ཆེས་ཐོག་མའི་སྡེ་དགེ་བོད་སྨན་སློབ་གྲྭའི་གནས་ཚུལ།

ཚེ་རིང་ཕུན་ཚོགས། བཀྲིས་རྣམ་རྒྱལ། ཚེ་དབང་སྟོབས་ལྡན། ཨོ་རྒྱན་བསྟན་འཛིན། སྡེ་དགེ་རང་སྨན་རྩིས་ཁང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25


  

དེ་ཡང་མདོ་ཁམས་ས་ཡི་ཐིག་ལེ་ཆོས་དང་རིག་གནས་ཀྱི་ལྟེ་བ་གནས་མཆོག་སྡེ་དགེ་ལ་ཟུར་ལུགས་གཙོ་བོར་གྱུར་པའི་གསོ་རིག་གི་བསྟན་པ་རིན་པོ་ཆེ་ནི་རྗེ་ཕག་མོ་གྲུ་པ་དང་སི་ཏུ་ཆོས་ཀྱི་འབྱུང་གནས་ནས་དབུ་ཚུགས་ཏེ་མཁྱེན་ཀོང་སོགས་དམ་པ་རྣམས་ཀྱི་ཐུགས་རྒྱུད་ལ་བརྟེན་ནས་གསོ་རིག་བསྟན་པ་དབྱར་མཚོ་ལྟར་རྒྱས་ཡོད། དེ་ལྟར་གསོ་རིག་གཙོས་རིག་གནས་ཡོངས་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཡོང་ཆེད། མཆོག་སྤྲུལ་ཨ་དཀོན་རིན་པོ་ཆེའི་ཐུགས་རྗེའི་ཕྲིན་ལས་དང་སྡེ་དགེ་རྫོང་ཏང་ཨུའུ་སྲིད་གཞུང་གི་རྒྱབ་སྐྱོར་ཐུགས་ཁུར་འོག་སྤྱི་ལོ་1991ལོའི་ཟླ་8པར་སྡེ་དགེ་བོད་སྨན་སློབ་གྲྭ་ཞེས་སློབ་མ་བཞི་བཅུ་ཙམ་ཡོད་པ་ཞིག་གནས་མཆོག་སྡེ་དགེ་རུ་དངོས་སུ་བཙུགས་པ་དང་། དབུ་ཚུགས་མཛད་སྒོའི་ཐོག་ཁྲོ་རུ་མཁན་ཆེན་ཚེ་རྣམ་རིན་པོ་ཆེ་དང་སྡེ་དགེའི་རྒྱལ་སྲས་དབུ་དགའ། སྤྲུལ་སྐུ་ཚ་ཚ་སྒྲུབ་རྒན་རིན་པོ་ཆེ། ཨ་དཀོན་རིན་པོ་ཆེ་སོགས་ཕེབས་ནས་རྟེན་འབྲེལ་གནང་ལ། མཁན་ཆེན་ཁྲོ་རུ་ཚེ་རྣམ་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་དང་བཀའ་སློབ། གསོ་རིག་རྒྱུད་བཞིའི་ཡ་གྱལ་དཔལ་ལྡན་རྩ་བའི་རྒྱུད་ཀྱི་ཁྲིད་ལུང་བཅས་བཀའ་དྲིན་བླ་ལྷག་ཏུ་བསྩལ། དེའི་ཕྱི་ལོ་སློབ་གྲྭ་རྒྱ་བསྐྱེད་བཏང་སྟེ་སློབ་མ་བཞི་བཅུ་ལྷག་བསྡུས་ནས་བསྡོམས་སློབ་མ་བརྒྱད་ཅུ་ཡོད་ཅིང་ལོ་ན་ཆེ་ཆུང་ལ་ལྟོས་ནས་འཛིན་གྲྭ་གཉིས་སུ་བགོས། དགེ་རྒན་གཙོ་བོ་ནི་སློབ་གྲྭའི་དབུ་འཛིན་དང་གསོ་རིག་དགེ་རྒན་གཅིག་ཆོག་བདུད་འདུལ། གསོ་རིག་དགེ་རྒན་དང་འཛིན་གྲྭའི་འགན་ཁུར་ཀརྨ་བསམ་གཏན། དེ་བཞིན་གསོ་རིག་དགེ་རྒན་ཚེ་གྲུབ་རྡོ་རྗེ། བཟོད་པ། བྲིས་ཀྱི་དགེ་རྒན་བྱང་དགའ། བདེ་ཆེན་སྒྲོལ་དཀར། སུམ་རྟགས་དག་གསུམ་གྱི་དགེ་རྒན་བསོད་ནམས་ཡོན་ཏན། ཀརྨ་རྒྱལ་མཚན། བོད་ཡིག་རྨང་གཞིའི་དགེ་རྒན་ལྕགས་རྡོ། རྒྱ་ཡིག་དགེ་རྒན་ཕིན་ཧུང་ཤིན་(彭洪兴)བཅས་རྫོང་སྲིད་གཞུང་དང་རིམ་པ་ཁག་གི་དབུ་ཁྲིད་ཀྱི་རྒྱབ་སྐྱོར་དང་ཐུགས་ཁུར་འོག་མཁས་བཙུན་བཟང་གསུམ་ལྡན་པའི་དགེ་རྒན་མང་པོ་བཀོད་བསྒྲིགས་གནང་ལ་སློབ་ཁང་དང་ཁོར་ཡུག་གང་ལེགས་བཀོད་བསྒྲིགས་གནང་། སློབ་གྲྭའི་སློབ་ཡུན་ལོ་དགུ་ལ་སློབ་ཆེན་སློབ་མའི་ཡོན་ཚད་ལོན་དགོས་པའི་བཀའ་གྲོས་གནང་པ་དང་འཛིན་གྲྭ་དང་པོ་1996ལོའི་ཟླ་7པར་དང་འཛིན་གྲྭ་གཉིས་པ་1997ལོར་ལོའི་ཟླ་7པར་སློབ་ཐོན་བྱས། སློབ་མ་དང་སློབ་གྲྭའི་འགྲོ་གྲོན་ཡོངས་ཨ་དཀོན་རིན་པོ་ཆེས་གནང་བ་མ་ཟད་ཟླ་རེར་སློབ་མ་རེར་འཚོ་བའི་ཁ་སྣོན་ཀྲུང་སྒོར་བརྒྱད་ཅུ་ལྷག་གནང་། སློབ་མའི་འབྱུང་ཁུངས་གཙོ་བོ་ནི་ཆབ་མདོ་དང་ནང་ཆེན། དཀར་མཛེས། དར་མདོ། དཔལ་ཡུལ། སྡེ་དགེ་བཅས་ནས་ཡིན་པའི་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་ཞན་ཞིང་སློབ་སྦྱོང་གི་གོ་སྐབས་དབེན་པ་དང་འཚོ་བར་དཀའ་ངལ་ཡོད་པ་སློབ་ཡོན་སོགས་སྤྲོད་མི་ཐུབ་པ་དང་དྭ་ཕྲུག་བཅས་གཙོ་བོ་ཡིན།


  སློབ་ཚན་བཀོད་སྒྲིག་ཐད་ཐོག་མ་རྒྱ་ཡིག་འབྲི་ཀློག་དང་བོད་ཡིག་སུམ་རྟགས་དག་གསུམ་གཙོས་རྨང་གཞི་དང་། སྙན་ངག་མངོན་བརྗོད་སྐར་ནག་རྩིས་སོགས་རིག་གནས་སྤྱི། གསོ་རིག་སྐོར་རྒྱུད་བཞི་ལས་རྩ་རྒྱུད་གཙོས་རྩ་གནད་ཆེ་བ་དག་བློ་འཛིན་བྱེད་དུ་བཅུག །དེ་ནས་རིམ་པས་རྒྱུད་ཚིག་འབྲུ་འགྲེལ་ཞིབ་འགྲེལ་གནང་བ་མ་ཟད། ཀོང་སྤྲུལ་ཟིན་ཏིག་གཙོས་རྒྱུད་ཀྱི་ཆ་ལག་གལ་ཆེ་བ་དག་ཀྱང་ཞིབ་ཁྲིད་གནང་། ལོ་མཐའ་མར་དགེ་རྒན་ཚེ་གྲུབ་རྡོ་རྗེ་མཆོག་ནས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་དངོས་དང་སྨན་ངོ་ངོས་འཛིན། སྡེ་དགེ་རྫོང་མི་དམངས་སྨན་ཁང་དང་བོད་སྨན་ཁང་དུ་དངོས་སྦྱོང་འཐུས་ཚང་བྱས། །

  སློབ་མཐར་ཕྱིན་རྗེས་སློབ་མཇུག་སྒྲིལ་བའི་ལག་ཁྱེར་སྤྲོད་ནས་ས་ཕྱོགས་སོ་སོར་རུ་ལས་ཀར་ཕྱིན་པ་དང་། སྡེ་དགེའི་སློབ་མ་རྣམས་སྤྱི་ལོ་1997ལོའི་ཟླ་8པའི་ནང་རྫོང་མི་དམངས་སྲིད་གཞུང་དང་འཕྲོད་བསྟེན་ཅུས་ཀྱི་ཡིག་ཆ་ལྟར་སྡེ་དགེ་རྫོང་སྨན་རྩིས་ཁང་དང་ཡུལ་ཚོ་ཉི་ཤུ་རྩ་དྲུག་གི་འཕྲོད་བསྟེན་ཁང་དུ་ལས་བགོས་བྱས། མཆོག་སྤྲུལ་ཨ་དཀོན་རིན་པོ་ཆེའི་བཀའ་དྲིན་ནི་ནམ་ཡང་ཡལ་བ་མ་གྱུར་པ་ཞིག་ཡིན་ལ། སློབ་ཐོན་བྱས་རྗེས་སུ་ཡང་སློབ་མ་རྣམ་པའི་དཀའ་ངལ་དང་བདེ་སྡུག་ནམ་ཡང་རྒྱུན་མ་ཆད་པ་ཐུགས་ཁུར་ལྷད་མེད་གནང་། སྤྱི་ལོ་1999ལོར་སྡེ་དགེ་ལ་སླར་ཡང་ཕེབས་པའི་སྐབས་སུ་སྔོན་འཛིན་གྲྭ་གཉིས་ཀྱི་སློབ་མ་སློབ་སྦྱོང་ཡག་ཤོས་དང་སློབ་སྦྱོང་འདོད་ཞེན་ཆེ་བའི་སློབ་མ་ལྔ་ཙམ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་སློབ་སྦྱོང་གི་གོ་སྐབས་ཡང་དུ་བསྩལ་བ་དང་སློབ་ཡོན་དང་འཚོ་བའི་ཁ་བསྣོན་བཅས་གནང་། སློབ་ཐོན་ལག་ཁྱེར་ཐད་རྒྱུན་མཐུད་སློབ་གཉེར་རྒྱུད་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་རབ་འབྱམས་ཞིབ་འཇུག་སློབ་མ་གཅིག་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནས་ཆེད་ལས་སློབ་ཆེན་མཐར་ཕྱིན་སློབ་མ་གཉིས། ཁྲེན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་ནས་ཆེད་ལས་སློབ་ཆེན་མཐར་ཕྱིན་སློབ་མ་གཅིག །སི་ཁྲོན་ཞིང་ཆེན་བོད་ཡིག་སློད་གྲྭའི་བོད་སྨན་འབྲིང་རིམ་ཆེད་ལས་མཐར་ཕྱིན་སློབ་མ་ལྔ་དང་། གཞན་ཡང་སློབ་མ་ཕལ་མོ་ཆེ་ནི་དཀར་མཛེས་འཕྲོད་བསྟེན་སློབ་གྲྭའི་འབྲིང་རིམ་ཆེད་ལས་མཐར་ཕྱིན།

  དར་མའི་ཆེད་གཉེར་ལས་ཞོར་སློབ་ཆེན་གྱི་ལག་ཁྱེར་ཡོད་པ་སུམ་བཅུ་ཙམ་ཡོད། དེ་ལྟར་བགྲང་བྱ་ཉི་ཤུ་ལྷག་འདས་ཟིན་ཡང་། སློབ་མ་རྣམས་གསོ་རིག་གི་བྱ་བཞག་ལ་ཡར་ངོའི་ཟླ་བ་ལྟར་རྒྱས་པའི་རྣམ་པ་འཆར་ཞིང་། ལྷ་ས་དང་མཚོ་སྔོན་སྐྱེ་རྒུ། ཆབ་མདོ་སོགས་དང་། ལྷག་པར་དུ་དཀར་མཛེས་ཁུལ་གྱི་སྡེ་དགེ་དཔལ་ཡུལ་སེར་ཤུལ་དར་མདོ་ལི་ཐང་འབའ་པ་ཕྱག་ཕྲེང་འདབ་པ་དཀར་མཛེས་བྲག་མགོ་གསེར་རྟ་ཉག་རོང་གཙོ་བོས་བྱས་པའི་མདོ་དབུས་ཁམས་གསུམ་དུ་གསོ་རིག་གི་བསྟན་པའི་རྒྱུད་འཛིན་དང་གཞན་ཕན་གྱི་བྱ་བ་སྒྲུབ་བཞིན་ཡོད།

  སྨན་པའི་ཐོབ་ཐང་ལག་ཁྱེར་ཐད་དུ་སྨན་པ་རབ་འབྱམས་པ་དྲུག་དང་། བཀའ་བཅུ་བ་བཅོ་ལྔ་དང་། བསྡུས་ར་བཅུ་བཅས་ཡོད། གཞན་ཡང་རྒྱལ་ཁབ་གཞུང་གི་སྨན་ཁང་དུ་ལས་སྒྲུབ་བྱེད་བཞིན་པ་མི་སུམ་ཅུ་སོ་གསུམ། ཡུལ་ཚོ་སྨན་ཁང་ཁག་གི་འགན་འཁུར་མི་སྣ་དང་གསོ་རིག་གི་དགེ་རྒན་ཡང་མི་ཉུང་བ་ཞིག་ཡོད་པས་ས་ཕྱོགས་སོ་སོར་ནས་བོད་ལུགས་གསོ་རིག་གི་བསྟན་པའི་ཁུར་ལྕི་འདེགས་ཤིང་འགྲོ་བ་ནད་པའི་ཞབས་ཞུ་སྒྲུབ་བཞིན་པ་ལགས་སོ། །  

1991ལོར་གསར་ཏུ་བཙུགས་པའི་སྡེ་དགེའི་བོད་སྨན་སློབ་གྲྭའི་དབུ་འཛུགས་མཛད་སྒོའི་ཡུལ་དངོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1