སྡེ་དགེ་རྫོང་བོད་ལུགས་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་ཟབ་སྦྱོང་སློབ་གྲྭའི་ངོ་སྤྲོད་མདོར་བསྡུས།

དྲུང་འཚོ་ཨོ་རྒྱན་བསྟན་འཛིན། བདེ་ལྡན། སྡེ་དགེ་རང་སྨན་རྩིས་ཁང རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25



གཅིག སློབ་གྲྭའི་གཞི་རྩའི་གནས་ཚུལ་སྐོར།

གསོོ་རིག་སྨྲ་བའི་དབང་བོ་གོ་འཇོ་དབང་འདུས་མཆོག་གདན་འདྲེན་བྱས་ནས་ཀོང་སྤྲུལ་ཟིན་ཏིག་གི་འཆད་ཁྲིད་གནང་བཞིན་པ།
特邀西藏藏医学院名医讲授藏医临床札记

སྡེ་དགེ་རྫོང་བོད་ལུགས་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་ཟབ་སྦྱོང་སློབ་གྲྭ་ནི་དཀར་མཛེས་འཕྲོད་བསྟེན་སློབ་གྲྭ་དང་མཉམ་དུ་གཉེར་བའི་བོད་སྨན་འབྲིང་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་ཟབ་སྦྱོང་གནས་ཤིག་ཡིན་ལ། དེ་ཡང་དཀར་མཛེས་འཕྲོད་བསྟེན་སློབ་གྲྭའི་སློབ་སྤྱི་ཡམ་ཅན་ཇུས་དང་སྡེ་དགེ་རྫོང་ཨུའུ་དང་རྫོང་སྲིད་གཞུང་གི་སྔོན་རྗེས་བར་གསུམ་གྱི་དབུ་ཁྲིད་དང་སྡེ་དགེ་རྫོང་སྨན་རྩིས་ཁང་གི་དབུ་ཁྲིད་ཀྱིས་བོད་ཀྱི་གསོ་བ་རིག་པ་ལ་རྒྱ་ཆེའི་མཐོང་ཆེན་དང་ཐུགས་ཁུར་འོག་སྤྱི་ལོ་2012ལོ་ནས་འགོ་རྩོམ་སྟེ་བོད་སྨན་མཉམ་འགྲེལ་དངོས་སྦྱོང་གནས་གཞི་གཟུགས་རྒྱུའི་གྲོས་ཆོད་གནང་། དེ་ཡང་སྤྱི་ལོ་2017ལོར་རང་རྫོང་གི་རྫོང་ཨུའི་ཧྲུའུ་ཅིའི་སྐལ་བཟང་གཡུང་དྲུང་མཆོག་གིས་རྒྱ་ཆེའི་ཐུགས་ཁུར་དང་རོགས་དོན་འོག་གནའ་བོའི་དུས་སུ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་བོད་སྨན་དངུལ་ཆུ་བཙོ་ཐལ་མཛད་མྱོང་བའི་གནས་ཁྱད་པར་ཅན་ཏེ་ལྕགས་ར་ལྷ་ལུང་འཆི་མེད་དགའ་ཚལ་གྱི་ཉེར་ཞོར་ལྕགས་ར་སློབ་ཆུང་གི་སྔོན་མའི་གནས་ཡུལ་དང་ཁང་པ་ཡོངས་རྫོགས་སྤྲོད་ནས་བོད་སྨན་དངོས་སྦྱོང་གནས་གཞི་འཛུགས་རྒྱུའི་གཏན་འབེབས་གནང་བ་མ་ཟད་ཁྲེན་ཏུའུ་ཀོའོ་ཤིང་ཆུས་བོད་སྐྱོར་རོགས་དངུལ་ལས་སྒོར་ཁྲི་1300མ་དངུལ་བཏང་ནས་སློབ་གྲྭའི་ཁང་པ་དང་ཁོར་ཡུག་སོགས་ཕྱོགས་ཡོངས་ནས་ཉམས་གསོ་གནང་། ལོ་དེའི་ཟླ་བ་9པའི་ཚེས་8ཏེ་གཟའ་སྐར་བཟང་པོའི་ཉིན་རྟེན་འབྲེལ་གྱི་མཛད་སྒོ་དང་བཅས་དངོས་སུ་སློབ་འགོ་ཚུགས། སློབ་གྲྭའི་རྒྱ་ཁྱོན་སྨི་གྲུ་བཞི་མ་4200ཡོད་ལ། དེ་ཡང་སློབ་ཁྲིད་ཐོག་ཁང་དང་། སློབ་མའི་སྡོད་ཁང་ཐོག་ཁང་། སློབ་ཁྲིད་ཚོད་ལྟ་ཐོག་ཁང་། དཔེ་མཛོད་ཁང་། དཔེ་ཀློག་ཁང་། ཟས་ཁང་། ཁྲུས་ཁང་། སྨན་རྩིས་ཁང་གི་སྒོ་བསྟེན་ཁང་སོགས་ཕྱོགས་ཡོངས་ཀྱི་འཛུགས་བསྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་2645.86ཟིན་ཡོད། སློབ་མའི་འབྱུང་ཁུངས་ནི་གཙོ་བོ་དཀར་མཛེས་འཕྲོད་བསྟེན་སློབ་གྲྭའི་མིང་ཐོག་ནས་ལས་གནས་གཏན་ཁེལ་དང་ཐོ་བཀོད་བྱས་ནས་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཀྱི་ཡོད། མིག་སྔར་བོད་ལུགས་གསོ་རིག་ཆེད་ལས་འབྲིང་རིམ་ཤེས་ལྡན་མི་སྣ་300ལྷག་གསོ་བསྐྱང་གནང་འཆར་ཡོད་པ་དང་། དེའི་ནང་དུ་བོད་ཀྱི་གསོ་རིག་ཆེད་ལས་ཤེས་ལྡན་མི་སྣ་200དང་། བོད་ཀྱི་སྨན་སྦྱོར་ཆེད་ལས་ཤེས་ལྡན་མི་སྣ་100ཙམ་དང་། དེར་ཕུད་པའི་ད་རུང་རྫོང་རང་ཉིད་དང་། ཡུལ་ཚོ། གྲོང་སྡེ་རིམ་པ་གསུམ་གྱི་བོད་སྨན་ཆེད་ལས་མི་སྣའི་ཟབ་སྦྱོང་ལས་དོན་འགན་འཁུར་བ་དང་། ཆབས་གཅིག་ཏུ་ད་རུང་དཀར་མཛེས་ཁུལ་ཡོངས་ཀྱི་བོད་སྨན་ཆེད་ལས་མི་སྣའི་ཕྱོགས་གཅིག་གི་ཟབ་སྦྱོང་འགན་ལེན་བྱེད་འཆར་ཡོད་པའོ། །

དཀར་མཛེས་ཁུལ་སྲིད་གཞུང་དང་དཀར་མཛེས་འཕྲོད་བསྟེན་སློབ་གྲྭ །སྡེ་དགེ་རྫོང་གི་དབུ་ཁྲིད་སོགས་སྡེ་དགེ་བོད་སྨན་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་པ།
甘孜州政府、甘孜卫校、德格县领导等到德格藏医学校视察。

གཉིས། དགེ་རྒན་གྱི་ཆ་རྐྱེན་སྐོར།

བོད་སྨན་ཆེད་ལས་དགེ་རྒན་གྱིས་སློབ་ཁྲིད་བྱེད་བཞིན་པ།
藏医专业教师授课

དཀར་མཛེས་འཕྲོད་བསྟེན་སློབ་གྲྭ་བོད་སྨན་ཤེས་ལྡན་མི་སྣ་དངོས་སྦྱོང་གནས་གཞི་འདི་ནི་དགེ་རྒན་གྱི་སྟོབས་ཤུགས་དང་ཆ་རྐྱེན་ཅུང་ཕུན་སུམ་ཚོགས་པ་ཡིན་ཏེ། ཆེད་སྦྱོང་དང་ཟུར་སྦྱོང་གི་སློབ་ཁྲིད་ཀྱི་དགེ་རྒན་དང་ནད་ཐོག་མཐོང་བ་བརྒྱུད་པའི་ཕྱག་ཁྲིད་ཀྱི་དགེ་རྒན་ཐམས་ཅད་ནི་སྡེ་དགེ་སྨན་རྩིས་ཁང་གི་རྐང་འཛིན་སྨན་པ་ཤ་སྟག་ཡིན་པ་སྟེ། སྨན་ཁང་གིས་གཅིག་གྱུར་གྱི་གདམས་བཀོད་བྱས་པའི་དགེ་རྒན་ཁོ་ན་ཡིན་པ་དང་། དེ་ཡང་བསླབ་གནས་ཐོག་ཆེད་ལས་སློབ་ཆེན་དང་། ནད་ཐོག་གི་ཉམས་མྱོང་ཕུན་སུམ་ཚོགས་པའི་རབ་འབྱམས་སྨན་པ་ཤ་སྟག་ཡིན། དེ་དང་དུས་མཚུངས་སུ་སློབ་གྲྭས་བོད་ལྗོངས་དང་མཚོ་སྔོན་སོགས་རྒྱལ་ཡོངས་ཀྱི་སྨན་པ་གྲགས་ཆེན་ཆེད་དུ་གདན་ཞུས་བྱས་ནས་ཆེད་ཁྲིད་ཀྱི་ཟབ་སྦྱོང་བཅས་སྤེལ་གྱི་ཡོད་པ་བཅས་སོ། །

གསུམ། སློབ་གྲྭ་འཛུགས་སྐྱོང་བྱེད་ཚུལ་སྐོར།

སྨན་པ་རྒན་རབས་གདན་འདྲེན་བྱས་ནས་ཆེད་ཁྲིད་གནང་བཞིན་པ། 
藏医讲座

སྡེ་དགེ་རྫོང་ཟུར་ལུགས་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་ཟབ་སྦྱོང་སློབ་གྲྭ་དང་དཀར་མཛེས་འཕྲོད་བསྟེན་སློབ་གྲྭ་བོད་སྨན་ཤེས་ལྡན་མི་སྣ་དངོས་སྦྱོང་གནས་གཞིའི་སློབ་གྲྭ་གཉེར་ཚུལ་ནི་དཔེ་གཞིའི་རྣམ་པ་མི་འདྲ་བ་ཁག་བཞིའི་སྒོ་ནས་རང་རྫོང་དང་རང་ཁུལ་གྱི་བོད་སྨན་ཆེད་ལས་མི་སྣའི་དགོས་མཁོ་སྐོང་བཞིན་ཡོད་ལ། དེ་དང་ཆབས་གཅིག་ཏུ་རང་རྫོང་གི་ཏང་འཛུགས་སྐྱོང་སྣེ་ཁྲིད་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་གྲྭའི་རེ་འདུན་ལྟར་མི་གཅིག་ལས་ཞུགས་ཐུབ་ཚེ། ཁྱིམ་ཡོངས་དབུལ་དང་བྲལ་བའི་དམིགས་ཚད་ཟབ་པོ་བཅངས་ནས་ཞིང་འབྲོག་མང་ཚོགས་ཀྱི་བུ་རྒྱུད་ལས་ཞུགས་དཀའ་ངལ་སེལ་ཐུབ་པའི་ཕྱིར་དུ་གཉེར་བའི་སློབ་གྲྭ་ཞིག་ཡིན། སློབ་གྲྭ་འཛུགས་སྐྱོང་གི་དཔེ་གཞིའི་རྣམ་པ་མི་འདྲ་ཁག་བཞི་ནི་གཤམ་གསལ་ལྟར་ཏེ།1.2+2རྣམ་པའི་མཉམ་གཉེར་འཛིན་གྲྭ་ནི་བོད་སྨན་འབྲིང་རིམ་ཤེས་ལྡན་མི་སྣ་ལས་ཞུགས་གཏན་འཁེལ་དཔེ་གཞིའི་གསོ་སྐྱོང་འཛིན་གྲྭ་ཞིག་ཡིན། འཛིན་གྲྭ་འདི་ནི་སློབ་འབྲིང་སློབ་མ་མཐར་ཕྱིན་སྐབས་དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭར་སློབ་ཞུགས་རྒྱུགས་སྤྲོད་པ་དང་། དེར་བོད་ལུགས་གསོ་རིག་སོགས་གསོ་རིག་རྨང་གཞིའི་རིག་གཞུང་ལོ་ངོ་2ལ་སློབ་སྦྱོང་བྱས་རྗེས་སྡེ་དགེ་རྫོང་བོད་ལུགས་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་ཟབ་སྦྱོང་སློབ་གྲྭར་བོད་སྨན་ནད་ཐོག་རིག་གཞུང་དང་རྫོང་སྨན་རྩིས་ཁང་དུ་མཐོང་བ་བརྒྱུད་པའི་ལག་ལེན་སྐོར་སོགས་ལ་ལོ་2ཀྱི་རིང་སློབ་སྦྱོང་བྱས་ཏེ་མཐར་དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭས་འབྲིང་རིམ་ཆེད་ལས་མཐར་ཕྱིན་ལག་ཁྱེར་སྤྲད་པས་ལོ་བཞིའི་ལམ་ལུགས་ཀྱི་ལས་ཞུགས་གཏན་འཁེལ་འབྲིང་རིམ་ཆེད་ལས་འཛིན་གྲྭ་ཞིག་ཡིན།2.4+1རྣམ་པའི་འཛིན་གྲྭ་ནི་སྡེ་དགེ་རྫོང་བོད་སྨན་མཉམ་འབྲེལ་སྒོ་བསྟེན་སྨན་བཅོས་ཁང་དུ་ཐོ་བཀོད་ལས་ཞུགས་དཔེ་གཞིའི་གསོ་སྐྱོང་འཛིན་གྲྭ་ཞིག་ཡིན། འཛིན་གྲྭ་འདི་ནི་སྡེ་དགེ་རྫོང་གིས་སློབ་མ་བརྒྱ་གསོ་སྐྱོང་གནང་འཆར་ཡོད་ལ། སྡེ་དགེ་རྫོང་ཁོངས་ནས་ཡིན་པའི་ཞིང་འབྲོག་སློབ་བུ་ད་སྔོན་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་དཀར་མཛེས་འཕྲོད་བསྟེན་སློབ་གྲྭ་སོགས་ནས་བོད་སྨན་འབྲིང་རིམ་ལོ་ངོ་4ལ་བསླབས་ནས་མཐར་ཕྱིན་ཀྱང་མིག་སྔར་ལས་ཞུགས་གནད་དོན་སེལ་མ་ཐུབ་པས། དེ་དག་རྫོང་ཡོངས་ལ་ཁ་ཕྱོགས་ཏེ་སློབ་བསྡུས་རྒྱུགས་བཤེར་བྱས་པས། རྒྱུགས་བཤེར་ཚད་ལེན་པ་རྣམས་གཅིག་གྱུར་གྱི་ལོ་1རིང་བོད་སྨན་ཆེད་ལས་སྐོར་ཟབ་སྦྱོང་བྱས་རྗེས་མཉམ་འབྲེལ་སྒོ་བསྟེན་སྨན་བཅོས་ཁང་སོ་སོར་ལས་ཀ་བཀོད་སྒྲིག་གནང་བས་གཅིག་ན་སློབ་མའི་ལས་ཞུགས་དཀའ་ངལ་ཐག་གཅོད་དང་གཉིས་ན་བོད་སྨན་མཉམ་འབྲེལ་སྨན་བཅོས་ཁང་གི་མི་སྣའི་དགོས་མཁོ་ཡང་སྐོང་ཐུབ་པའི་བྱ་ཐབས་བཟང་པོ་ཞིག་སྤེལ་ཡོད། དེར་རྫོང་སྲིད་གཞུང་གིས་ལོ་རེ་སྒོར་ཁྲི་40མ་དངུལ་འགྲོ་གྲོན་གཏོང་ནས་སློབ་མ་20ལ་རྩ་བའི་གླ་ཕོག་གཏོང་རྒྱུ་བྱས།4.3+2རྣམ་པའི་མཉམ་གཉེར་འཛིན་གྲྭ་ནི་བོད་སྨན་དངོས་གཞིའི་ཤེས་ལྡན་མི་སྣ་ལས་ཞུགས་གཏན་འཁེལ་དཔེ་གཞིའི་གསོ་སྐྱོང་འཛིན་གྲྭ་ཞིག་ཡིན། འཛིན་གྲྭ་འདི་ནི་ཁྲེན་ཏུའུ་ཀྲུང་ལུགས་སློབ་ཆེན་གྱི་མིང་ཐོག་ནས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་དར་མའི་ཆེད་ལས་སློབ་ཆེན་ཡིག་རྒྱུགས་བརྒྱུད་ནས་བསྡུས་ཤིང་ལས་ཞུགས་གཏན་འཁེལ་དུ་གསོ་སྐྱོང་གནང་བའི་དངོས་གཞིའི་སློབ་མ་99ཡོད། སློབ་མ་དེ་དག་དཀར་མཛེས་འཕྲོད་བསྟེན་སློབ་གྲྭ་རུ་ལོ་3གྱི་རིང་གསོ་རིག་གཞུང་ལུགས་ལ་སློབ་གཉེར་བྱེད་རྒྱུ་དང་། དེ་ནས་ལོ་2ལ་སྡེ་དགེ་རྫོང་བོད་ལུགས་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་ཟབ་སྦྱོང་སློབ་གྲྭ་རུ་དངོས་སྦྱོང་དང་བོད་སྨན་ནད་ཐོག་རིག་གཞུང་ལ་སློབ་གཉེར་བྱ་དགོས་པའོ། །

བཞི་པ། ཡུལ་ཚོ་དང་གྲོང་ཚོའི་བོད་ལུགས་སྨན་པ་རེས་སྐོར་སྦྱོང་བརྡར་སྐོར།

དཀར་མཛེས་འཕྲོད་བསྟེན་སློབ་གྲྭ་སྡེ་དགེ་དངོས་སྦྱོང་གནས་གཞི་ལྟེ་གནས་ཀྱི་2015ལོའི་མཐར་ཕྱིན་བོད་སྨན་འཛིན་གྲྭའི་མཐར་ཕྱིན་མཛད་སྒོའི་ཡུལ་དངོས།
甘孜卫校德格实训基地2015级藏医班毕业典礼现场

དཀར་མཛེས་འཕྲོད་བསྟེན་སློབ་གྲྭ་སྡེ་དགེ་དངོས་སྦྱོང་གནས་གཞི་ལྟེ་གནས་ཀྱི་2015ལོའི་མཐར་ཕྱིན་བོད་སྨན་འཛིན་གྲྭའི་ལྷན་བཞུགས་མཉམ་པར།
甘孜卫校德格实训基地2015级藏医班毕业合影

བོད་སྐད་ཡིག་དགེ་རྒན་གྱིས་སུམ་རྟགས་སློབ་ཁྲིད་བྱེད་བཞིན་པ། 
藏语教师授课

སྡེ་དགེ་རྫོང་སྨན་རྩིས་ཁང་གི་ཆེད་མཁས་སྨན་པས་རང་རྫོང་གི་ཡུལ་ཚོ་ཁག་26གི་བོད་སྨན་ཆེད་ལས་མི་སྣ་ལ་རེས་སྐོར་ཟབ་སྦྱོང་གནང་ཞིང་། ལོ་རེར་ལ་ཟབ་སྦྱོང་ཐེངས་གསུམ་རེ་སྤེལ་བ་དང་ཟབ་སྦྱོང་འདི་བརྒྱུད་ནས་གཞི་རིམ་ཕྱོགས་ཀྱི་བོད་སྨན་བདེ་ཐང་ཞབས་ཞུའི་འཕེལ་རྒྱས་འཆར་འགོད་དོན་འཁྱོལ་མཐར་ཕྱིན་ཡོང་བ་དང་། རང་རྫོང་གི་ཡུལ་ཚོ་དང་གྲོང་ཚོའི་བོད་སྨན་ཞབས་ཞུའི་མ་ལག་ལེགས་བཅོས། ལྷག་པར་དུ་བོད་སྨན་ནད་མེད་ཚེ་བསྲིང་བདེ་སྲུང་དང་སྨན་བཅོས་ཁམས་གསོའི་ཞབས་ཞུའི་ནུས་པ་སྤེལ་བ། བོད་སྨན་རྒྱུའི་ཕུན་སུམ་ཚོགས་པའི་ཐོན་ཁུངས་དེ་ཐོན་ལས་ཤུགས་ཆེན་ལ་མྱུར་དུ་འགྱུར་བ་བཏང་ཐུབ་པའི་དམིགས་འདུན་ཟབ་པོ་བཅངས་བའི་ཧ་ཅང་དོན་སྙིང་ལྡན་པའི་ཟབ་སྦྱོང་དང་། ཟབ་སྦྱོང་ནང་དོན་བོད་ལུགས་གསོ་རིག་དང་དེང་རབས་གསོ་རིག་གི་ཤེས་བྱའི་ནང་དོན་ཡིན་པ་དང་བོད་སྨན་ཉེར་མཁོའི་ལག་རྩལ་ཁྱབ་གདལ་གཏོང་རྒྱུ་གཙོ་ཆེའི་ནང་དོན་འཛིན་པ་སོགས་ཀྱི་སྒོ་ནས་རྫོང་ཡངས་ཀྱི་ཡུལ་ཚོ་དང་གྲོང་བརྡལ་གྱི་བོད་སྨན་དོན་པ་ཡོངས་ལ་ཟབ་སྦྱོང་གནང་བ་བཅས་མདོར་ན་སློབ་གྲྭ་འདི་ནི་རང་རྫོང་གི་བོད་སྨན་འབྲིང་རིམ་ཤེས་ལྡན་མི་སྣ་སྐྱེད་སྲིང་གནང་བའི་གནས་གཞིར་གཙོ་བོར་གྱུར་ཡོད་པ་ལགས་སོ། ། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1