིག་ཡོད་ཅེས་ནས་དྲི་ལན་ཡང་དག་ཏུ D གཅིག་པུ་བཀོད་ནའང B ཡང་ཡིན་ཏེ“མེ་ཏོག་ཆོས་ཅན། དཀར་པོ་ཡིན་ཏེ། ཁ་དོག་ཡིན་པའི་ཕྱིར”ཞེས་པ་ནི་མ་གྲུབ་པའི་རྟགས་ཡིན། ནོར་སྐྱོན་འདི་དག་གི་དབང་གིས་སློབ་མ་བཟང་གྲས་ཁག་ཅིག་གི་སྐར་འབྲས་ལ་གནོད་སྐྱོན་བྱུང་ཡོད་པ་སྨོས་མ་དགོས་སོ། །

༣. སློབ་མར་ཁ་ཕྱོགས་མེད་པའི་དྲི་བ།

2015ལོའི་རྒྱུགས་ཤོག་གི་དྲི་བར་ལན་འདེབས་པ་ལས།“32. 《དྭགས་པོ་མི་རིགས་ཀྱི་གནད་དོན་སྐོར་གླེང་བ》ཞེས་པའི་དགག་སྒྲུབ་རྩོམ་ཡིག་འདིའི་བསྒྲུབ་བྱ་ཅི་ཡིན། དེ་བསྒྲུབ་པ་ལ་སྒྲུབ་བྱེད་བཞི་བཀོད་པ་ནི་གང་དག་ཡིན།”ཞེས་པའི་དྲི་བ་འདི་འདྲ་ལ་སུ་ཞིག་གིས་ལན་འདེབས་ནུས། ཁ་སྐོང་འདི་ལ་སློབ་ཚན་འདི་འཁྲིད་པའི་དགེ་རྒན་ཚོའི་ཁྲོད་ནའང་ལན་ཡང་དག་ཅིག་འདེབས་ཤེས་མཁན་ཉུང་ཉུང་ལས་ཡོད་ཀྱི་མ་རེད་སྙམ་པས། ཁྱོད་ཀྱི་དྲི་བ་འདི་ལ་བསམ་གཞིག་གང་ཡང་མ་བྱས་པར་དྲི་བ་ཞིག་རེད་བསམ་ནས་བཀོད་པ་ཡིན་ཤས་ཆེ། འདི་ལྟ་བུ་ནི་ལྟ་ཀློག་ཏུ་བཞག་ན་འོས་པ་ལས་དེ་མིན་འདི་ལྟ་བུར་སློབ་མས་ལན་འདེབས་དཀའ་བར་མ་ཟད། སློབ་མའི་སེམས་ཁམས་ལ་གནོད་པའི་དྲི་བ་གོ་མི་ཆོད་པ་ཞིག་རེད།

2016ལོའི་རྒྱུགས་ཤོག་ཏུ། རྒྱུགས་གཞི་འདིའི་གདམ་གསེས་དྲི་བ་བཅུ་བཞི་པ་རུ“གཤམ་གྱི་ཚིག་ཚན་པ་འདིའི་བསྒྲུབ་བྱ་དང་སྒྲུབ་བྱེད་ངོས་བཟུང་བ་ཡང་དག་པ་ནི།

“སྐྱེ་རྒ་ན་འཆི་ནི་ཆེས་སྤྱིར་བཏང་གི་མི་ཚེའི་སྣང་ཚུལ་ཞིག་ཡིན། ཤཱཀྱ་མུ་ནེས་དེའི་རྩ་བ་མཐིལ་ཕྱིན་པར་འཚོལ་ཕྱིར། རྒྱལ་གཞིས་དང་ཁྱིམ་གཞིས་རྩྭ་བཞིན་དོར་ནས་དཀའ་སྤྱད་ཀྱིས་སྒྲིབ་སྦྱོང་བྱས་པས། མཐར་སངས་རྒྱས་ཆོས་ལུགས་ཀྱི་སྲོལ་བཏོད་པ་རེད།”ཅེས་པ་དཔྱད་གཞིར་བཀོད་དེ་དེའི་དྲི་ལན་ཡང་དག་ནིB སྟེ།“བསྒྲུབ་བྱ་ནི་ཤཱཀྱ་མུ་ནེ་ཡིས་མི་ཚེ་སྣང་ཚུལ་གྱི་གནས་ལུགས་འཚོལ་བ་དང་། སྒྲུབ་བྱེད་ནི་རྒྱལ་གཞིས་དང་ཁྱིམ་གཞིས་དོར་ནས་དཀའ་སྤྱད་ཀྱིས་བསམ་བློ་བཏང་བ”ཞེས་པར་དམིགས་ཡོད་ཀྱང་། དྲི་བ་འདི་ལ་བསམ་དགོས་པ་ཞིག་ནི། གོང་གི་ཚན་པ་འདི་ལས་བསྒྲུབ་བྱ་དང་སྒྲུབ་བྱེད་ཅིག་ངོས་བཟུང་ཞེ་ན་དོགས་གཞི་ཞིག་ཡིན་ཡང་། ལོ་ངོ་གཉིས་འགོར་ཡང་དོགས་པ་སློང་མཁན་གཅིག་ཀྱང་མ་བྱུང་བས་འདིར་མི་བརྗོད་ཀ་མེད་དུ་གྱུར་ནས་བཀོད་པ་ཡིན།

༤. ཁུངས་མེད་པའི་དྲི་བ།

2015ལོའི་རྒྱུགས་ཤོག་གི་དྲི་བ28པ་ཕྲད་ཀྱི་ཐོབ་ཐང་ཁ་སྐོངས། ཞེས་པ་རུ།

“(1)ཚིག་ཕྲད་ཅིང་ལ་སོགས་པ་ནི། །

__________________ ། །__________________ཅིང་ཅེས་ཅེའོ་ཅེ་ན་ཅིག །__________________། །__________________ཞིང་ཞེས་ཞེའོ་ཞེ་ན་ཞིག །__________________། །__________________། །ཤིང་ཤེས་ཤེའོ་ཤེ་ན་ཤིག །”ཅེས་པ་འདི《ཚིག་དོན་མདོར་བསྡུས》ནས་བླངས་ཟེར་ཡང་། 《ཚིག་དོན་མདོར་བསྡུས》ཀྱི་ཚིག་ཁ་ཚང་ཡང་མིན་ལ། 《ལེགས་བཤད་ལྗོན་དབང》གི་ཚིག་ནི་དེ་བས་ཀྱང་མིན་པར་མ་ཟད། དེ་གཉི་གའི་ནང་དུ“ཤིང་ཤིག་ཤེའོ་ཤེ་ན་འཐོབ། །”ཅེས་བྲིས་ཡོད་ནའང་རྒྱུགས་གཞི་ལས“ཤིང་ཤེས་ཤེའོ་ཤེ་ན་ཤིག །”ཅེས་གང་ལའང་མི་མཐུན་པ་ཞིག་བྲིས་པ་དེས་ཀྱང་སློབ་མའི་བློ་འཆོལ་བར་བྱེད་པའི་རྒྱུ་ཞིག་ཏུ་མི་འགྱུར་གྲང་།

2015ལོའི་རྒྱུགས་ཤོག་ཏུ།“29.རྟགས་འཇུག་གི་དཀའ་འགྲེལ་རིགས་ལམ་གསེར་གྱི་ལྡེ་མིག་ལས།

ཅི་ཕྱིར་འཇུག་པར་བྱེད་ཅེ་ན། ། དེ་ཡང་བྱེད་པ་པོ་གཞན་དང་། ། དངོས་སུ་འབྲེལ་མིན་ཇི་ལྟར་ཡང་། །”ཞེས་པ་འདི་རྟགས་འཇུག་གི་དཀའ་འགྲེལ་རིགས་ལམ་གསེར་གྱི་ལྡེ་མིག་གི་ཚིག་མིན་ལ། དེ་བཅོས་པ་ཡིན་ཟེར་ན་དེ་ཡང་། 《དཀའ་གནད་གསལ་བའི་མེ་ལོང》གི་ཚིག་ཡིན་པས“རྟགས་འཇུག་གི་དཀའ་འགྲེལ་རིགས་ལམ་གསེར་གྱི་ལྡེ་མིག་ལས།”ཞེས་བརྗོད་དོན་མེད་དོ། །

2014ལོའི་རྒྱུགས་ཤོག་ཏུ།“རྩེ་སློབ་གྲྭ་འཛུགས་མཁན་སུ་ཡིན”ཞེས་པའི་དྲི་བ་ནི་ཐད་ཀར་སློབ་མ་ལ་དཀའ་ཁག་བཟོས་པར་སྙམ། གྲངས་རིག་གི་རྒྱུགས་གཞི་འདོན་དུས་ནང་ལོག་གི་སློབ་མའི་རྒྱུགས་ཡིག་ནང་དུ“怪题”ཞེས་པ་ཞིག་བཞག་ནས། རིག་པ་བཟང་པོའི་སློབ་མ་མང་པོས་སྐར་འབྲས150ལེན་མཁན་མང་བས་དེ་དག་ལ་དབྱེ་བ་དགར་བའི་ཆེད་དུ་རེད་ཟེར་ཡང་།
ང་ཚོའི་སློབ་མའི་ཁྲོད་ན་བོད་ཡིག་གི་སྐར་འབྲས་དེ་ལོ་རེ་ནས་ལོ་རེར་ཇེ་དམའ་རུ་འགྲོ་བཞིན་ཡོད་པ་ལས། རྒྱུགས་སྐར150བླངས་པའི་ལོ་རྒྱུས་མེད་པས་དྲི་བ་འདི་མཚར་ཆེའོ། །

༥.ངེས་སྦྱོང་དང་འདེམ་སྦྱོང་གི་དབྱེ་བ་བསྲེས་པ།

སློབ་མའི་སློབ་དེབ་ལ་ངེས་སྦྱོང་དང་འདེམ་སྦྱོང་གཉིས་ཡོད་པས། དེ་གཉིས་ལ་ངེས་པར་དུ་ཡིད་འཇོག་བྱེད་དགོས་པ་རེད། རྒྱུགས་གཞི་འདི་སྒྲིག་པ་པོས་དེ་གཉིས་བསྲེས་ནས་འདེམ་སྦྱོང་གི་དྲི་བ་རེ་གཉིས་ངེས་སྦྱོང་ལྟར་བསྒྲིགས་པ་དང་། ངེས་སྦྱོང་གི་དྲི་བ་འགའ་རེ་འདེམ་སྦྱོང་ལྟར་བསྒྲིགས་ཡོད་པས་འགན་འཁུར་རང་བཞིན་མེད་པ་ལྟར་བསྒྲིགས་ཡོད།

2016ལོའི་རྒྱུགས་ཤོག་གི་དྲི་བ་དང་པོ་ལོ་རྒྱུས་ཤེས་བྱ་ལས་བཏོན་ཡོད་དེ། 1.གཤམ་གྱི་རྟགས་བཀོད་པའི་མིང་ལ་འགྲེལ་བཤད་བྱས་པ་འགྲིག་པ་ནི། “དེའི་དུས་སུ་སྤུན་གསུམ་ཀ་རབ་ཏུ་བྱུང་བ་ཡིན་ཏེ། ཁྲི་སྲོང་ལྡེ་བཙན་ནི་ནུ་བོ་ཆུང་དག དགེ་སློང་ཨ་པ་ཁ་འདུ་བྱ་བ་ཚེ་འཕོས་པ་ཡིན་སྐད།”

A. ཚེ་སྔ་མའི་རྣམ་ཤེས། B. ཚེ་ཤིན་ཏུ་རིང་བ། C. ཚེ་ཚད་རྫོགས་པ། D. ཚེ་ཚད་མ་ལོངས་པར་སྐུ་འདས་པ།ཞེས་པའི་དྲི་བ་འདི་འདྲ་མགོར་འཇོག་པའི་ཚུལ་ལ་བལྟས་ན། རྒྱུགས་གཞི་འདོན་པ་པོས་སྤྱིར་བཏང་གི་རྒྱུགས་གཞི་སྒྲིག་སྟངས་ལྟར་སླ་བ་ནས་དཀའ་བའི་རིམ་པ་མ་ཕྱེ་བས། སྤྱིའི་རྒྱུགས་གཞི་འདོན་སྟངས་ཀྱི་སྲོལ་དང་འགལ་བར་མ་ཟད། བོད་རང་གི་ལུགས་སྲོལ་མིང་ནས་ཚིག་དང་། ཚིག་ནས་དོན་རྟོགས་དགོས་པའི་ཆོས་ཉིད་ལའང་བསམ་བློ་མ་བཏང་བར། ལག་ལ་གང་ཐོན་དེ་བཀོད་ཀྱི་ཚུལ་དུ་ཡོད་པ་དང་གཅིག གཉིས་ན་རྒྱུགས་གཞི་དེའི་ཚན་པ17གྱི་རྗེས་སུ།“གཤམ་གྱི་དྲི་བ18-24ནི་འདེམ་སྦྱོང་ལས་བཏོན་པ་ཡིན”ཞེས་ཁ་གསལ་ཞིག་བྲིས་ཡོད་པར་བལྟས་ན། ངེས་སྦྱོང་དང་འདེམ་སྦྱོང་གཉིས་རྐྱ་བཀར་ཡོད་པར་འདྲ་ནའང་། རྒྱུགས་གཞིའི་དྲི་བ་དང་པོ་དེའང་འདེམ་སྦྱོང་སྟེང་གི་དྲི་བ་ཡིན་ན་ཁོས་“གཤམ་གྱི་དྲི་བ18-24ནི་འདེམ་སྦྱོང་ལས་བཏོན་པ་ཡིན”ཞེས་ཁ་གསལ་ཞིག་བཀོད་པ་དེས་ཅུང་ཉོག་པར་བྱས་ཡོད་པ་དང་། དྲི་བ18-24ཡང་འདེམ་སྦྱོང་གི་དོན་དང་མཐུན་པར་གདམ་གསེས་བྱས་མེད་པས། འདྲི་གཞི་འདི་ནི་སྐྱོན་ཅན་གྱི་འདྲི་གཞི་ཞིག་ཡིན་ལ། རྒྱུགས་གཞི་འདིའང་འགན་འཁུར་རང་བཞིན་མེད་པ་ལྟར་བསྒྲིགས་ཡོད་པའི་སྣང་བ་སྟེར་རོ། །

༦.ཡོངས་ཁྱབ་རང་བཞིན་མེད་པའི་དྲི་བ།

2014ལོའི་རྒྱུགས་ཤོག་སྟེང་གི་ཁ་སྐོང་གི་དོན་ཚན29དང30བར། ལེགས་བཤད་ཤོ་ལོ་ཀ་གཉིས་དང་སྙན་ངག་ཤོ་ལོ་ཀ་གཉིས་བསྟུད་མར་བཀོད་པ་འདི་ལེགས་བཤད་བློ་ལ་ངེས་ཡོད་མེད་ལ་བལྟས་པ་ཡིན་ཟེར་ན། ཚིག་རྒྱན་གྱི་དཔེར་བརྗོད་དེ་གཉིས་བསྟུད་མར་བཀོད་དོན་ཡང་དེ་བློ་ལ་ངེས་ཡོད་མེད་ལ་བལྟས་པ་ཨེ་ཡིན། དེ་གཉིས་སློབ་དེབ་ཏུ་བཀོད་དོན་ནི་དཔེར་བརྗོད་དེ་དག་ལ་བལྟས་ནས་རང་གི་དཔེར་བརྗོད་འཇོག་ཤེས་པའི་ཆེད་ཡིན་པ་ལས། བློ་ལ་འཛིན་དགོས་པའི་ཆ་རྐྱེན་མེད་པས་སློབ་བུ་མང་པོས་འདི་སྐོང་མི་ཤེས་པར་མ་ཟད། སེམས་ཁམས་ལ་གནོན་ཤུགས་ལྕི་མོ་ཞིག་སྟེར་བར་གདོན་མི་ཟ། འདི་ལྟ་བུ་འཇོག་པ་ནི་རྒྱུགས་གཞི་སྒྲིག་པ་པོས་སྒྱིད་ལུག་གི་རྣམ་པའམ། སྐད་ཡིག་ལ་སེམས་འཁུར་མེད་པ་ལྟར་ཡོངས་ཁྱབ་རང་བཞིན་མེད་པ་དང་གནད་གཙོ་བོ་མ་བཟུང་བའི་སྐྱོན་དུ་སྣང་།

2017ལོའི་རྒྱུགས་གཞི་དེའི་ཁ་སྐོང་གི་དྲི་བ28དང29པར་ཡང་། རྟགས་འཇུག་རྩ་ཚིག་ལས་ཚན་པ་ཞིག་དང་ལེགས་བཤད་ཚན་པ་གཉིས་བསྟུད་མར་བཀོད་དེ་རྫོགས་པར་བྱས་ཡོད་པས། རྒྱུགས་གཞི་འདི་ལའང་ཡོངས་ཁྱབ་རང་བཞིན་མི་སྣང་བས་ལེ་ལོ་ཅན་གྱི་ཆོ་ལོ་ཞིག་འདོགས་འོས་སོ། །

༧. ཆུ་ཚོད་བཀོད་སྒྲིག་གིས་མི་འདང་བ།

རྒྱུགས་གཞི་ལ་ལར་ཚིག་སྦྱོར་སྤེལ་བའི་སྐབས་སུ། ཚིགས་བཅད་འབྲི་དགོས་པའི་ཆ་རྐྱེན་ཡང་བཏོན་ཡོད་པས་དེ་ལ་བསམ་བློ་ཞིག་ཐོངས་དང་། ཁྱོད་ཀྱིས་ཚིག་བཅད་ཅིག་འབྲི་དགོས་ན་སྐར་ཆ་དུ་དགོས་པ་རང་གིས་ལོས་ཤེས། ད་དུང་རྒྱུགས་གཞི་ལ་ལར་ཚིག་སྦྱོར་སྤེལ་བ་གཉིས་རེ་བཞག་ཡོད་དེ་དཔེར་ན། 2015ལོའི་རྒྱུགས་ཡིག་ཏུ་དྲི་ལན་འདེབས་པ་གསུམ་གྱི་རྗེས་སུ།“དྲུག་པ། ཚིག་སྦྱོར་སྤེལ་བ།(སྐར་མ20)33.མཐོ་རྒྱུགས་ནི་རྒྱུགས་ཞུགས་པ་དག་ལ་མཚོན་ན་མི་ཚེའི་དཀྱོགས་མཚམས་ཆེན་པོ་ཞིག་ཏུ་གྱུར་ཅིང་། དེའི་ཆེད་དུ་འབད་བརྩོན་དང་དཀའ་སྡུག་མི་ཉུང་བ་ཞིག་གདོང་ལེན་བྱས་མྱོང་བས། འདིར་ད་ལོའི་མཐོ་རྒྱུགས་ལ་གྲ་སྒྲིག་བྱེད་པའི་གནས་ཚུལ་ངོ་སྤྲོད་ཅིག་ཕྲིས། ཡིག་འབྲུ70ལོང་དགོས།(སྐར་མ8)”ཞེས་དང་།“34.ང་ཚོར་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཚང་མ་དགེ་རྒན་གྱི་བཀའ་དྲིན་ལས་རྙེད་པ་ཡིན་པས། བསྔགས་འོས་པའི་གནས་སུ་ཆེ་ལ། དེས་ན་འདིར་རང་གི་དགེ་རྒན་སྤྱི་ལ་བསྔགས་པའི་སྙན་ཚིག་ཤོ་ལོ་ཀ་གཉིས་ཕྲིས།(སྐར་མ6)”ཞེས་དང་། “35.སློབ་གྲྭས་མཐར་ཕྱིན་འཛིན་གྲྭ་དག་གི་ཁྱིམ་མི་དང་དགེ་སློབ་མཉམ་འཛོམ་གྱི་ཚོགས་འདུ་ཞིག་བསྡུ་བའི་འཆར་གཞི་ཡོད་པས། ཁྱོད་ཀྱིས་འདིའི་ཐད་ཀྱི་བརྡ་སྦྱོར་ཡི་གེ་ཞིག་ཕྲིས། ཡིག་འབྲུ30ལོང་དགོས། (སྐར་མ6)”འདི་ལྟར་བཀོད་པའི་རྗེས་ན་ད་དུང་རྩོམ་ཡིག་འབྲི་རྒྱུའང་ཡོད་པས། འདི་འདྲའི་འབྲི་རྒྱུ་མང་པོ་ཞིག་བཀོད་ན་ཆུ་ཚོད་ཀྱིས་འདིང་ངམ། ཕལ་ཆེར་རྒྱུགས་གཞི་སྒྲིག་པ་པོས་བསམ་བློ་བཏང་མེད་པ་འདྲ། ཆུ་ཚོད་བཀོད་སྒྲིག་འོས་འཚམ་ཞིག་བྱ་རྒྱུ་ནི། རྒྱུགས་གཞི་སྒྲིག་པ་པོ་རྣམས་ཀྱིས་ངེས་པར་དུ་ཡིད་འཇོག་བྱེད་དགོས་པ་ཞིག་རེད།

གཉིས་པ། ནོར་སྐྱོན་གྱི་འབྱུང་གཞི་དང་དག་སེལ་སྐོར་གླེང་བ།

དེ་ཡང་གོང་དུ་ཕྱོགས་ཙམ་རེ་གླེང་ཟིན་ནའང་གལ་བོ་ཆེ་ལ་ནན་ཏན་དང་། དམ་པའི་ཆོས་ལ་བརྒྱ་ཚར་གྱི་དཔེ་ལྟར་གླེང་ན། ལོ་རེ་རེའི་རྒྱུགས་གཞི་ནང་དུ་སྐྱོན་གཏན་ནས་མེད་པ་ཞིག་མི་སྲིད་ནའང་། གོང་གསལ་གྱི་སྐྱོན་དེ་དག་ནི་སྐྱོན་ཆེན་ཡིན་པས་ངེས་པར་དུ་སྤང་དགོས་པར་མ་ཟད། སྐྱོན་དེ་རྣམས་དག་ཐེར་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཡིན།

སྤྱིར་ན་རྒྱུགས་གཞི་སྒྲིག་པ་པོ་ཞིག་ཡིན་ན་དམའ་འབྲིང་གི་སློབ་དེབ་དེབ་དྲུག་དང་མཐོ་འབྲིང་གི་ངེས་སྦྱོང་དེབ་ལྔ། འདེམ་སྦྱོང་དེབ་གསུམ་བཅས་ཡོད་ཚད་བློ་ལ་ངེས་དཀའ་ཡང་མཐོ་འབྲིང་གི་དེབ་རྣམས་ངེས་པར་དུ་བྱང་ཆ་ལྡན་དགོས་པ་རེད། མཐོ་འབྲིང་གི་སློབ་དེབ་ནང་དུ་རིག་གནས་བཅུ་པོ་རགས་ཙམ་ངོ་སྤྲོད་བྱས་ཡོད་པར་མ་ཟད། ལེགས་བཤད་དང་རྩོམ་འབྲི་ཕྱོགས་ནས་རྒྱལ་ཁབ་ཕྱི་ནང་གི་མཁས་པས་བརྩམས་པ་གང་མང་ཡང་ཡོད་པས། རྒྱུགས་ཡིག་བཅའ་ཚེ་དེ་ཡོད་ཚད་ལ་བསམ་བློ་གཏོང་དགོས་པ་རེད། རྨང་གཞི་དེའི་སྟེང་ནས་ཐོག་མར་ས་བཅད་འགོད་དགོས་པ་དང་། ས་བཅད་རེ་རེས་སྐར་ཅི་ཙམ་ཟིན་དུ་འཇུག་རྒྱུའང་ཐག་གཅོད་དགོས། ཉེ་བའི་ལོ་འགའི་རྒྱུགས་ཡིག་ལ་བལྟས་ན་ས་བཅད་བརྒྱད་དུ་དབྱེ་ཡོད་དེ།

དང་པོ་ཡི་གེའི་དག་ཆ་ལ་བརྟག་པ་དང་། གཉིས་པ་མིང་ཚིག་ཡི་གེའི་དོན་གྱི་གོ་བར་བརྟག་པ། གསུམ་པ་ཡི་གེ་བཀོལ་སྤྱོད་ཀྱི་ནུས་པར་བརྟག་པ། བཞི་པ་བརྡ་སྤྲོད་ཀྱི་ཤེས་བྱ་རྟོགས་ཚད་ལ་བརྟག་པ། ལྔ་པ་ཚད་མ་རིག་པའི་ཤེས་བྱ་ཁོང་དུ་ཆུད་ཡོད་མེད་ལ་བརྟག་པ། དྲུག་པ་ཚིག་རྒྱན་ཤེས་བྱ་ཁོང་དུ་ཆུད་ཚད་དང་བཀོལ་སྤྱོད་ཀྱི་ནུས་པར་བརྟག་པ། བདུན་པ་སློབ་ཚན་ནང་གི་ཤེས་བྱ་རྟོགས་ཚད་ལ་བརྟག་པ། བརྒྱད་པ་རྩོམ་འབྲི་ལ་བརྟེན་ནས་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ཤེས་བྱའི་ཆུ་ཚད་ལ་བརྟག་པ་སྟེ་བརྒྱད་ཙམ་གྱིས་གྲུབ་ཡོད་པས། ཐོག་མར་རང་ནས་ཀྱང་འདི་ལྟར་ས་བཅད་བགོ་བ་དང་ས་བཅད་རེས་སྐར་མ་ཟིན་ཚད་གཏན་ཁེལ་བྱས་ན། གོང་དུ་གླེང་ཟིན་པའི་ཕྱོགས་རེ་ཅན་གྱི་དྲི་བ་ལ་གཞོལ་ཐུབ། དེ་ལྟར་མིན་པར་ཐད་ཀར་འདྲི་ཚིག་འདོན་པ་ལ་ཞུགས་ནས་དྲིས་ལན་འདེམ་པ། ཁ་སྐོང་བ། ལྟ་ཀློག་དབྱེ་ཞིབ། ཚིག་གྲུབ་བཟོ་བ། རྩོམ་ཡིག་འབྲི་བ་བཅས་ལ་ཞུགས་ན་ནི། ཉེ་སྔོན་བསྒྲིགས་ཟིན་པའི་རྒྱུགས་དག་ལ་ལྟོས་དང་བཀླགས་མ་ཐག་ནས་རྒྱུགས་གཞི་འདོན་པ་པོ་འདིའི་ཆེད་ལས་ལོ་རྒྱུས་མིན་ན། ལོ་རྒྱུས་ལ་དགའ་བ་ཞིག་ཡིན་པ་ཐག་གཅོད་ཐུབ་ལ། རྒྱུགས་གཞི་ལ་ལ་ནི་ཤོག་ངོས་དང་པོ་བཀླགས་མ་ཐག་ནས་རྒྱུགས་གཞི་འདི་ཕུད་མཁན་ནི། སུམ་རྟགས་ཀྱི་དགེ་རྒན་ཞིག་རེད་ཅེས་ཁ་ཚོན་གཅོད་ཐུབ་པས་རེ་རེ་བཞིན་གླེང་ན་ཉོག་པར་འགྱུར་བས་འདིར་མི་སྤྲོ།

རྒྱུགས་གཞི་སྒྲིག་པ་པོ་རང་ཉིད་གང་ལ་དགའ་བ་དང་ཆེད་ལས་གང་ཡིན་གྱི་ཕྱོགས་སུ་མ་ཞེན་པར། སློབ་འབྲིང་སློབ་དེབ་དང་རྨང་གཞི་ཤེས་བྱ་སྤྱི་ལ་དམིགས་ནས་རྒྱུགས་ཡིག་བསྒྲིག་དགོས་སྙམ་པ་ནི་དང་པོ་དང་། གཉིས་པ་གོང་དུ་གླེང་བའི་དྲི་བ་ནོར་འཁྲུལ་ཅན་ནི་གཙོ་བོ་རྒྱུགས་ཡིག་འདོན་པ་པོས་ནན་ཏན་མ་བྱས་པ་ལས་བྱུང་བར་མངོན་ཏེ། དེ་མ་གཏོགས་ཁ་བྱང་དུ་གདམ་བྱ་གཅིག་ཡོད་ཅེས་བརྗོད་རྗེས། དྲིས་ལན་ནང་གདམ་རྒྱུ་གཉིས་རེ་ཐོན་པ་འདི་འདྲ་མང་པོ་ཞིག་ཐོན་རྒྱུ་མ་རེད་སྙམ། གཞན་ཡང་སློབ་དེབ་ལས་ཇི་བཞིན་བཀོད་ནའང་སློབ་དེབ་ནང་གི་ནོར་འཁྲུལ་ལ་གཡོལ་ཅི་ཐུབ་བྱེད་དགོས། དེ་མིན་ཚེ་མཐོ་འབྲིང་གི་སློབ་དེབ་ནང་དུ“མེ་ཏོག་ལ་མེ་ཏོ”དང“ཁ་བ་ལ་ཁ་བབ”།“རྟགས་རིག་ལ་རྟགས་རིགས”སོགས་མིང་ནོར་བ་ཅན་དང་། “ཁྱད་ཆོས་སྟོན་པའི་ཐ་སྙད་ཁྱད་གཞི་སྟོན་པའི་ཐ་སྙད་ཀྱི་སྔོན་དུ་སྦྱར་བ་དཔེར་ན། ལྷ་ཡི་དགའ་ཚལ་ལྟ་བུ”ཞེས་ཚིག་ནོར་བ་ཅན་ཡོད་པར་མ་ཟད། མཚན་ཉིད་ནོར་བ་ཅན་ཡང་ཡོད་དེ། མཐོ་འབྲིང་གི་སློབ་དེབ་དེབ་ལྔ་པའི་ནང་གི་འགལ་འབྲེལ་བཤད་པ་ལས་འབྲེལ་པ་བཤད་པ་ཞེས་པའི་སྐབས་སུ“འབྲེལ་པའི་མཚན་ཉིད་ཡོད་དེ། ཁྱད་ཆོས་དེ་ཐ་དད་ཆོས་དེ་ལྡོག་སྟོབས་ཀྱིས་ཁྱོད་ལྡོག་དགོས་པའི་ཁྱད་ཆོས་དེ། འབྲེལ་པའི་མཚན་ཉིད།”ཅེས་པ་ལྟ་བུའང་ཡོད་པས། རྒྱུགས་གཞི་སྒྲིག་པ་པོ་དག་གིས་དཔེ་དེབ་ངོས་ལས་ཇི་བཞིན་བཤུས་ནའང་། ནོར་བ་ཅན་འདི་འདྲ་བྱུང་ཉེན་ཆེ་བས་གཟབ་ནན་གྱིས་ཡང་ལྟ་བསྐྱར་ལྟ་བྱས་ཏེ་ནོར་འཁྲུལ་ལ་ཡོལ་ཅི་ཐུབ་བྱེད་དགོས།

གསུམ་ནས་སློབ་མ་ལ་ལྟོས་ཏེ་སྒྲིག་མེད་པའི་སྐྱོན་འདི་ནི་རྒྱུགས་ཡིག་འདོན་པ་པོས་སློབ་དེབ་ལས་རྩོམ་ཡིག་ཀློག་པའི་ཚེ་ན། རང་ཉིད་ཡིད་འགུགས་ཐེབས་ས་དེ་ཁ་སྐོང་དུ་འཇོག་པའམ། ཡང་ན་སློབ་ཚན་འདིར་བོད་སྐད་ཡིག་དང་ཀུན་སྤྱོད་སྐོར་བརྗོད་ཡོད་པས་གལ་ཆེན་རེད་སྙམ་ནས། དྲི་བ་དྲིས་ལན་དུ་བཀོད་པའང་ཕྱོགས་ཞེན་དུ་ཤོར་བ་ཡིན་ཏེ། དཔེར་ན་གོང་དུ་གླེང་བའི“《དྭགས་པོ་མི་རིགས་ཀྱི་གནད་དོན་སྐོར་གླེང་བ》ཡི་སྒྲུབ་བྱེད་བཞི་གང་དག་ཡིན”ཞེས་པ་ལྟ་བུའི་དྲི་བ་ནི་གཙོ་ཆེ་ནའང་། དགེ་རྒན་རྣམ་པས་འཁྲིད་པའི་དུས་སུ་སློབ་དེབ་སྟེང་གི་སློབ་ཚན་ཡོད་ཚད་གཙོ་གནད་དུ་བཟུང་ནས་འཁྲིད་པ་ལས་ཕྱོགས་རིས་གང་ཡང་བཟུང་མེད་པས་ན། སློབ་མས་སློབ་ཚན་ཡོད་ཚད་ལ་དབྱེ་ཞིབ་བྱེད་ཤེས་པ་ལས་སློབ་ཚན་ཡོད་ཚད་བློ་ལ་བྱང་མེད་པ་དེ་ང་ཚོས་ཤེས་དགོས། རྒྱུགས་ཡིག་འདོན་པ་པོས“སློབ་ཚན་ནང་སྒྲུབ་བྱེད་བཞི་བཀོད་ཡོད་པ་གང་དག་ཡིན”ཞེས་པ་ལྟ་བུ་ནི། སློབ་ཚན་དེ་བཀླགས་ནས་ལྟ་དགོས་པ་ཞིག་ལས། གང་དག་ཡིན་ཞེ་ན་འབྲི་ཐུབ་མཁན་རེ་གཉིས་ཙམ་ལས་མི་མངའ་བས། དེ་ལྟ་བུའི་གནད་དོན་ལའང་བསམ་གཞིག་བྱས་ཏེ་འདྲི་གཞི་འདི་ལྟ་བུ་ལྟ་ཀློག་ཏུ་བཀོད་སྒྲིག་བྱེད་པ་ལས། དྲི་ལན་འདེབས་པ་ལྟ་བུར་འཇོག་མི་རུང་བ་ཤེས་དགོས།

བཞི་ནས་ཁུངས་མེད་པའི་དྲི་བ་ཞེས་པ་ནི་གོང་ནས་གླེང་ཟིན་པ་ལྟར། རྒྱུགས་ཡིག་སྟེང་གི་དྲི་བ་རྣམས་ནི་སློབ་ཆུང་ནས་མཐོ་འབྲིང་ལོ་གསུམ་གྱི་སྐད་ཡིག་དེབ་ཉེར་དྲུག་གི་ནང་གི་བསླབས་ཟིན་པའམ་མཐོང་ཟིན་པ་དག་བཀོད་སྒྲིག་བྱེད་དགོས་པ་ལས། གཞན་པའི་སློབ་མའི་མཐོང་ཆོས་ཀྱི་ཡུལ་དུ་མ་གྱུར་པའི་གཞུང་ལུགས་དང་། ལོ་རྒྱུས་སོགས་ལས་དྲངས་ན་མི་ལེགས་ཏེ། རྒྱུགས་ཡིག་ནི་སློབ་མ་བཟང་ཤོས་ཀྱིས་འབྲི་ཐུབ་པ་ཞིག་ཡིན་དགོས་ལ། སློབ་མ་ལེགས་གྲས་ཀྱིས་ཀྱང་འབྲི་མ་ཤེས་ཚེ། དེ་ནི་རྒྱུགས་དེའི་དྲི་བའི་སྐྱོན་ཡིན་པ་ལས་སློབ་མ་ལ་ཡོན་ཏན་མེད་པའི་སྐྱོན་མིན་པས་ན། དྲི་བ་ཡོད་ཚད་སློབ་དེབ་དང་སློབ་མའི་མིག་ཁར་རྒྱུ་མྱོང་བའི་ཁུངས་ནས་བཅའ་དགོས་སྙམ།

ལྔ་པ་ངེས་སྦྱོང་དང་འདེམ་སྦྱོང་གི་དབྱེ་བ་བསྲེས་པ་དེའང་སྐྱོན་ཆ་ཞིག་ཡིན་ཏེ། ངེས་སྦྱོང་ནི་མཐོ་འབྲིང་སློབ་མས་ངེས་པར་དུ་སྦྱོང་དགོས་པ་དང་། དེ་ལ་དེབ་ལྔ་ཡོད་པ་ཚང་མ་སློབ་དགོས་པར་མ་ཟད། རྒྱུགས་ཡིག་ཏུའང་དེབ་ལྔ་ཡོད་ཚད་ལས་བཅོས་ཆོག འདེམ་སྦྱོང་ནི་བདམས་ནས་སློབ་ཆོག་སྟེ། དེ་ལ《སྐད་དང་ཡི་གེའི་ཉེར་སྦྱོད》《རིག་གནས་བསྟན་བཅོས་དཔྱད་ཀློག》《རྩོམ་རིག་བརྩམས་ཆོས་དཔྱད་ཀློག》བཅས་དེབ་གསུམ་ཡོད་ལ། དེ་ལས་དེབ་གཅིག་གདམ་གསེས་བྱས་ཏེ་བསླབས་ན་ཆོག་པས། རྒྱུགས་ཡིག་སྒྲིག་པ་པོས་ངེས་པར་དུ་ཤེས་དགོས་པའི་གནད་ཅིག་ཡིན། རྒྱུགས་ཡིག་འདོན་པ་པོས་དེ་ལ་བསམ་བློ་བཏང་སྟེ་སོ་སོར་རྐྱ་བཀར་ནས་བསྒྲིག་དགོས། དེ་ལྟར་མ་བྱས་པར་རྒྱུགས་ཡིག་ལ་ལར་གཉིས་བསྲེས་པ་དང་ལ་ལར་གསུམ་ག་བསྲེས་པ། ལ་ལར་ཆིག་རྐྱང་བཀོད་ཡོད་པའང་ཡོད་པས། ངེས་པར་སྐྱོན་དེ་དག་སྤངས་ཏེ་འདེམ་སྦྱོང་དེབ་གསུམ་རེ་རེ་ནས་དྲི་བ་བཀོད་དེ། དེ་གསུམ་ལས་བདམས་ནས་དྲིས་ལན་འདེབ་ཏུ་འཇུག་པ་ནི་སྐྱོན་མེད་ཡིན་པས། དེ་ལྟར་རྒྱུགས་ཡིག་བཅོས་ན་ལེགས་པར་སྙམ།

དྲུག་པ་ཡོངས་ཁྱབ་རང་བཞིན་མེད་པའི་དྲི་བ་ནི། གཙོ་བོ་རྒྱུགས་ཡིག་སྒྲིག་པ་པོས་ལེ་ལོ་དང་ཕྱོགས་ཞེན་ལས་སྒྲིག་པ་ཞིག་རེད་སྙམ། མཐོ་འབྲིང་སློབ་དེབ་ནང་དུ་ཕལ་ཆེར་བོད་ཀྱི་རིག་གནས་བཅུ་འདུས་པས། ཁ་སྐོང་དུའང་དེའི་སྐོར་གྱི་ཕྱོགས་འདུས་ཤིག་བཀོད་དགོས་པ་ལས། རིག་གནས་གཅིག་གམ་རེ་གཉིས་ཁོ་ན་ནས་བཀོད་ན་མི་འགྲིག གོང་དུ་གླེང་ཟིན་པ་ལྟར་ལོ་འགའི་རྒྱུགས་གཞི་རུ། ཚིག་རྒྱན་གྱི་དཔེར་བརྗོད་གཉིས་དང་ལེགས་བཤད་ཚན་པ་གཉིས་ཀྱིས་ཁ་སྐོང་རྫོགས་པར་བྱས་ཡོད་པས། དེ་ནི་རྒྱུགས་ཡིག་བཅའ་བ་པོས་དཔེ་དེབ་གཅིག་བཀླགས་པ་ལས་གཞན་བཀླག་མ་འདོད་པའི་སྒྱིད་ལུག་ལས་བྱུང་བ་ཡིན་རྐྱེན། རྒྱུགས་ཡིག་སྒྲིག་པ་པོས་རྒྱུགས་གཞི་འདོན་དུས་ལེ་ལོས་མ་བཅིངས་པར་ཁ་སྐོང་དུ་ནང་དོན་མང་པོ་མེད་ནའང་རིགས་གཅིག་ནས་མི་བཀོད་པར། ཚིག་རྒྱན་ཤེས་བྱ་ཡིན་ན་དེའི་ནང་ནས་ཚན་པ་གཅིག ལེགས་བཤད་ཁ་སྐོང་ལས་ཤོ་ལོ་ཀ་གཅིག སུམ་རྟགས་ལས་ཚན་པ་གཅིག ཚད་མ་རིག་པ་ལས་ཚན་པ་གཅིག་ལྟ་བུ་བཞིན་བཀོད་ན། ཡོངས་ཁྱབ་རང་བཞིན་དང་ཕྱོགས་འདུས་རང་བཞིན་ཡོད་པས་རྒྱུགས་ཡིག་ལེགས་པོ་ཞིག་བསྒྲིག་ན་དེ་ལྟར་འདོན་དགོས།

བདུན་པ་ཆུ་ཚོད་བཀོད་སྒྲིག་གིས་མི་འདང་བ་ཟེར་བ་ནི། བོད་ཡིག་གི་རྒྱུགས་ཡིག་ཕལ་ཆེ་བ་དེར་སྟོང་ཆ་སྐོང་བ་དང་དྲི་ལན་འདེབས་པ། ཚིག་གྲུབ་བཟོ་བ། ཚིག་སྦྱོར་སྤེལ་བ་བཅས་གཞན་གྱི་རྒྱུགས་ཡིག་ན་མེད་པ་སྐོར་ཞིག་འཇོག་བཞིན་ཡོད་པས། འདི་དག་འཇོག་པའི་ཚེ་ན་ཆུ་ཚོད་བཀོད་སྒྲིག་ལ་ངེས་པར་དུ་བསམ་བློ་གཏོང་དགོས་པ་རེད། ལོ་རེའི་བོད་ཡིག་གི་རྒྱུགས་ལེན་ལ་ཉེ་བའི་དུས་སུ། དགེ་རྒན་རྣམས་ཀྱིས་སློབ་མ་ལ་བོད་ཡིག་གི་སྐབས་སུ་དུས་ཚོད་ལ་དམ་འཛིན་བྱེད་དགོས་ཚུལ་དང་། ན་ནིང་ལོར་སློབ་མ་ཆེ་གེ་མོ་ཞིག་གིས་དུས་ཚོད་ཀྱི་དབང་གིས་རྩོམ་ཡིག་མ་བྲིས་ཚུལ། འགའ་རེར་བསྐྱར་ལྟ་བྱེད་པའི་ཆུ་ཚོད་ཀྱིས་མ་འདང་བས། བར་ནས་འགའ་རེ་ལུས་སོང་ཚུལ་སོགས་རྒྱུ་རྐྱེན་གང་མང་ཞིག་བརྗོད་རྒྱུ་ཡོད་པར་མ་ཟད། རྒྱུགས་རའི་ནང་དུ་བོད་ཡིག་གི་རྒྱུགས་ལེན་དུས་རྒྱུགས་ལེན་གྱི་དུས་ཚོད་རྫོགས་པའི་བརྡ་བཏང་ནའང་། སློབ་མ་མང་པོ་ཞིག་གཞུག་ན་ལུས་ཡོད་པ་ནི་དགེ་རྒན་ཞིག་ཡིན་ན་སུ་ལའང་ཆ་རྒྱུས་ཡོད། རྒྱུགས་སྤྲད་པའི་རྗེས་སུ་དགའ་བ་ཞིག་ཕར་ཕྱོགས་སུན་སྣང་གིས་ཁེངས་པའི་རྣམ་པ་ཞིག་མངོན་ཡོད། དེའང་བོད་ཡིག་གི་འདྲི་གཞི་དཀའ་སོང་བའི་དོན་མ་ཡིན་པར་ཆུ་ཚོད་ཀྱིས་མ་འདང་བའི་དོན་ཡིན། དེ་ཡང་ཡིན་ཏེ་གོང་དུ་གླེང་ཟིན་པ་ལྟར་རྒྱུགས་གཞི་ལ་ལར་ཚིག་སྦྱོར་སྤེལ་བ་གསུམ་རེ་ལས་གཅིག་ལ་ཚིགས་བཅད་གཉིས་རེ་འབྲི་བའི་རེ་བའང་བཏོན་ཡོད་ན། དེས་ཀྱང་ཕལ་ཆེར་ཡིག་འབྲུ་སུམ་བརྒྱ་ཙམ་ཟིན་ཡོད་ལ། དེའི་སྟེང་རྩོམ་ཡིག་གི་ཡིག་འབྲུ་དྲུག་བརྒྱ་ལྷག་བསྣན་ན། ཡིག་འབྲུ་དགུ་བརྒྱའམ་སྟོང་ཙམ་ལ་འབུད་པས། ཡིག་འབྲུ་སྟོང་ཅན་གྱི་རྩོམ་ཡིག་ཅིག་འབྲི་དགོས་ན། དེ་ལ་ཆུ་ཚོད་ཅི་ཙམ་དགོས་པར་རྒྱུགས་གཞི་སྒྲིག་པ་པོས་བསམ་བློ་བཏང་ཡོད་དམ། རྒྱུན་ལྡན་ལྟར་ན་ཆུ་ཚོད་སྐར་ཆ་གཅིག་གི་ནང་དུ་ཡིག་འབྲུ་བཅུ་ཙམ་འབྲི་བ་ལྟར་ན། ཡིག་འབྲུ་སྟོང་ཅན་ཞིག་ལ་སྐར་མ་བརྒྱ་ཙམ་དགོས་པས་ཅི་ལྟར་བྱ། རྒྱུགས་ཡིག་ཡོད་ཚད་འབྲི་ནའང་སྐར་མ་བརྒྱ་དང་ཉི་ཤུ་ནང་འགྲུབ་དགོས་པས། ཁྱོད་ལྟར་ན་ལྷག་མའི་སྐར་ཉི་ཤུ་ནང་དུ་རྩོམ་ཡིག་ལས་གཞན་ཡོད་ཚད་བྲིས་ཚར་རམ་མི་ཚར། དེར་བརྟེན་ཁྱོད་ལ་བཅའ་ཁོམ་ཡོད་ཀྱང་སློབ་མ་ལ་འབྲི་ཁོམ་མེད་པས། འདི་ལའང་བསམ་གཞིག་ལེགས་པར་བཏང་ནས་སློབ་མར་འགྲིག་པའི་ཆུ་ཚོད་ཅིག་བཀོད་སྒྲིག་བྱ་རྒྱུ་གལ།

གཞན་ཡང་ང་ཚོའི་རྒྱུགས་ཡིག་ཏུ་ཚིག་གྲུབ་བཟོ་བ་འཇོག་པ་ནི། འོས་པ་ཞིག་མ་ཡིན་ཏེ་རྒྱུགས་གཅིག་ཏུ་ཚིག་གྲུབ་བཟོ་བ་དང་། རྩོམ་ཡིག་འབྲི་བ་གཉིས་མཉམ་དུ་འཇོག་པ་ནི་འོས་མོར་མ་མཐོང་སྟེ། ཚིག་གྲུབ་བཟོ་བ་ནི་སློབ་ཆུང་གི་ལས་བྱ་ཡིན་པས་སོ། ། རྩོམ་ཡིག་འབྲི་ཤེས་པ་ཞིག་གིས་ཚིག་གྲུབ་བཟོ་ཤེས་ལ། ཚིག་གྲུབ་བཟོ་མི་ཤེས་པ་ཞིག་གིས་རྩོམ་ཡིག་ཀྱང་འབྲི་ག་ལ་ཤེས།

མདོར་ན། རྒྱུགས་གཞི་སྒྲིག་པ་པོ་སུ་དང་སུ་ཡིན་རུང་། ལོ་སྔོན་མའི་རྒྱུགས་ཡིག་ལས་བཟང་ལེན་ངན་འདོར་བྱས་ཏེ། རྒྱུགས་གཞི་ལ་དྲིས་ལན་འདེམ་པ་དང་དྲིས་ལན་འདེམ་པ་མིན་པ་གཉིས་སུ་དབྱེ་ཞིང་། དང་པོའི་ནང་དུ་སྐད་དང་ཡི་གེའི་ངོས་འཛིན་གཙོ་བྱས་པའི་སློབ་འབྲིང་སྐད་ཡིག་ནང་གི་ཤེས་བྱའི་སྐོར་དང་། ལྟ་ཀློག་དབྱེ་ཞིབ་དང་འདེམ་སྦྱོང་གི་སྐོར་འདེམ་སྦྱོང་གི་དོན་དང་མཐུན་པར་བཀོད་དགོས། གཉིས་པའི་ནང་དུ་སློབ་ཚན་ནང་གི་ངེས་པར་དུ་བློར་འཛིན་དགོས་པའི་སྐོར་བསྐྱར་ཟློས་མེད་པར་ཁ་སྐོང་དུ་བཀོད་པ་དང་། དེའི་རྗེས་སུ་ཐད་ཀར་རྩོམ་ཡིག་འབྲི་རྒྱུ་བྱས་ནའང་ལེགས་ལ། གལ་ཏེ་ཚིག་སྦྱོར་སྤེལ་བ་འཇོག་ན་གཅིག་ཙམ་གྱིས་ཆོག་པར་འདོད་ལ། དེ་ཡང་ཚིགས་བཅད་ཅིག་ཡིན་ན་རྩོམ་ཡིག་ཚིག་ལྷུག་ཡིན་པས་ཧ་ཅང་འགྲིག་སྙམ། གང་ལྟར་རང་གི་བློ་གྲོས་ཀྱི་རྩལ་དང་མི་རིགས་གཞན་གྱི་རྒྱུགས་ཡིག་ལ་ཟུར་ལྟ་བྱས་ཏེ། ཚན་རིག་རང་བཞིན་ཅན་གྱི་རྒྱུགས་ཡིག་ཡང་དག་ཅིག་ཕུད་རྒྱུ་ནི་རྒྱལ་ཁབ་དང་ཁྱིམ་བདག་སློབ་མ་བཅས་ཀྱི་རེ་བ་ཡིན་ནོ། །


* ཕག་མོ་བསམ་གྲུབ། གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོར་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1