༄༅།། དཀའ་ཁག་ཅེས་པ་སྡུག་པོ་དེ་འདྲ་ཞིག་ཏུ་འཛིན་པར་མི་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-13


        བདག་གི་ཉེ་འཁོར་གྱི་གྲོགས་པོ་ཞིག་གིས་སྐུ་ཞབས་བྷོ་ཏེ་ཐི་ལ་དགའ་བ་འཆང་ཞིང་ཁོང་གི་སྐོར་གྱི་གཏམ་གླེང་བྱས་བྱུང་། ཡིན་ཏེ་ཁོང་ནི1773ལོར་སྐྱེས་ལ། ལོ་ན་ཆུང་ངུའི་དུས་སུ་སློབ་གསོ་ཚད་ལྡན་ཐོབ་པའི་གོ་སྐབས་མ་བྱུང་བར་གཙོ་བོ་རང་སྦྱོང་ལ་བརྟེན་ནས་མཁས་པར་གྱུར་པ་ཞིག་ཡིན། རང་ལོ21ཙམ་ནས་ཚན་རིག་མཁན་པོ་ནེའུ་ཐོན་གྱི《གྲངས་རིག་གནས་ལུགས》ཞེས་པ་ཀློག་ནུས་པའི་གྲངས་རིག་མཁས་དབང་ཞིག་ཏུ་གྱུར་ཡོད། ཕྱིས་སུ་རྒྱ་མཚོ་ཆེན་པོར་སྐྱོད་པའི་ཐབས་རྩལ་ལ་མོས་པ་ཆེ་བས་ལས་ཀ་དེ་ལ་ཞུགས། དེར་སྐར་དཔྱད་སོགས་ཀྱི་རིག་པའང་ཁོང་དུ་ཆུད་པ་ལས་དོན་ཆེས་ཆེར་ལེགས་འགྲུབ་བྱུང་ཞིང་། རྒྱ་མཚོ་གཟིངས་སྐྱོད་སྐོར་གྱི་དཔེ་ཆ་ཞིག་བྲིས་པའང་དེའི་ཕྱོགས་ཀྱི་ཚད་ལྡན་བསྟན་བཅོས་སུ་གྱུར།
        ཁོ་བོའང་གྲོགས་པོ་དེ་དང་སྐུ་ཞབས་བྷོ་ཏེ་ཐི་ལ་ཡི་རང་བྱེད་མཁན་ཞིག་ཡིན། ཁོང་དཀའ་ངལ་གང་རུང་ལ་བསྙེངས་པ་བྲལ་བ་དང་དཀའ་ངལ་རང་སྟོབས་ཀྱིས་སེལ་བའི་ཐབས་ལམ་ཤིན་ཏུ་མཁས་པ་ཞིག་ཏུ་འདུག ཚན་རིག་མཁན་པོ་ཞིག་བྱེད་དགོས་ན་སློབ་གྲྭ་ཆེན་མོའི་སློབ་གསོ་ཅིས་ཀྱང་བསྟེན་དགོས་ཟེར་བ་སོགས་སུ་ཞིག་གིས་ཀྱང་ཁོང་ལ་མ་སྨྲས་པས་ཡིན་ནམ། གནས་ལུགས་ངོ་མ་དེ་ཁོང་གིས་ཁོང་དུ་ཆུད་པས་སམ། གང་ལྟར་རང་གདེང་དང་སྤོབས་པ་མཐའ་ཀླས་པ་ཞིག་བདོ་བས་དེ་ལྟའི་མཐོ་ཚད་ཅིག་ཏུ་བསྙེགས་སོང་སྙམ། གང་ལྟར་ཁོང་དང་ཁོང་ལྟ་བུའི་མདུན་ན་ནི་དཀའ་ཁག་ཟེར་བ་དེ་རང་བཞིན་གྱི་གླེང་མོལ་ཐེངས་ཤིག་གི་ཚོད་ལས་མེད་པར་སྣང་།
        འགན་འཁྲི་ལ་འབྱོལ་བར་བྱེད་པའི་མི་ཞིག་ལ་མཚོན་ན། དཀའ་ཁག་ནི་ཁག་དཀྲི་ས་ལེགས་ཤོས་དེ་རེད། མི་མང་པོ་ཞིག་གིས་རང་ལ་ཕམ་ཉེས་བྱུང་བའི་གཞི་རྩ་དེ་སློབ་གྲྭ་ཆེན་མོ་མ་འགྲིམས་པས་ལན་པར་སྨྲ་བ་ཁྱོད་ཀྱིས་ཐོས་མྱོང་ཡོད་སྲིད། དོན་དུ་དེ་གྲས་ཀྱིས་གལ་ཏེ་སློབ་ཆེན་གྱི་བསླབ་རིམ་ཡོངས་སུ་གསན་པ་ཡིན་ན་ད་དུང་དེ་ལས་གཞན་པའི་ཁག་དཀྲི་ཡུལ་ཞིག་ཅིས་ཀྱང་རྙེད་ཡོད་སྙམ།
        འོ་ན་དབུལ་ཕོངས་དེ་བྱ་གཞག་ལེགས་འགྲུབ་མི་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྲུབ་བམ་ཞེ་ན། ཨ་རིའི་སྲིད་སྤྱི་ཧོས་ཝེར་དེ་མགར་བ་ཞིག་གི་བུ་རུ་སྐྱེས་ཤིང་། ཕྱིས་སུ་དྭ་ཕྲུག་ཏུ་ལུས།IBMཡི་གཙོ་གཉེར་པ་སྐུ་ཞབས་ཐོ་མར་སི་ཡང་ལོ་ན་གཞོན་པའི་དུས་སུ་ཟིན་འགོད་པ་ཞིག་གི་ལས་སུ་ཞུགས་ཏེ་གཟའ་འཁོར་རེར་ཨ་སྒོར་གཉིས་རེ་ཙམ་གྱི་འཚོ་བ་སྐྱོ་པོ་བསྟེན་མྱོང་།
        བྱ་གཞག་ལེགས་འགྲུབ་ཆེན་པོ་བྱུང་མཁན་དེ་དག་ལ་མཚོན་ན་དཀའ་ཁག་དེ་བར་དུ་གཅོད་བྱེད་ལྡོག་མེད་ཅིག་ཏུ་མ་གྱུར་ཏེ། ཁོང་དག་ལས་དོན་ལ་རྩོལ་བ་ཆེན་པོ་བསྟེན་པ་ལས་རང་ཉིད་ཁོ་ནར་བྱམས་པ་ཐལ་དྲགས་པ་བསྟེན་པའི་ཁོམ་ལོང་མ་བྱུང་བ་འདྲའོ། །
        ལོ་རྒྱུས་སུ་མཚན་སྙན་འབར་བའི་མི་སྣ་མང་པོ་ཞིག་ལ་མཚོན་ན་ལུས་སྟེང་དུ་འགལ་རྐྱེན་དུ་གྱུར་པའི་ཆ་ཡོད་པ་མང་སྟེ། བྷེ་རོན་ལགས་ཀྱི་རྐང་མགོ་ཡ་མ་གཟུགས་སུ་ཡོད་ཅིང་། བྷེ་ཐྲོ་ཝིན་ལགས་ཕྱིས་སུ་སྙུན་གཞིའི་རྐྱེན་གྱིས་རྣ་དབང་ཉམས་པ་དང་། ན་ཕོ་ལོན་ལུས་བོང་ཆུང་བའི་ཚད་དུ་བྱེད་པ་དང་། མོ་ཟར་ཐུ་ལ་མཆིན་ནད་ཡོད་པ་དང་། ཧྥུ་རན་ཁི་ལེན་ལ་བྱིས་པའི་ཞ་ནད་ཀྱི་ནད་ཤན་ཆེ་བ་དང་། ཧེ་ལོན་ཁེ་ལུར་ལགས་ནི་ཆུང་ངུའི་དུས་ན་འོན་ལོང་གཉིས་ཆར་གྱུར་པ་སོགས་ཀྱིས་མཚོན་ནོ། །
        གོང་སྨྲས་མི་སྣ་དེ་དག་དང་དེ་འདྲ་མང་པོ་ཞིག་ལ་གཞན་ལས་ཁྱད་འཕགས་མ་ཡིན་པའི་ཆ་ཡོད་ནའང་ཉིན་བཞིན་མྱ་ངན་སྡུག་ཡུས་ཀྱི་ངང་དུ་བསྡད་པ་མེད་པར་དེ་ཚོ་ལ་གདོང་སྤྲོད་བྱེད་པའི་སྤོབས་པ་བདོག་ཅིང་། གནས་བབ་ཁས་འཆེ་བ་དང་། དེ་སེམས་ངོས་ནས་དང་ལེན་དང་། འགལ་རྐྱེན་དུ་གྱུར་པའི་དཀའ་བ་དག་ཁྱད་དུ་གསོད་པར་བྱེད་པ་སོགས་ཀྱི་ལས་ལ་གཅིག་ཏུ་བརྩོན་པའི་ཁྱད་ཆོས་ཤིག་ཡོད་དེ། དེ་ནི་སེམས་དང་བློ་ཁ་སྨིན་པའི་རང་རྟགས་ཡིན།
        《འཆི་བདག་སྒོ་དྲུང་གི་ཉེ་ཞོ་མེད་པའི་ཚེ་སྲོག་ཅིག》ཅེས་པའི་དཔེ་ཆ་དེའི་ཁྲོད་བྲིས་པའི་མི་སྣ་དེ་ནི་རྐྱེན་ངན་ཐེངས་ཤིག་དང་ཕྲད་པས་སྨན་པ་དག་གིས་བྱིས་པ་འདི་ཉིད་ཕལ་ཆེར་འཚོ་ཐུབ་པའི་རེ་བ་མེད་ཅེས་སྡོམ་ཚིག་བཞག་པ་ཡིན། འོན་ཀྱང་སྟབས་བདེ་མེད་ཅིང་ན་ཟུག་ཆེ་བ་དག་དང་འཐབ་མོ་བྱེད་བཞིན་མི་ལོ10ལེགས་པར་བསྐྱལ། མི་ལུས་ཕྱེད་པོ་ཙམ་ལ་བརྟེན་ནས་འབད་འབུངས་ལྷོད་མེད་བྱས་པས་ཁོང་གི་ལས་དོན་ལེགས་འགྲུབ་རྨད་དུ་བྱུང་བ་ཀུན་གྱིས་རྗེས་སུ་ཡིད་སྨོན་འཆོར་བའི་ཚད་དུ་སོན་ཅིང་། ཨ་སྒོར་ཁྲི་ཕྲག300ལ་ལོངས་པ་སོགས་ཀྱིས་སྙིང་རྗེའི་བྱ་གཞག་རླབས་པོ་ཆེ་སྤེལ་བ་སོགས་ཀྱིས“ཆོས་པ་གློ་ཡ་མ”ཞེས་པའི་མིང་དེ་ཁོང་ལ་མཚོན་ན་གཞན་གྱིས་ཚབ་བྱེད་མི་ནུས་པའི་མཚན་སྙན་ཞིག་ཏུ་ཆགས་ལ། དེ“སྤོབས་པ”ཞེས་པའི་མིང་ཚབ་ཏུ་གྱུར།
        རྡུལ་ཕྲན་དང་མྱུར་སྐྱོད་ཀྱི་དུས་རབས་འདིར་ན་ཚོད་དེ་སྔར་ལས་དོ་མཐོང་བྱ་ཡུལ་ཞིག་ཏུ་གྱུར་པས། ན་གཞོན་ཞེས་པའི་ཐ་སྙད་དེ་སུས་ཀྱང་ཉིན་བཞིན་ཁ་ལ་ཐོགས་པར་སྣང་། དེ་བས་ཁོ་བོའི་སློབ་མར་གྱུར་པའི་བུད་མེད་ལོ་ན74ཅན་ཞིག་གིས་རང་ཉིད་ན་ཚོད་ཡོལ་བས་ཅི་ཡང་མི་ནུས་ཤིང་། མི་གྲལ་ནས་ལྷུང་ལ་ཉེ་བར་བསམས་ཏེ་སྐྱོ་འཚེར་ཆེན་པོ་སྟེན་བཞིན་འདུག ང་ཚོས་སྐུལ་མ་དང་ཇུས་འདོན་སོགས་བློ་སྒོ་ཕྱེས་པར་བརྟེན་མོས་རང་གི་ཚེ་མཇུག་ལ་འཆར་གཞི་གསར་པ་ཇུས་འགོད་བྱས་ཤིང་ལག་ལེན་དུའང་དེ་བཞིན་བསྟར་བས་ལས་དོན་ལ་ལེགས་འགྲུབ་ཆེན་པོ་བྱུང་། མོ་རང་ལ་སློབ་ཁྲིད་ཀྱི་ཆུ་ཚད་མཐོན་པོ་དང་ཉམས་མྱོང་འབེལ་པོ་ཡོད་པ་དེ་བེད་སྤྱོད་དང་སྔོག་འདོན་ལེགས་པོ་བྱས་པས། ད་ལྟ་སྤྱི་ཚོགས་དང་ཁོར་ཡུག་ལ་ཕན་པ་བཟང་པོ་ཐོན། མོས་ཨ་རིའི་ས་ཆ་སོ་སོར་བསྐྱོད་ནས་བྱིས་པ་དག་ལ་འཆད་ཁྲིད་ཀྱི་ལེགས་སྐྱེས་འགྲེམ་བཞིན་ཡོད་ལ། དགའ་བསུ་ཐོབ་པའི་ཚད་དེ་མི་སྣ་མཚན་སྙན་ཆེ་བ་དག་དང་གཉིས་སུ་དབྱེ་རུ་མེད་པར་སྣང་བས། ཕྱིར་འདང་བྱས་ཚེ་མོ་རང་ལོ་ན་མཐོན་པོར་ཕྱིན་པ་དེའང་བྱ་གཞག་གི་འགལ་རྐྱེན་དུ་གྱུར་པ་ཞིག་མ་ཡིན་པར་མཐུན་རྐྱེན་ལེགས་པོ་ཞིག་ཏུ་གྱུར་པར་འདུག་གོ། །
        སྐུ་ཞབས་པེར་ནྱ་ཏུ་ཞོ་ལགས་ཡུས་བགྲང་བྱེད་པའི་མི་དག་ལ་ཤིན་ཏུ་མི་དགྱེས་ཏེ།“ཁོ་བོ་ཁོར་ཡུག་ལེགས་པོ་མེད་པས་བྱ་བ་ཅི་ཡང་མི་འགྲུབ་པར་འདུག་ཅེས་སྨྲ་བ་ལ་ཡིད་མི་ཆེས་ཏེ། གལ་ཏེ་ཁྱོད་ལ་འདོད་མོས་དང་མཐུན་པའི་ཁོར་ཡུག་ཅིག་མེད་ན་རང་གིས་ཁོར་ཡུག་གསར་པ་ཞིག་བསྐྲུན་ན་ཅིའི་ཕྱིར་མི་ཆོག”ཅེས་སྨྲས།
        གལ་ཏེ་མི་རྣམས་ཀྱིས་རྟག་ཏུ་རང་གི་གནས་བབ་མི་ལེགས་པར་འདོད་བཞིན་ཡོད་ཕྱིན། དེས་ནི་རང་གི་མི་ལེགས་པའི་ཆ་ཐམས་ཅད“རྒྱུ་མ་ཚང་བའམ”རྒྱུ་རྐྱེན་གཞན་དག་གིས་ཉེས་པར་སྨྲ་ལ་ཐེ་ཚོམ་ཅི་ཡང་མེད། གལ་ཏེ་ཁྱོད་ཀྱིས་མཐའ་གཅིག་ཏུ་དེ་ལྟར་འདོད་ཕྱིན། རྐང་པ་ཡ་གཅིག་མེད་པའམ། གཞན་ལས་འབྱོར་བ་ཞན་པ་སོགས་སྨྲ་མ་དགོས་ཏེ། རང་ཉིད་ཅུང་ཟད་ཤ་རྒྱགས་པའམ། རྗིད་པའམ། མཛེས་པའམ། མི་སྡུག་པའམ། སྐྲ་ལོ་སེར་པོ་ཡིན་པའམ། སྐྲ་ལོ་ནག་པོ་ཡིན་པའམ། ཕོད་པ་ཆེ་བའམ། ངོ་གནོང་ཆེ་བ་སོགས་གང་ཡིན་པ་སྟེ་མདོར་ན་གཞན་དང་ཅུང་ཟད་མི་མཚུངས་པའི་ཆ་ཡོད་ཚད་རང་ཉིད་ཀྱི་ཞན་ཆར་འཛིན་པར་ཐེ་ཚོམ་མེད་དོ། །
            བློ་གྲོས་མ་སྨིན་པའི་མི་དེས་གཞན་དང་མི་འདྲ་བའི་རང་ངོས་ཀྱི་ཆ་དེ་ཞན་ཆ་དང་བར་ཆད་སོགས་སུ་རྣམ་པར་བརྟགས་ནས་མི་རང་ཉིད་ལ་དེར་བསྟུན་གྱི་ཐོབ་ཐང་ཁྱད་པར་བ་ཞིག་སུ་ཞིག་གིས་གནང་བར་རེ་ལྟོས་འཆའ་ལ། བློ་གྲོས་སྨིན་པ་དག་ནི་དེ་ལས་ལྡོག་སྟེ། དེས་དང་པོ་རང་ཉིད་ཀྱི་གཞན་དང་མི་མཚུངས་པའི་ཆ་དེར་ངོས་འཛིན་ལེགས་པར་བྱེད་ཅིང་། དེ་ནས་དེ་དང་ལེན་དང་ཡང་ན་སྤང་བར་བྱ་བའི་གང་ཡིན་ཤན་འབྱེད་ལེགས་པར་བྱེད་དོ། །
            འཛམ་གླིང་གི་ཧུར་སྐྱེད་བསྟན་བཅོས་གྲགས་ཅན་བོད་འགྱུར་དཔེ་ཚོགས《མི་གཤིས་ཀྱི་གཉོམ་སོ》ལས་བཏུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1