སྡེ་དགེ་རྫོང་སྨན་རྩིས་ཁང་གི་བཤམས་སྟོན་ལྟེ་གནས།

བདེ་ལྡན། ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25




སྡེ་དགེ་རྫོང་སྨན་རྩིས་ཁང་ནི་1959ལོར་དབུ་བཙུགས་ཤིང་སྨན་རྩིས་ཁང་དབུ་བརྙེས་པ་ནས་རིམ་པར་བཞིན་རྒྱ་ཁྱོན་མི་འདྲ་བའི་བོད་ཀྱི་རིག་གནས་སྤྱི་དང་གསོ་རིག་གི་སྐོར་བཤམས་སྟོན་བྱ་ཡུལ་བཀོད་སྒྲིག་བྱས་ཡོད་ཅིང་། ད་ལྟའི་བར་ལོ་ངོ་60ཡི་ལོ་རྒྱུས་ལྡན་ལ། སྡེ་དགེ་རྫོང་སྨན་རྩིས་ཁང་བཤམས་སྟོན་ལྟེ་གནས་ནི་བོད་ལུགས་གསོ་རིག་གི་རིག་དངོས་དང་ཚད་ལྡན་ཡིག་ཆར་ཞིབ་འཇུག་བྱེད་སའི་རྟེན་གཞི་ཞིག་ཡིན་པར་མ་ཟད། བོད་ཀྱི་གསོ་བ་རིག་པའི་གཏེར་མཛོད་ཅིག་ཀྱང་ཡིན།

བཤམས་སྟོན་ཁང་ལས་དཔེ་མཛོད་ཁང་གི་ཟུར་ཅིག
图书室一角




བཤམས་སྟོན་ཁང་དུ་བཤམས་ཡོད་པའི་སྨན་ཐང་། 
展示中心展览的藏药唐卡


བོད་ལུགས་གསོ་རིག་སྨན་ཐང་རོ་བཀྲ།
医学唐卡(骨骼图)

   2013ལོར་ཀྲུང་དབྱང་གིས་མ་དངུལ་སྒོར་ཁྲི་1640བཏང་ནས་དཀར་མཛེས་ཁུལ་ཟུར་ལུགས་གསོ་རིག་སྡེ་དགེ་རྫོང་སྨན་རྩིས་ཁང་གསར་སྐྲུན་ལས་གཞི་བསྐྲུན་ཞིང་། སྨན་རྩིས་ཁང་གིས་ས་ངོས་ཟིན་ཚད་ཀྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་5425དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་7752ཡོད་པའི་ལས་གཉེར་ཁང་གསར་དུ་བསྐྲུན། དེ་དང་དུས་མཚུངས་སུ་སྨན་རྩིས་ཁང་གིས་ད་ཡོད་ཆ་རྐྱེན་བེད་སྤྱོད་ལེགས་པོ་བཏང་ནས། གནས་བབ་དང་བསྟུན་པ་དང་ཐབས་མང་མཉམ་སྤྱོད། ཐབས་ཤེས་ཟུང་འབྲེལ་སྒོས་བོད་ཀྱི་གསོ་བ་རིག་པ་ཁྱབ་བསྒྲགས་བྱེད་པའི་ལས་དོན་རྒྱ་ཆེར་སྤེལ་ཞིང་། སྨན་རྩིས་ཁང་གི་སྔར་གྱི་གནས་ཤུལ་དུ་རྒྱ་ཁྱོན་སྨི་གྲུ་བཞི་མ་350ཡོད་པའི་སྡེ་དགེ་རྫོང་སྨན་རྩིས་ཁང་བཤམས་སྟོན་ལྟེ་གནས་བསྐྲུན་ཞིང་། དེ་ལ་མ་དངུལ་སྒོར་ཁྲི་500ལྷག་བཏང་། རྟེན་གཞི་དེ་ནི་སྨན་རྩིས་ཁང་གི་གསོ་བ་རིག་པའི་རིག་གནས་དང་སྨན་རྩིས་ཁང་གི་ལོ་རྒྱུས་ལྡན་པའི་དངོས་མང་བཤམས་སྟོན་ཁང་། སྨན་རྩིས་ཁང་གི་སྨན་པ་གྲགས་ཅན་དྲན་གསོ་ཁང་། སྨན་ཁང་གི་ཁོར་ཡུག་ནང་དུ་གསོ་རིག་བྱེད་པོའི་དྲན་རྟེན་འདྲ་སྐུ་སོགས་བཞེངས་པ། སྨན་ཐང་དང་ཡིག་གཟུགས་རྩོམ་ཆོས་སོགས་ཚུད་པའི་གཟུགས་བརྙན་ལྡན་པའི་སྨན་རྩིས་ཁང་གི་རིག་གནས་ལྟ་སྐོར་ཁང་ཞིག་ཏུ་གྲུབ་ཡོད། དུས་མཚུངས་སུ་སྨན་རྩིས་ཁང་ལ་བོད་ཀྱི་གསོ་རིག་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་ལྟེ་བའི་རིན་ཐང་དང་། བོད་ཀྱི་གསོ་རིག་རིག་གནས་ཀྱི་རྒྱུད་འཛིན་པའི་དཔེ་མཚོན་འཐུས་མི། བོད་ཀྱི་གསོ་རིག་རིག་གནས་ཀྱི་མྱོང་དཔྱོད་ལྟེ་གནས། བོད་ཀྱི་གསོ་རིག་རིག་གནས་ཁྱབ་བསྒྲགས་དང་། བོད་ཀྱི་གསོ་རིག་རིག་གནས་ཐུན་མིན་གྱི་ཞབས་ཞུ་སོགས་ཁྱབ་བསྒྲགས་ཀྱི་སློབ་གསོའི་རྟེན་གཞིའང་ལྡན། མིག་སྔར་བཤམས་སྟོན་ལྟེ་གནས་སུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་དངོས་ཀྱིས་ཕྱག་བྲིས་གནང་བའི་སྡེ་དགེ་དཔལ་ལྡན་གསོ་རིག་ཁང་ཞེས་པའི་བྲིས་མ་དངོས་དང་། ཁམས་ཀྱི་ནོར་བུ་གསུམ་གྱི་ཡ་གྱལ་ཏེ་ཤིང་ཏ་ལའི་ལོ་མ་ཐོག་བྲིས་པའི་སྙན་ངག་མེ་ལོང་མའི་རྒྱ་གཞུང་རིན་ཐང་བྲལ་བ་ཞིག །བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་རེ། བོད་ཀྱི་གསོ་བ་རིག་པའི་གཞུང་ཆེན་པོད་ཞེ་བདུན། སི་ཏུའི་སྨན་རྩིས་ཡིག་ཆ་ཕྱོགས་སྒྲིག །ཀོང་སྤྲུལ་ཟིན་ཏིག དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སྨན་ཡིག །གསོ་རིག་རྒྱུད་བཞི་སྡེ་དགེའི་བོད་ཤོག་པར་མ། རྫོང་སྨན་རྩིས་ཁང་གི་ལས་བཟོ་ཨོ་རྒྱན་བསྟན་འཛིན་གྱིས་གཏན་བཞག་བྱས་པའི་སི་ཏུ་ཆོས་ཀྱི་འབྱུང་གནས་སྐུ་དངོས་ཀྱིས་ཕྱག་བྲིས་གནང་བའི་བཀའ་འགྱུར་གསེར་བྲིས་མའི་ཤོག་ལྷེ་ཞིག་དང་སྐུ་ཉིད་ཀྱི་སྨན་གཞོང་གཅིག །བོད་ཀྱི་གསོ་རིག་གི་གནའ་དཔེ་བྲིས་མ་དུམ་པ་ཆིག་བརྒྱ་ཉི་ཤུ་སོགས་བོད་ཀྱི་གསོ་བ་རིག་པའི་བསྟན་བཅོས་སྐད་གྲགས་ཆེ་བ་མང་པོ་བཞུགས། ད་དུང་བཤམས་སྟོན་ཁང་དུ་ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་རྫས་རྒྱུ་ཆ་དང་མ་དཔེ་རིགས་ཆིག་སྟོང་ལྷག་ཡོད་དེ། སྲོག་ཆགས་ཀྱི་སྨན་རྫས་དང་རྩི་ཤིང་གི་སྨན་རྫས། གཏེར་དངོས་ཀྱི་སྨན་རྫས་བཅས་རིགས་གསུམ་འདུས། བོད་ཀྱི་གསོ་རིག་ཏུ་རྒྱུན་དུ་བཀོལ་བའི་སྨན་རྫས་གྲགས་ཅན་དཔེར་ན་གཟི་དང་མཆོང་བསེ་རུའི་རྭ། གླ་རྩི། གི་ཝང་། དབྱར་རྩྭ་དགུན་འབུ་སོགས་ཚུད་ཅིང་། ད་དུང་ཀརྨ་སྒར་བྲིས་ཀྱི་ལུགས་ལྟར་ལག་བྲིས་བྱས་པའི་སྨན་ཐང་བརྒྱད་ཅུ་དང་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ཡོ་བྱད། བོད་ཀྱི་གསོ་བ་རིག་པའི་མཁས་དབང་གི་བཀའ་སློབ་བྲིས་མ་ཉི་ཤུ་ལྷག་སོགས་ཉར་ཚགས་སྤུས་དག་བྱས་ཡོད། རྟེན་གཞི་དེ་རུ་བོད་ཀྱི་གསོ་རིག་རིག་གནས་ཀྱི་རྨང་གཞིའི་ཤེས་བྱ་བཤམས་སྟོན་བྱས་ཡོད་པར་མ་ཟད། བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་དང་སྨན་རྩིས་ཁང་གི་འཕེལ་རྒྱས་ལོ་རྒྱུས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། དེའི་ནང་དོན་ཕུན་སུམ་ཚོགས་ཤིང་། རྣམ་པ་སྣ་མང་ལ། བོད་ཀྱི་གསོ་རིག་རིག་གནས་ཁྱབ་བསྒྲགས་ཀྱི་སློབ་གསོའི་དོན་སྙིང་ཤུགས་ཆེར་ལྡན་ཞིང་། བོད་ཀྱི་གསོ་རིག་རིག་གནས་ཁྱབ་སྤེལ་གཏོང་བའི་རྟེན་གཞི་ནུས་ལྡན་ཞིག་གྲུབ་ཡོད། །  


བོད་སྨན་ལག་ཆ།
藏医器械

\

བོད་སྨན་ལག་ཆ།
藏医器械

བོད་ཀྱི་སྨན་པའི་གཏར་དཔྱད་ལག་ཆ།
藏医手术器械

བོད་སྨན་ལག་ཆ།
藏医器械





བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་པའི་དཔེ་རྙིང་རྩ་ཆེན་ཁག་ཅིག །
展示中心收藏的珍贵书籍

བཤམ་སྟོན་ཁང་དུ་བཞུགས་པའི་སངས་རྒྱས་སྨན་བླའི་སྐུ་རྙིང་།
药师佛像

བསེ་རུའི་ར།
犀牛角

སྟག་གི་སྨ་ར། 
老虎胡子

གླ་རྩི། 麝香

གཡུ་རྙིང་། 绿松石

མཆོང་རྙིང་། 玛瑙

གཡང་ཊི། 玉

མཆོང་རྡོ། 玛瑙

ཐོག་ལྕགས།
霹雳铁

གཟི་རྙིང་། 九眼珠

མཆོང་རྡོ། 玛瑙

བཙོ་ཐལ། 药珍贵名药“佐塔”


བཤམས་སྟོན་ཁང་ལས་དཔེ་མཛོད་ཁང་གི་ཟུར་ཅིག

图书室一角



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1