རག་ཚ་ཐུབ་ཀོ་དང་གཡུ་འབྲུག་མཛེས་རྩལ་སློབ་གྲྭ།

སྒྲོལ་མ་ཚེ་བརྟན་དང་བསྟན་འཛིན་ཉི་མ། ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-19


གཡུ་འབྲུག་མཛེས་རྩལ་སློབ་གྲྭ།
        སྤྱི་ཟླ་8པའི་ཚེས་17ཉིན་གྱི་ཕྱི་དྲོར།  ངེད་གསར་འགོད་ཚོ་ཆུང་གཡུ་འབྲུག་མཛེས་རྩལ་སློབ་གྲྭ་རུ་བཅར་འདྲིར་ཕྱིན།  རྔ་བ་རྫོང་མཁར་ནས་ཀྱག་ཀྱོག་གི་སྲང་ལམ་བརྒྱུད་དེ་སློབ་གྲྭའི་སྒོ་འགྲམ་དུ་སླེབས་སོང་ལ།  ཅུང་རྙིང་ཧྲུལ་ཡིན་པའི་སྒོ་ཆེན་ཞིང་གི་གཡས་ཕྱོགས་སུ་ཐུབ་ཀོའི་ཐང་ག་ཁྲིད་སྦྱོང་རྟེན་གཞི་དང་།  གཡོན་དུ་ཐུབ་ཀོའི་མི་རིགས་རིག་གནས་རྒྱུད་འཛིན་ཚད་ཡོད་ཀུང་སི་ཞེས་བྲིས་འདུག་ལ།  སྒོ་ཆེན་གྱི་ཀླད་ནས་གཞུ་དབྱིབས་ལྟར་གཡུ་འབྲུག་མཛེས་རྩལ་སློབ་གྲྭ་ཞེས་པའི་ཡི་གེ་ཆེན་པོ་འགའ་བྲིས་འདུག །ར་བ་དོག་པོ་དེ་ལྗོན་ཤིང་དང་མེ་ཏོག །མཛེས་རྩལ་སོགས་ཀྱིས་རྒྱན་ཞིང་།  བསིལ་གྲིབ་ཀྱི་འོག་ནས་གཡས་གཡོན་གྱི་གྱང་ལྡེབས་ངོས་སུ་བྲིས་པའི་རི་མོ་དང་ཡིག་གཟུགས་སོགས་ཀྱིས་མིག་དབང་དང་ཡིད་དབང་ཅིག་ཅར་དུ་འཕྲོག་སོང་།  ར་བའི་ནང་སླེབས་མ་ཐག་ཞལ་ངོ་ལ་འཛུལ་འཁྱིལ་བའི་གྲྭ་བཙུན་ཞིག་ང་ཚོའི་མདུན་དུ་བཅར་ནས་སྣེ་ལེན་བྱས་བྱུང་ལ།  ཁོང་གིས་ང་ཚོ་ཐོག་བརྩེགས་དང་པོའི་གཡོན་ལོགས་སུ་ཁྲིད་ནས་སློབ་གྲྭ་དང་འབྲེལ་ཡོད་ཀྱི་གནས་ཚུལ་ངོ་སྤྲོད་གནང་ཞོར།  ཁོང་རྣམ་པའི་དགེ་རྒན་དང་རྒྱུད་འཛིན་སློབ་བུ་རྣམས་ཀྱིས་འབྲི་བཞེངས་བྱས་པའི་བརྩམས་ཆོས་དག་ངོ་སྤྲོད་གནང་བྱུང་།
        རྒྱུས་ལོན་བྱུང་བ་ལྟར་ན།  ཐུབ་ཀོའི་ཐང་ག་ཁྲིད་སྦྱོང་རྟེན་གཞི་ནི་ལྷ་རིས་པ་ཆེན་མོ་རག་ཚ་ཐུབ་ཀོས་སྤྱི་ལོ་1998ལོར་རང་གི་ཁྱིམ་དུ་བཙུགས་ཤིང་།  ཁོང་གིས་སློབ་མ་རྣམས་ལ་རིན་མེད་སྒོས་སློབ་ཁྲིད་བྱེད་པར་མ་ཟད།  ད་དུང་ཟས་གོས་དང་ཉལ་ས་སོགས་ཀྱི་ཆ་རྐྱེན་བསྐྲུན་ཡོད།  ཁོང་གིས་གསོ་སྐྱོང་བྱ་ཡུལ་གཙོ་བོ་ནི་ཕ་མ་མེད་པའི་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་སློབ་བུ།  གཞན་ཡང་ཁྱིམ་ཚང་དབུལ་ཕོངས་ཀྱི་ན་གཞོན་དག་ཡིན་ལ།  སློབ་གྲྭ་བཙུགས་ནས་ད་བར་སློབ་མ་3000ལྷག་གསོ་སྐྱོང་གནང་ཡོད་པ་དང་།  དེ་དག་ལས་སློབ་མ་200ལྷག་ནི་ཀན་སུའུ་དང་མཚོ་སྔོན།  སི་ཁྲོན་སོགས་ཀྱི་ཐང་གའི་དགེ་རྒན་ཆེན་མོ་རུ་གྱུར་ཡོད།

རི་མོ་སྦྱོང་བཞིན་པ།

        2013ལོའི་ལོ་མཇུག་ཏུ་ཁོང་གིས་རྔ་བ་རྫོང་རིག་གནས་ཅུས་ལ་ཡར་ཞུ་བྱས་ནས།  སློབ་གྲྭ་འདི་ཉིད་སྔར་ལས་ཚད་དང་ལྡན་པ་ཞིག་ཡོང་བར་འབད་ཅིང་།  འབྲེལ་ཡོད་འགོ་ཁྲིད་དག་ཆེད་དུ་སློབ་གྲྭ་རུ་ཕེབས་ནས་ལྟ་ཞིབ་བྱས་རྗེས།  2014ལོར་སློབ་གྲྭ་འདི་ཉིད་མུ་མཐུད་དུ་བཙུགས་པའི་ཆོག་མཆན་གནང་བ་དང་།  2015ལོར་རྔ་བ་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་གསར་འགྱུར་ཅུས་ཀྱིས་རྔ་བ་རྫོང་མངོན་མིན་ཤུལ་བཞག་རིག་གནས་ཐོན་རྫས་ལས་ཐུབ་ཀོའི་ཐང་ག་ཁྲིད་སྦྱོང་རྟེན་གཞི་ཞེས་པའི་མཚན་བྱང་བསྩལ།  སློབ་གྲྭ་དེ་ཉིད་ཀྱི་སློབ་ཡུན་ལོ་དྲུག་ཡིན་ཞིང་ལོ་རིམ་གསུམ་པའི་མན་ཆོད་ལ་དམའ་རིམ་དང་ལོ་རིམ་གསུམ་པའི་ཡན་ཆོད་ལ་མཐོ་རིམ་ཟེར་ཞིང་།  ལོ་རིམ་དང་པོ་ནས་རི་མོའི་རྨང་གཞི་སྐྱ་བྲིས་འབྲི་འགོ་བརྩམས་ཤིང་།  མཐར་ལོ་རིམ་དྲུག་པ་ལ་སླེབས་དུས་གཞི་ནས་ཐང་ག་འབྲི་བའི་གོ་རིམ་ཡོངས་རྫོགས་བསླབས་ཟིན། གཞན་ཡང་སློབ་མ་རྣམས་ཀྱི་དགའ་མོས་ལྟར་ཡིག་གཟུགས་དང་རྫ་བཟོ་སོགས་ཀྱི་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད།

        ལྷ་རིས་པ་ཆེན་མོ་རག་ཚ་ཐུབ་ཀོས་ངོ་སྤྲོད་བྱས་པ་ལྟར་ན།  ཁོང་གི་བྲིས་རྒྱུན་ནི་གོས་པཎྚི་ཏ་ཀུན་དགའ་ཆོས་དབྱིངས་རྒྱ་མཚོའམ་བློ་བཟང་ཤེས་རབ་མཆོག་གི་བྲིས་རྒྱུན་ཡིན་ཞིང་།  པཎྚི་ཏ་གོང་ཉིད་སྤྱི་ལོ་1768ལོར་སི་ཁྲོན་རྔ་བ་རྫོང་ཁོངས་སུ་འཁྲུངས་པ་དང་།  སྐུ་ན་ཕྲ་བའི་དུས་ནས་མདོ་སྔགས་རིག་གནས་དང་བཅས་པར་དཔྱིས་ཕྱིན་པ་བསླབས་པར་མ་ཟད།  མདོ་ཁམས་སྡེ་དགེ་དང་དབུས་ལྷ་ལྡན་གྲོང་།  རེབ་གོང་རིག་པའི་འབྱུང་གནས།  གཞན་ཡང་བལ་ཡུལ་སོགས་སུ་ཕེབས་ནས་བོད་ཀྱི་སྲོལ་རྒྱུན་རི་མོའི་ལུགས་ལས་བྱེའུ་སྒང་ལུགས་དང་སྒར་བྲིས།  སྨན་གསར།  མཁྱེན་ལུགས་སོགས་ལ་སྦྱོང་བ་གནང་།  དེ་ནས་ཁོང་གིས་ཐུན་མིན་ཁྱད་ཆོས་ལྡན་པའི་རི་མོའི་ལུགས་སམ་བྲིས་རྒྱུན་ཏེ་གོས་བྲིས་ཞེས་པ་གསར་གཏོད་གནང་།  གོས་བྲིས་ལ་ཁྱད་ཆོས་ཆེན་མོ་གསུམ་ཡོད་དེ།  དང་པོ་ནི་བོད་ཀྱི་སྲོལ་རྒྱུན་འབྲི་སྲོལ་རྣམས་ལ་ནང་བྱན་ཆུད་དེ་མན་ངག་ཀུན་གྱི་ཉིང་བཅུད་གཅིག་ཏུ་བསྡུས་ཡོད་པ་དང་།  གཉིས་པ་ནི་ཚོན་སྡེབ་སྦྱོར་གྱི་ཐད་ཡིན་ཞིང་།  ཁོང་གིས་རང་ཡུལ་གྱི་བྲག་རི་ལས་རྡོ་ཚོན་དང་རྩྭ་རྩི་ཤིང་འབྲུ་རིགས་སོགས་ལས་ཚོན་རྫས་བསྒྱུར་ཏེ་ཐང་ག་བྲིས་པས།  དུས་ཡུན་ཅི་ཙམ་འགོར་ཡང་ཚོན་མདོག་འགྱུར་མི་སྲིད།  ཁྱད་ཆོས་གསུམ་པ་ནི་ཁོང་གིས་བློ་དང་རིག་པའི་ཐབས་ལ་བརྟེན་ནས་སྟོན་པའི་སྐྱེད་རབས་དགུ་ཐང་ཞེས་པ་གསར་བསྒྲིགས་མཛད་དོ། །

གོས་པཎྚི་ཏའི་ཕྱག་བྲིས་འཁྲུལ་མེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1