བློ་མཐུན་ལི་ཕེང་གི་སྐུ་ཕུང་ཞུགས་འབུལ་ཞུས་པ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-30


        བློ་མཐུན་ལི་ཕེང་གི་སྐུ་ཕུང་པེ་ཅིང་དུ་ཞུགས་འབུལ་ཞུས་པ་དང་། ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། ཅང་ཙེ་རྨིན་སོགས་པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོར་ཞལ་གྱེས་ཞུ་བར་བཅར་བ་དང་། ཧུའུ་ཅིན་ཐའོ་ཡིས་ས་ཆ་གཞན་ནས་མེ་ཏོག་ཕྲེང་བ་ཕུལ་ནས་མྱ་ངན་ཞུས་གནང་བ།

        ཀྲུང་གོའི་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་ཉམས་སད་ཐེབས་པའི་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཕུལ་དུ་བྱུང་བའི་འབྱོར་མེད་གྲལ་མེད་ཀྱི་གསར་བརྗེ་མཁས་ཅན། ཆབ་སྲིད་མཁས་ཅན། ཏང་དང་རྒྱལ་ཁབ་ཀྱི་གཟེངས་སུ་ཐོན་པའི་འགོ་ཁྲིད་པ། ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་གཉིས་པའི་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། སྐབས་བཅུ་གསུམ་པ་དང་། སྐབས་བཅུ་བཞི་པ། སྐབས་བཅོ་ལྔ་པ་བཅས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེ་སྔའི་ཙུང་ལི། སྐབས་དགུ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བློ་མཐུན་ལི་ཕེང་གི་སྐུ་ཕུང་སྤྱི་ཚེས་༢༩ཉིན་པེ་ཅིང་གི་པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོར་ཞུགས་འབུལ་ཞུས་པ་རེད།

        བློ་མཐུན་ལི་ཕེང་སྙུན་གཞིའི་རྐྱེན་པས་སྤྱི་ལོ་༢༠༡༩ལོའི་ཟླ་༧པའི་ཚེས་༢༢ཉིན་གྱི་ཆུ་ཚོད་༢༣དང་སྐར་མ་༡༡ཐོག་པེ་ཅིང་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ་༩༡ཡིན་པ་རེད།

        སྤྱི་ཚེས་༢༩ཉིན་གྱི་སྔ་དྲོ། པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོའི་ཚོམས་ཆེན་ནང་རྔམ་བརྗིད་ཆེ་ལ་མྱ་ངན་ཞུ་བའི་རོལ་དབྱངས་ཀྱི་སྒྲ་དལ་པོར་གྲགས་པ་དང་། ཚོམས་ཆེན་གྱི་དཀྱིལ་དབུས་སུ་གཞི་ནག་པོའི་སྟེང་ཡི་གེ་དཀར་པོ་བྲིས་པའི་འཕྲེད་འགེལ་སྦྱར་ཡིག་བློ་མཐུན་ལི་ཕེང་སྐུ་གཤེགས་པར་སྐྱོ་གདུང་ཟབ་མོས་མྱ་ངན་ཞུ་ཞེས་པ་བཀལ་ཡོད་པ་དང་། འཕྲེད་འགེལ་སྦྱར་ཡིག་གི་གཤམ་འོག་ཏུ་བློ་མཐུན་ལི་ཕེང་གི་སྐུ་པར་བཀལ་ཡོད། བློ་མཐུན་ལི་ཕེང་གི་སྐུ་ཕུང་མེ་ཏོག་སོས་པའི་ཁྲོད་བཞག་ཡོད་པ་དང་། སྐུ་ཐོག་ཏུ་དམར་མདངས་བཀྲ་བའི་ཀྲུང་གོའི་གུང་ཁྲན་ཏང་གི་ཏང་དར་བསྒྲོན་ཡོད།
        སྔ་དྲོའི་ཆུ་ཚོད་༩དང་སྐར་མ་༣༠ཙམ་ལ། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲེང་། ཝང་ཆི་ཧྲན། ཅང་ཙེ་རྨིན་སོགས་ནས་མྱ་ངན་ཞུ་བའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་དལ་པོའི་ངང་བློ་མཐུན་ལི་ཕེང་གི་སྐུ་ཕུང་མདུན་དུ་ཕེབས་ཏེ་ངག་བསྡམས་ནས་མྱ་ངན་ཞུས་པ་དང་། བློ་མཐུན་ལི་ཕེང་གི་སྐུ་ཕུང་ལ་གུས་འདུད་ལན་གསུམ་ཞུས་གནང་བ་མ་ཟད། བློ་མཐུན་ལི་ཕེང་གི་སྐུ་ཉེ་རེ་རེ་དང་ཕྱག་བཏང་གནང་ནས་ཐུགས་གསོའི་འཚམས་འདྲི་གནང་ཡོད། ཧུའུ་ཅིན་ཐའོ་ཡིས་ས་ཆ་གཞན་ནས་མེ་ཏོག་ཕྲེང་བ་ཕུལ་གནང་ནས་བློ་མཐུན་ལི་ཕེང་སྐུ་གཤེགས་པར་མྱ་ངན་ཞུ་ལུགས་མཚོན་པ་གནང་ཡོད།
        བློ་མཐུན་ལི་ཕེང་ལ་སྙུན་གཞི་ལྗིད་པོ་ཕོག་རིང་དང་སྐུ་གཤེགས་རྗེས་ཞི་ཅིན་ཕིང་དང་། ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། ཅང་ཙེ་རྨིན། ཧུའུ་ཅིན་ཐའོ་སོགས་བློ་མཐུན་ནས་སྨན་ཁང་དུ་གཟིགས་པར་ཕེབས་པའམ་ཡང་ན་རྣམ་པ་སྣ་ཚོགས་ཐོག་ནས་བློ་མཐུན་ལི་ཕེང་སྐུ་གཤེགས་པར་སྐྱོ་གདུང་ཟབ་མོས་མྱ་ངན་ཞུས་གནང་བ་མ་ཟད་ཁོང་གི་སྐུ་ཉེར་ཐུགས་གསོའི་འཚམས་འདྲི་གནང་ཡོད། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ནས་ཞལ་གྱེས་ཞུ་བར་བཅར་བའམ་ཡང་ན་རྣམ་པ་སྣ་ཚོགས་ཐོག་ནས་མྱ་ངན་ཞུས་གནང་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་བློ་མཐུན་ལི་ཕེང་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མི་ཡང་ཞལ་གྱེས་ཞུ་བར་བཅར་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1