པཎ་ཆེན་རིན་པོ་ཆེ་ལྷ་སར་རྟོག་ཞིབ་གནང་བར་ཕེབས།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-19


     ཟླ་6ཚེས་11ཉིན། དྲོད་འཇམ་ཉི་མ་ཤར་ཞིང་དབྱར་གྱི་རྣམ་པ་རབ་ཏུ་བཀྲ་བའི་ཉིན་མོ་དེར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གནམ་གྲུར་བཞུགས་ནས་ལྷ་སར་ཕེབས་པ་རེད། 
     པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་བཞུགས་པའི་གནམ་གྲུ་ལྷ་སའི་གོང་དཀར་གནམ་ཐང་དུ་འབྱོར་དུས། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དགའ་བསུ་ཞུ་བའི་རུ་ཁག་གི་མདུན་དུ་ལངས་ནས་ཕེབས་བསུ་ཞུས་པ་རེད། 
     དགའ་བསུ་མཛད་སྒོ་སྤེལ་རྗེས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་འཁོར་དང་བཅས་པ་ལྷ་ས་གྲོང་ཁུལ་དུ་ཡོད་པའི་པཎ་ཆེན་རིན་པོ་ཆེའི་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་ཕེབས་ཤིང་། བཞུགས་གླིང་རྡོ་རྗེ་ཕོ་བྲང་གི་མདུན་དུ་དགེ་འདུན་པ་ཚོས་ཐང་ལ་གཡུང་དྲུང་སོགས་བཀྲ་ཤིས་པའི་ཐིག་རིས་ཕབ་ཤིང་ཚོམས་ཆེན་བར་དུ་ས་གདན་བཏིང་ནས་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། ལྷ་སའི་གྲྭ་དམངས་འཐུས་མི་དང་དད་ལྡན་མང་ཚོགས་ཀྱི་འཐུས་མི་ཚོས་ལྷག་བསམ་རྣམ་དག་གི་སྒོ་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་མཇལ་པ་རེད། 
     པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དགའ་བསུ་ཞུ་བའི་སེར་སྐྱ་མང་ཚོགས་ཀུན་ལ་བྱམས་ཀྱིས་གཟིགས་ཤིང་ཕྱག་གཡུག་ནས་གུས་ལན་གནང་བ་དང་། ཚོམས་ཆེན་དུ་དལ་གྱིས་ཕེབས་པ་རེད། 

     1995ལོར། གསེར་བུམ་དཀྲུགས་ནས་ངོས་འཛིན་བྱས་ཤིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པར་བརྒྱུད། ལོ་5ལ་སླེབས་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་བཀྲ་ཤིས་ལྷུན་པོ་རུ་གདན་སར་བཀོད། 2015ལོར། བཀྲ་ཤིས་ལྷུན་པོར་པཎ་ཆེན་མཆོག་གདན་སར་བཀོད་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་གཟབ་རྒྱས་སྤེལ། 2016ལོར། པཎ་ཆེན་རིན་པོ་ཆེས་གཞིས་རྩེར་དུས་འཁོར་དབང་ཆེན་ཐོག་དང་པོ་སྐུར་བ་རེད།








དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1